མཐོ་འབྲིང་ལོ་རྒྱུས་བསླབ་གཞི་ལས་བཅོས་སྒྱུར་སྐོར་ལ་ ངོས་འཛིན་ཚུལ་རགས་ཙམ་གླེང་བ།

རྣམ་མཁྱེན། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


[གནད་བཏུས] མིའི་རིགས་ཀྱི་སྤྱི་ཚོགས་སུ་ལོ་རྒྱུས་ཀྱི་དུས་རིམ་དང་རྒྱབ་ལྗོངས། སྤྱི་ཚོགས་གནད་དོན་མི་འདྲ་བའི་གནས་བབ་ལ་དམིགས་ཏེ། གནའ་དེང་ལོ་རྒྱུས་སུ་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་སྲིད་དབང་ཆེ་མ་ཆུང་གསུམ་གྱིས་སྲིད་དོན་ཐག་གཅོད་དང་རྒྱལ་ཕྱུག་དམག་ཧྲག་ཏུ་གཏོང་བའི་བཅོས་སྒྱུར་སྣ་ཚོགས་དབྱར་མཚོ་བཞིན་བརྡོལ་བྱུང་། དེ་དག་གི་མགོ་མཇུག་བར་གསུམ་ལ་སྤྱིའི་ཆ་ནས་གོ་བ་ལེན་སྟངས་དང་ངོས་འཛིན་བྱ་ཚུལ་མདོར་བསྡུས་ཀྱིས་བརྗོད་ཡོད། 

[གནད་ཚིག] བཅོས་སྒྱུར། དམིགས་ཡུལ། རིགས། ནང་དོན། མཐའ་འབྲས། བྱེད་ནུས། 

འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་། ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་དུས་ཀྱི་བར་སྟོང་དང་འཚོ་སྡོད་ཀྱི་ཁོར་ཡུག འཚོ་བའི་གནས་བབ་སོགས་མི་འདྲ་བས་མི་རིགས་དང་ས་ཁུལ། རྒྱལ་ཁབ་རེ་རེའི་ལོ་རྒྱུས་ཀྱི་འཕེལ་འགྲོས་ཆ་མི་མཉམ་པ་ཡིན། མིའི་རིགས་བྱུང་སྟེ་འདུས་སྡོད་ཀྱི་འཚོ་བ་རོལ་ཞིང་ཚོ་ཁག་མི་འདྲ་བར་གྱེས། དེ་ནས་སྲིད་དབང་གི་སྒྲིག་གཞི་སྣ་ཚོགས་བཙུགས་ནས་རྒྱལ་ཁབ་བྱུང་། དེ་དག་ཚད་རིམ་མི་འདྲ་བའི་སྒོ་ནས་ཤེས་རིག་དར་བའི་སྤྱི་ཚོགས་སུ་བར་བརྒལ་བྱས་པ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་འཛམ་གླིང་རྒྱལ་ཁབ་སོ་སོས་ཕྱི་ནང་གཉིས་ཀྱི་མཐུན་རྐྱེན་སྣ་ཚོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཏུ་བསྐྱོད་ཆེད། ཚད་དང་རིགས། རྣམ་པ་སོགས་མི་འདྲ་བའི་བཅོས་སྒྱུར་རབས་དང་རིམ་པ་བྱས་ཏེ། སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་དང་སྲིད་དབང་སྲ་བརྟན་ཡོང་བར་ལེགས་ཉེས་ཀྱི་བྱེད་ནུས་འདྲ་མིན་སྣ་ཚོགས་ཐོན་ཡོད། ཡིན་ནའང་དེ་དག་ཚང་མར་སྤྱིའི་ཆ་ནས་ངོས་འཛིན་ཚུལ་རགས་ཙམ་གླེང་བར་བྱ། 

གཅིག བཅོས་སྒྱུར་ལ་སྤྱིའི་གོ་བ་ལེན་སྟངས། 

གནའ་དེང་རྒྱལ་རབས་རིམ་བྱུང་སྐབས་ཀྱི་བཅོས་སྒྱུར་སྣ་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སུ་བྱུང་བའི་གསར་བརྗེ་དང་མི་འདྲ་བར་རྒྱལ་ཁབ་དང་སྲིད་གཞུང་གི་གཅིག་གྱུར་སྣེ་ཁྲིད་ལ་བརྟེན་ནས། རྩ་འཛུགས་དང་གོ་རིམ་ལྡན་པའི་ངང་གོང་ནས་འོག་བར་ཞི་བའི་ཐབས་ཀྱིས་གཏན་འཇགས་ཀྱི་ཁོར་ཡུག་ཅིག་ནས་སྤེལ་བ་ཡིན། དེ་དག་གི་རྩ་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ལམ་ལུགས་ལ་མི་གནོད་པའི་ཆ་རྐྱེན་འོག རྒྱལ་རབས་སོ་སོས་དབང་སྒྱུར་སྲུང་སྐྱོང་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ཕྱིར། ཕྱོགས་ཙམ་དང་ཡང་ན་ཕྱོགས་ཡོངས་ནས་བཅོས་སྒྱུར་བྱེད་པ་ཡིན། དཔེར་ན་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་དམག་དོན། ཆོས་ལུགས་སོགས་སྤྱི་ཚོགས་ལམ་ལུགས་སྣ་ཚོགས་ལ་བསྒྱུར་བཀོད་བྱེད་པ་ཡིན། དེ་བས་རྒྱལ་ཁབ་ཕྱི་ནང་གང་ཞིག་གི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ན། བཅོས་སྒྱུར་ནི་ཆེས་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ལས་རིམ་ཞིག་རེད། དུས་རབས་དང་སྤྱི་ཚོགས་གནས་བབ་མི་འདྲ་བའི་སྐབས་ཀྱི་བཅོས་སྒྱུར་ཡོད་ཚད་ཀྱིས་ཚད་དང་རིམ་པ་མི་འདྲ་བའི་སྒོ་ནས་མི་སྒེར་དང་ཚོགས་པ། རྩ་འཛུགས་གང་རུང་གི་ཁེ་ཕན་ལ་གནོད་པ་ཐེབས་སྲིད་པས། དེ་དག་གིས་རང་གི་ཁེ་དབང་སྲུང་ཕྱིར་བྱེད་ཐབས་སྣ་ཚོགས་ཀྱིས་གཏོར་བརླག་དང་བཀག་འགོག་དང་། ཡང་ན་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་སོ་སོའི་ལོ་རྒྱུས་སུ་རྙིང་ཞེན་པ་དང་ངན་རེངས་པ། ངོ་རྒོལ་ཕྱོགས་ཁག་བཅས་བྱུང་། ཡང་ཟུར་ངོས་གཞན་ཞིག་ནས་དེ་ལས་ལྡོག་སྟེ། མི་སྒེར་དང་ཚོགས་པ། རྩ་འཛུགས་གང་རུང་གི་འདོད་བློ་དང་ཁེ་དབང་བརྩོན་ལེན་གྱི་དགོས་མཁོ་དང་འཚམ་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན། མཐར་གཏུགས་ན་གནའ་དེང་ཀྲུང་ཕྱིའི་ལོ་རྒྱུས་སུ་བྱུང་བའི་བཅོས་སྒྱུར་ཡོད་ཚད་ནི་ཁེ་ཕན་མཚོན་པ་མི་འདྲ་བའི་ཕྱོགས་ཁག་གཉིས་བར་གྱི་འགྲན་རྩོད་ཅིག་ཡིན། དེ་བས་མཐའ་འབྲས་ཀྱི་ཆ་ནས་རྒྱལ་ཕམ་རིགས་གཉིས་ཡོད། དེས་སྤྱི་ཚོགས་དང་རྒྱལ་ཁབ་ཧྲིལ་བོར་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་པ་ནི་ལོ་རྒྱུས་ཀྱི་སྡོམ་ཚིག་དང་ཐུན་མོང་གི་ཆོས་ཉིད་ཅིག་ལས་མ་འདས། 

གཉིས། བཅོས་སྒྱུར་གྱི་དམིགས་ཡུལ་ངོས་འཛིན་ཚུལ། 

འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་དེའི་ལོ་རྒྱུས་ནི་དམུ་རྒོད་ཀྱི་དུས་རབས་ནས་ཤེས་རིག་དར་བའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་ཞིག་ཡིན། དེ་བས་ད་ལྟ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན། ཕྱི་འབྲེལ་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་གི་དབུ་རྩེར་འགྲེངས་པའི་སྟོབས་ལྡན་རྒྱལ་ཁབ་གང་ཞིག་ཡིན་རུང་མུན་ནག་དང་དཀའ་སྡུག འཚོལ་ཞིབ་དང་འཕེལ་རྒྱས་ཀྱི་དུས་རབས་རེ་རེ་བརྒྱུད་འོངས་པ་ནི་ལོ་རྒྱུས་ཀྱི་སྤྱི་འགྲོས་ཤིག་ཏུ་ཆགས་འདུག མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་བལྟས་ན། གནའ་རབས་བྲན་གཡོག་སྤྱི་ཚོགས་སུ་གྲལ་རིམ་བར་གྱི་བཤུ་གཞོག་དང་གཉའ་གནོན་ཡ་ང་ཞིང་། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སྒེར་གཅོད་དབང་སྒྱུར་འཇིགས་སུ་རུང་ལ་གདུག་རྩུབ་ཆེ་བ། མ་རྩ་རིང་ལུགས་སྤྱི་ཚོགས་སུ་དབུལ་ཕྱུག་གི་ཧེ་བག་དང་གྲལ་རིམ་འགལ་བ་ཛ་དྲག་ཆེ་ལ། སྤྱི་ཚོགས་རིང་ལུགས་འཚོལ་ཞིབ་དང་འཛུགས་སྐྲུན་གྱི་བགྲོད་ལམ་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བ་སོགས་སྨྲ་མི་དགོས། དེ་ལྟར་འགལ་བ་དང་གནད་དོན་སྣ་ཚོགས་རྐྱ་འཐབ་པའི་སྤྱི་ཚོགས་སུ་གྲལ་རིམ་བར་གྱི་འགལ་བ་ཆེར་གྱུར་ཏེ། སྤྱི་ཚོགས་དང་རྒྱལ་ཁོངས་ཧྲིལ་པོར་ཟིང་ཆ་འབྱུང་བ་ནི་ལྡོག་ཐབས་མེད་པ་ཞིག་ཏུ་གྱུར། དེས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ཕྱི་ནང་གཉིས་ཀྱི་སྲིད་དབང་ཆེ་མ་ཆུང་གསུམ་ལ་ཆགས་འཇིག་དང་དར་རྒུད་ཀྱི་ཉེན་ཁ་གང་མང་བསླངས་བྱུང་། དེ་བས་རྒྱལ་ཁབ་སོ་སོའི་དབང་སྒྱུར་པས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་སླད་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱིས་བཅོས་སྒྱུར་རེ་མི་བྱ་ཐབས་མེད་བྱུང་། སྤྱིར་བཅོས་སྒྱུར་རེ་རེའི་རྒྱབ་ལྗོངས་དང་སྤྱི་ཚོགས་གནད་དོན། ལོ་རྒྱུས་དུས་སྐབས་སོགས་མི་འདྲ་བས་སོ་སོར་དམིགས་ཡུལ་དང་ནང་དོན་བྱེ་བྲག་པ་རེ་ཡོད་པ་གདོན་མི་ཟ། ཡིན་ཡང་རྒྱལ་ཁབ་ཕྱི་ནང་གི་བཅོས་སྒྱུར་སོ་སོ་གཞི་གཅིག་ཏུ་དྲིལ་ནས་ངོས་བཟུང་ན། སྤྱིའི་ཆ་ནས་རྒྱལ་རབས་རིམ་བྱུང་གི་དབང་སྒྱུར་པས་མིག་སྔའི་སྤྱི་ཚོགས་ཀྱི་གནད་དོན་ཐག་བཅད་དེ། དབང་སྒྱུར་སྲ་བརྟན་དང་སྤྱི་ཚོགས་བདེ་འཇགས། རྒྱལ་ཕྱུག་དམག་ཧྲག་ཏུ་བཏང་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ཐུན་མོང་གི་དམིགས་ཡུལ་འབའ་ཞིག་ཏུ་གྱུར་ཡོད། དེ་བས་གནའ་དེང་ལོ་རྒྱུས་སུ་རྒྱལ་ཁབ་ཕྱི་ནང་གི་དབང་སྒྱུར་པ་སོ་སོས་ཚད་དང་རིམ་པ། ཐབས་ལམ། ཁྱབ་ཁོངས་སོགས་མི་འདྲ་བའི་སྒོ་ནས་བཅོས་སྒྱུར་མང་པོ་བར་མེད་དུ་སྤེལ་བྱུང་། 

གསུམ། བཅོས་སྒྱུར་གྱི་རིགས་ངོས་འཛིན་ཚུལ། 

དུས་དང་ལོ་རྒྱུས། རྒྱལ་བབ་མི་མཚུངས་པས་གནའ་དེང་ཀྲུང་ཕྱིའི་རྒྱལ་ཁབ་སོ་སོའི་བཅོས་སྒྱུར་གྱི་རིགས་དང་ངོ་བོ། ཚད་རིམ་དང་ནང་དོན་སོགས་མི་མཚུངས་པ་སྨོས་མ་དགོས། དེ་ཡང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ངོ་བོའི་ཆ་ནས་བལྟས་ན། བྲན་གཡོག་སྤྱི་ཚོགས་ཀྱི་བཅོས་སྒྱུར་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་བཅོས་སྒྱུར། མ་རྩ་རིང་ལུགས་ཀྱི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་བཅོས་སྒྱུར་བཅས་སུ་ཕྱེ་བ་ཡིན། བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་བཅོས་སྒྱུར་ནི་བྲན་བདག་སྐུ་དྲག་གིས་རྒྱལ་ཕྱུག་དམག་ཧྲག་དང་ཆབ་སྲིད་ཀྱི་དགོས་དབང་གིས་བྱེད་སྒོ་དེ་རིགས་སྤེལ་བ་ཡིན། དཔེར་ན་ཀྲོའུ་ཝུན་ཝང་གི་བཅོས་སྒྱུར་དང་ཀོན་ཀྲུང་བཅོས་སྒྱུར། པོ་ལི་ཁི་ལིའི་བཅོས་སྒྱུར་ལྟ་བུ། བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་བཅོས་སྒྱུར་ལ་ཧྲང་དབྱང་ལུགས་སྒྱུར། ཞའོ་ཝུན་ཏིའི་བཅོས་སྒྱུར། ཆིན་ལི་ཁྲི་ལོའི་སྲིད་གསར་དང་ཝང་ཨན་ཧྲིའི་ལུགས་སྒྱུར། ཕྱི་ལུགས་གཉེར་བའི་ལས་འགུལ་སོགས་ཡོད། མ་རྩ་རིང་ལུགས་ཀྱི་ལམ་ལུགས་བཙུགས་པར1861ལོའི་བཅོས་སྒྱུར་དང་། ལྗར་པན་གྱི་མིང་ཀྲི་ཁྲི་ལོའི་གསར་བཅོས། ཀྲུང་གོའི་ས་ཁྱི་ལོའི་ལུགས་སྒྱུར་ལྟ་བུ། འབྱོར་ལྡན་གྲལ་རིམ་གྱི་སྲིད་དབང་སྲ་བརྟན་དུ་བཏང་བའི་བཅོས་སྒྱུར་ལ་ཨ་རིའི་རོ་སེ་ཝེལ་གྱི་སྲིད་གསར་ལྟ་བུ། གཞན་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་སྒྱུར་ལ་སུའུ་ལེན་དང་ཡོབ་གླིང་ཤར་མའི་རྒྱལ་ཁབ་ཀྱི་བཅོས་སྒྱུར་དང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་སོགས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་བཅོས་སྒྱུར་རིགས་གང་ཡིན་རུང་མཐར་གཏུགས་ན་སྤྱི་ཚོགས་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། དེ་ལ་བརྟེན་ནས་སྤྱི་ཚོགས་བདེ་འཇགས་དང་དབང་སྒྱུར་སྲ་བརྟན་དུ་གཏོང་བ་ནི་སྤྱི་འགྲོས་རང་བཞིན་གྱི་གོ་བ་ལེན་སྟངས་ཤིག་ཡིན་ལ། དེ་ནི་ཚང་མའི་ཐུན་མོང་རང་བཞིན་ཡང་ཡིན། 

བཞི། བཅོས་སྒྱུར་གྱི་ནང་དོན་ངོས་འཛིན་ཚུལ། 

སྤྱིར་བཅོས་སྒྱུར་ནི་རྒྱལ་ཁབ་ཕྱི་ནང་གང་ཞིག་ལ་མཚོན་ན་དབང་སྒྱུར་སྲིད་གཞུང་གིས་མིག་སྔའི་གནད་དོན་ཐག་གཅོད་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་དང་རྒྱལ་སྲིད་ཇེ་བརྟན་དུ་གཏོང་བའི་ཐབས་ལམ་ཉག་གཅིག་ཡིན། དུས་སྐབས་མི་འདྲ་བའི་ཕྱི་ནང་གཉིས་ཀྱི་བཅོས་སྒྱུར་ནི་ལོ་རྒྱུས་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་བབ་མི་འདྲ་བའི་གནད་དོན་ལ་དམིགས་ཏེ་སྤེལ་བ་ཤ་སྟག་ཡིན། དེས་ན་བྱེ་བྲག་ཏུ་སོ་སོའི་དམིགས་ཡུལ་དང་རིགས་མི་མཚུངས་པ་བཞིན་སོ་སོའི་ལོ་རྒྱུས་ཀྱི་འགན་འཁྲི་ཡང་མི་འདྲ་བ་ཡིན། དེ་བས་གནའ་དེང་འཛམ་གླིང་ལོ་རྒྱུས་སུ་བྱུང་བའི་རྒྱལ་ཁབ་ཕྱི་ནང་གི་བཅོས་སྒྱུར་སོ་སོའི་རིགས་དང་ནང་དོན་ཡང་མི་མཚུངས་ཏེ། རེ་འགའ་ནི་རྒྱལ་ཁབ་ཀྱི་སྲིད་དོན་ལམ་ལུགས་ཁོ་ན་བཅོས་པའི་ཕྱོགས་ཙམ་གྱི་བཅོས་སྒྱུར(ཆིན་ལི་ཁྲི་ལོའི་སྲིད་གསར)དང་། རེ་འགའ་ནི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་དམག་དོན་སོགས་ཀྱི་སྐོར་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་བཅོས་སྒྱུར།(ཝང་ཨན་ཧྲིའི་ལུགས་སྒྱུར་དང་མིང་ཀྲི་ཁྲི་ལོའི་གསར་བཅོས)ད་དུང་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྔོན་ཐོན་རིག་གནས་ནང་འདྲེན་དང་སློབ་སྦྱོང་བྱས་ཏེ་ཕྱུག་འགྱུར་དང་སྟོབས་ལྡན་གྱི་ལམ་དུ་བསྐྱོད་པའི་བཅོས་སྒྱུར(གོང་མ་ཞའོ་ཝུན་ཏིའི་བཅོས་སྒྱུར་དང་ཕྱི་ལུགས་གཉེར་བའི་ལས་འགུལ)བཅས་ཡོད། གཞན་ཆོས་ལུགས་བཅོས་སྒྱུར(མར་ཐིན་ལུའུ་རྡེར་གྱི་ཆོས་ལུགས་བཅོས་སྒྱུར་དང་ཁལ་ཝིན་ཆོས་ལུགས་བཅོས་སྒྱུར་ལྟ་བུ)སོགས་ཡོད། དེ་ལྟར་བཅོས་སྒྱུར་སོ་སོའི་ནང་དོན་གྱི་ཁྱབ་ཁོངས་དང་། དེ་དང་འབྲེལ་ནས་ཐག་གཅོད་པའི་གནད་དོན་མི་འདྲ་བས་དུས་སྐབས་རེ་རེའི་སྤྱི་ཚོགས་བསྒྱུར་བཀོད་ཀྱི་ནུས་པ་ཡང་མི་འདྲ་བ་ཡིན། བཅོས་སྒྱུར་གྱི་ནང་དོན་དང་འབྲེལ་བའི་ཟུར་ངོས་སོ་སོ་ནས་བརྟག་ན། དུས་སྐབས་རེ་རེའི་སྤྱི་ཚོགས་ཀྱི་གནད་དོན་ཆེ་མ་ཆུང་གསུམ་གསལ་རྟོགས་བྱ་ཐུབ། རྒྱལ་ཁབ་ཕྱི་ནང་གི་བཅོས་སྒྱུར་སོ་སོའི་ནང་དོན་ནི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་ཐད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། 

ལྔ། བཅོས་སྒྱུར་གྱི་མཐའ་འབྲས་དང་བྱེད་ནུས་ངོས་འཛིན་ཚུལ། 

ཀྲུང་ཕྱིའི་གནའ་དེང་ལོ་རྒྱུས་སུ་བྱུང་བའི་བཅོས་སྒྱུར་རིགས་གང་ཡིན་ཡང་རྒྱལ་ཕམ་གྱི་མཐའ་འབྲས་རིགས་གཉིས་མ་གཏོགས་མེད། མཇུག་འབྲས་དེ་འདྲའི་བྱུང་སྟངས་ལ་དཔག་ན། དེ་ནི་རྒྱལ་རབས་གང་ཞིག་གི་དབང་སྒྱུར་སྟོབས་ཤུགས་ཆེ་ཞིང་། བཅོས་སྒྱུར་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་པ། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་སྒྱུར་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང་། མི་སྣ་བཀོལ་སྤྱོད་དང་ཐབས་ཇུས་སོགས་འོས་འཚམ་ཡིན་ཚེ་བཅོས་སྒྱུར་རིགས་གང་ཡིན་ཡང་ལེགས་འགྲུབ་འབྱུང་ལ་དེ་ལས་ལྡོག་ཚེ་ཕམ་ཉེས་འབྱུང་བ་ཡིན། རྒྱལ་ཕམ་གང་རུང་གི་བཅོས་སྒྱུར་ཞིག་ཡིན་ཡང་དེས་ལོ་རྒྱུས་ལ་ཤུགས་རྐྱེན་མི་འདྲ་བ་ཐེབས་པ་སྨོས་མ་དགོས། གལ་ཏེ་ལེགས་འགྲུབ་བྱུང་བ་ཞིག་ཡིན་ཚེ་དེས་ཐོག་མའི་དམིགས་ཡུལ་དེ་མངོན་འགྱུར་བྱུང་སྟེ། མིག་སྔའི་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་དང་། སྤྱི་ཚོགས་འཕེལ་རྒྱས་དང་སྲིད་བབ་ཇེ་ལེགས་ཡོང་བར་ཕན་པའི་བྱེད་ཐབས་མང་པོ་གཏན་ལ་འབེབས་པ་ཡིན། གཞན་ཕམ་ཉེས་བྱུང་བ་ཞིག་ཡིན་ན་ཐོག་མའི་དམིགས་ཡུལ་གཞི་བྱས་པའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་དུས་གནས་ངེས་ཅན་ཞིག་གི་ནང་དུ་མ་འགྲུབ་ཀྱང་སྐབས་དེའི་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། དེ་བས་སྤྱི་ཚོགས་འཕེལ་རྒྱས་དང་གནད་དོན་བཅོས་སྒྱུར་ལ་བསམ་གཞིགས་དང་། དབང་སྒྱུར་རུལ་སུངས་སུ་འགྱུར་བར་སྔོན་བརྡ་ཞིག་བཏང་ཡོད། ལོ་རྒྱུས་སུ་ཇི་འདྲའི་ལེགས་འགྲུབ་བྱུང་བའི་བཅོས་སྒྱུར་ཞིག་ཡིན་རུང་རལ་གྲིས་བཅད་པ་ལྟར་གསར་རྙིང་གཉིས་དུམ་བུ་སོ་སོར་ཕྱེ་བ་ལྟ་བུ་དང་། ཡང་ན་དེ་ནས་བཟུང་སྟེ་ཡོད་ཚད་གསར་པ་གསར་རྐྱང་དུ་བསྒྱུར་པ་ཞིག་གཏན་ནས་ཡོད་མི་སྲིད། དེ་བས་དུས་སྐབས་གང་ཞིག་གི་བཅོས་སྒྱུར་ཡིན་ཡང་ཆེས་མཐའ་འཁྱོལ་བ་ཞིག་མིན་ཏེ། དེར་ལམ་ལུགས་རྙིང་པ་མང་པོ་སོར་ཉར་བྱས་ཡོད། ཡིན་ནའང་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གང་ལེགས་ཐོན་པ་གདོན་མི་ཟའོ། །

མདོར་ན་ཀྲུང་ཕྱིའི་གནའ་དེང་ལོ་རྒྱུས་སུ་བྱུང་བའི་དུས་རབས་རིམ་བྱུང་གི་ཕྱི་ནང་གཉིས་ཀྱི་བཅོས་སྒྱུར་གྱི་རིགས་དང་དམིགས་ཡུལ། ནང་དོན། མཐའ་འབྲས། བྱེད་ནུས་སོགས་ཀྱི་ཐད་ནས་མི་འདྲ་ས་མང་པོ་ཡོད་པ་སྨྲ་མི་དགོས་མོད། ཡིན་ནའང་དེ་དག་ལ་ཐུན་མོང་གི་ཆ་ཡང་མང་པོ་འདུག ཚུལ་འདི་དག་རྟོགས་ན་ནད་བརྒྱ་སྨན་གཅིག་གིས་ནུས་པ་ཐོན་པ་ལྟར་རྙོག་འཛིང་ཆེ་བའི་བཅོས་སྒྱུར་སྐོར་གྱི་ལོ་རྒྱུས་སློབ་སྦྱོང་དང་ངོས་འཛིན་བྱེད་བདེ་བ་ཡིན། དེ་བས་བོད་སྐད་ཡིག་གཙོ་བྱས་པའི་མཐོ་འབྲིང་གི་དཔྱོད་ལྡན་སློབ་བུ་ཡོངས་ལ་ཟུར་ལྟ་ཙམ་དུ་ཕུལ་བ་དགེ་བའི་རྒྱུར་གྱུར་ཅིག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1