ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རིམས་ནད་ལ་སྙིང་རྗེ་མེད་རུང་། མི་ཡུལ་ལ་བརྩེ་བ་ལྡན། ཟླ་2ཚེས་10ཉིན། རྩོམ་པ་པོས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་ནས་ཤེས་རྟོགས་བྱུང་བར། ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དཀར་མཛེས་རྫོང་གི་དགོན་སྡེ་ཁག་དང་དགེ་འདུན་པ་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་སྟོབས་ཤུགས་ཕུལ་ཏེ། ད་ཐེངས་ཀྱི་རིམས་ནད་ཚབས་ཆེན་ཕོག་ཁུལ་ལ་ཞལ་འདེབས་ཕུལ་བ་རེད། ཟླ་2ཚེས་9ཉིན་བར་རྫོང་འདིའི་དགོན་སྡེ་ཁག་དང་དགེ་འདུན་པ་ཚོས་ཁྱོན་སྒོར་ཁྲི་22.3ལྷག་ཙམ་ཞལ་འདེབས་ཕུལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་སར་རོགས་སྐྱོར་བྱས་ཡོད།
དཀར་མཛེས་རྫོང་གི་དཀར་མཛེས་དགོན་པས་ཞལ་འདེབས་ཕུལ་བ།
ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་གི་གཡུལ་སར་རམ་འདེགས་བྱ་ཆེད། དཀར་མཛེས་རྫོང་གི་དགོན་སྡེ་ཁག་གིས་རང་འགུལ་ངང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ། གཅིག་རྗེས་གཉིས་མཐུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་ནུས་ཤུགས་བཏོན་ནས་ཞལ་འདེབས་ཕུལ་བ་རེད། ཚེས་9ཉིན་གྱི་ཕྱི་དྲོ་བར་དཀར་མཛེས་རྫོང་གི་དཀར་མཛེས་དགོན་དང་། གླང་ནག་དགོན། བེ་རི་དགོན། གུར་ལུང་དགོན། ཉ་བྲག་དགོན། དར་རྒྱས་གླིང་། སྟོང་འཁོར་དགོན། དགའ་ལྡན་ཆོས་གླིང་ཇོ་མོ་དགོན། ཁང་དམར་དགོན་བཅས་ཀྱིས་རིམས་ནད་ཕོག་ཁུལ་ལ་ཁྱོན་སྒོར་ཁྲི་22.3ལྷག་ཙམ་ཞལ་འདེབས་ཕུལ་ཡོད་ལ། མིག་སྔར་དགོན་སྡེ་ཁག་གིས་ཞལ་འདེབས་བྱེད་སྒོ་ད་དུང་སྤེལ་བཞིན་ཡོད།
དགོན་སྡེའི་དགེ་འདུན་པ་ཚོས་བརྗོད་དོན། “རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། རིམས་ནད་འགོག་པའི་འགག་རྩའི་དུས་སྐབས་སུ་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་བ་ནི་ང་ཚོས་སྒྲུབ་དགོས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་ཡིན་པས། དགོན་སྡེའི་བརྩེ་སེམས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ཕྲན་བུ་འདོན་ཐུབ་པའི་རེ་བ་ཡོད།”ཅེས་བཤད།
དེ་དང་ཆབས་ཅིག་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པར་གཞོགས་འདེགས་བྱ་ཆེད། དཀར་མཛེས་རྫོང་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚང་མས་རང་རྟོགས་ངང་གྲོས་འགོ་བཏོན་ཏེ། གནས་སྐབས་སུ་ཕྱི་ཕྱོགས་ལ་སྒོ་འབྱེད་མཚམས་བཞག་ནས་ཆོས་ལུགས་བྱེད་སྒོ་ཚང་མ་སྤེལ་མཚམས་འཇོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་བདག་དམ་བྱེད་པ། མི་སྣ་ཞིབ་བཤེར་དང་འཕྲོད་བསྟེན་གཙང་སེལ། དུག་སེལ་སོགས་ཀྱི་རིམས་འགོག་ལས་དོན་དུས་ལྟར་ལེགས་པོར་སྒྲུབ་བཞིན་ཡོད།