སྤྱི་ཟླ་2པའི་ཚེས་23ཉིན། ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཧུའུ་པེ་ཡི་འགོག་སྲུང་དམག་འཐབ་དང་། ཝུའུ་ཧན་གྱི་འགོག་སྲུང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། གསར་འགྱུར་གླེང་ཕྱོགས་ལས་དོན་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་བཅས་ཕྱོགས་བདུན་གྱི་ཐད་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ཏེ། གོམས་སྟབས་རྗེས་མའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚན་རིག་དང་མཐུན་པའི་ཁ་ཕྱོགས་གསལ་སྟོན་མཛད་ཡོད།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་གཉིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། རྒྱལ་ཁ་ཐོབ་ངེས་ཡིན་པའི་ངེས་ཤེས་བརྟན་པོ་འཛུགས་པ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། དཔའ་ངར་ཆེར་སྐྱེད་རྒྱུན་འཁྱོངས་བྱེད་པ། བཀོད་ཇུས་གལ་ཆེན་དོན་འཁྱོལ་བྱེད་པ། མུ་མཐུད་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ལས་འགན་རྣམ་གྲངས་ཁག་དམ་འཛིན་ནན་མོ་དང་། དམ་འཛིན་ལེགས་པོ། དམ་འཛིན་ཞིབ་ཕྲ་བཅས་བྱེད་དགོས།
དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དེ་ཡག་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད། འོན་ཀྱང་མིག་སྔར་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ལྷོད་གཡེང་མི་བྱེད་པ་དང་། ནད་འགོག་དམག་འཐབ་ལ་སུན་སྣང་མི་བྱེད་པ། སྟེས་དབང་གི་བསམ་བློ་མི་འཁྱེར་བ། ལྷོད་གཡེང་མི་བྱེད་པ་བཅས་བྱེད་དགོས། ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་དང་། བློ་རིག་དང་བབ་བརླིང་གི་བསམ་བློའི་འཁྱེར་སྟངས་རྒྱུན་འཁྱོངས་བྱས་ཏེ། ཛ་དྲག་གི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ལས་འགན་སྒྲུབ་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གོམ་སྟབས་མི་འགྱུར་བ་དང་། ཤུགས་ཚད་ཆུང་དུ་མི་གཏོང་བ། ཚད་གཞི་ལྷུག་ཏུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་དམ་འཛིན་ནན་པོ་དང་། དམ་འཛིན་ལེགས་པོ། དམ་འཛིན་ཞིབ་ཚགས་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་གྲུབ་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
དོན་འཁྱོལ་ནི་ཆུ་ཚད་དང་དངོས་སྒྲུབ་ནི་ནུས་པ་ཡིན། རིམས་ནད་དམག་འཐབ་ཀྱི་དུས་བབ་འདི་འདྲར་སླེབས་སྐབས་འགྲན་རྩོད་བྱེད་པ་ནི་ལག་ལེན་བསྟར་ཤུགས་ཡིན་པ་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཧུའུ་པེ་དང་ཝུའུ་ཧན་སོགས་གཙོ་གནད་ས་ཁུལ་དུ་ནང་ངོས་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་དང་ཕྱི་ཕྱོགས་སུ་འགྲོ་བསྐྱོད་བྱ་རྒྱུ་བཀག་འགོག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལྷུ་ཚིགས་ཁག་ཏུ་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་། བཅོས་དགོས་རིགས་ཚང་མ་བཅོས་སྐྱོང་བྱས་ཏེ། རྒྱལ་ཡོངས་ཀྱི་རིམས་ནད་འགོས་ཁྱབ་འགྲོ་བའི་རྣམ་པར་རྩ་བའི་ཆ་ནས་མགྱོགས་མྱུར་འགྱུར་ལྡོག་གཏོང་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་དང་། རིགས་དབྱེ་ཁྲིད་སྟོན་དང་ཁུལ་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། རིམས་ནད་མེད་པའི་སྔོན་འགོག་ཚོད་འཛིན་བྱ་ཡུལ་གཙོ་གནད་ས་ཁུལ་དུ་ཁུལ་དབྱེ་བ་དང་། རིམ་པ་དབྱེ་བའི་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་པ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་འདེགས་སྐྱོར་ནུས་ལྡན་དང་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
སྤྱི་ཁོག་ལ་གཅིག་གྱུར་ཐོག་འཆར་འགོད་བྱེད་དགོས་པ་དང་། ཞིབ་ཕྲའི་དོན་འཁྱོལ་བྱེད་པར་ཞིབ་ཕྲའི་ལས་འགན་བཟོས་ཏེ། འགན་འཁྲི་མིའི་སྟེང་དུ་བབ་པ་དང་། མཐའ་མཇུག་སྤྱི་ལེ་གཅིག་གི་སར་གནད་དོན་མི་ལྷག་པ་བྱེད་དགོས། ས་གནས་ཁག་གིས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་འགན་གནས་རེ་རེའི་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་འགན་མི་རེ་རེའི་ཐོག་བབ་པ་བྱེད་པ། འགན་འཁྲིའི་ལམ་ལུགས་ཀྱི་ཐོག་ནས་ཞིབ་ཆར་དམ་འཛིན་དང་། དོན་འཁྱོལ་ལ་སྐུལ་འདེད། ཕན་འབྲས་འགན་ལེན་བཅས་བྱས་ཏེ། རིམ་པ་དང་པོས་རིམ་པ་དང་པོར་དམ་འཛིན་དང་། བང་རིམ་ཚང་མས་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་པའི་ལས་རྣམ་ཆགས་པ་བྱེད་དགོས། སྔ་ཙམ་བཞིའི་བླང་བྱ་ལྟར་འགག་སྒོ་མདུན་ཕྱོགས་སུ་སྤོ་བ་དང་། འགོ་ཁུངས་ནས་ཚོད་འཛིན་བྱེད་པ་ནས་གཞི་རིམ་གྱི་སྟོབས་ཤུགས་འདང་ངེས་བཟོ་བ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་འགན་གྱིས་འགོས་ཁྱབ་འགྲོ་ལམ་མེད་པ་བཟོ་བ། དེ་ནས་ནད་གཞི་དྲག་སྐྱེད་བྱུང་བ་རྣམས་ལོགས་དབྱེ་བྱས་ནས་ལྟ་རྟོག་བྱེད་པ་བཅས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་རིམ་ལེགས་པོ་བཟོས་ནས། ལས་དོན་མ་བསྒྲུབ་གོང་དང་། ལས་དོན་སྒྲུབ་སྐབས། ལས་དོན་བསྒྲུབས་ཚར་སྐབས་བཅས་ཀྱི་ཉེན་ཁའི་ལྷུ་ཚིགས་ཚར་མར་དོ་དམ་ལེགས་པོ་བྱས་ནས་སྟོང་ཆ་གཅིག་ཀྱང་མི་ལུས་པ་བྱེད་དགོས།
ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་ལས་དོན་ཁག་དམ་འཛིན་ནན་མོ་དང་། དམ་འཛིན་ལེགས་པོ། དམ་འཛིན་ཞིབ་ཕྲ་བཅས་བྱས་ནས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་འགན་ག་ཚོད་ཀྱིས་འགག་རྩའི་དུས་ལ་སླེབས་པ་དང་། ག་ཚོད་ཀྱིས་ཉེན་ཁའི་གནས་ལ་གྱར་ཚེ། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དེ་ཚད་ཀྱིས་གདོང་མཆོངས་བྱེད་པ་དང་། རང་ཉིད་ཀྱི་ཐོག་མའི་བསམ་འདུན་དེ་ཉིད་བྱ་སྤྱོད་དངོས་དང་ཕྲག་ཐོག་ཏུ་འཁྱེར་བའི་འགན་འཁྲིའི་ཐོག་མངོན་པ་བྱེད་དགོས། གོ་གནས་གང་ཞིག་བཟུང་ན་དེའི་སྲིད་དོན་སྐྱོང་བ་དང་། འགན་གནས་གང་ཞིག་བཟུང་ན་དེའི་འགན་འཁྲི་འཁྱེར་དགོས། རང་རྟོགས་ངང་འགན་འཁྲི་འཁྱེར་བ་དང་། བྱས་རྗེས་ཧུར་ཐག་འཇོག་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཀྱི་ཞན་ཆ་གསབ་པ་དང་། སྟོང་ཆ་སྐོང་བ། ཞན་ཆ་ལེགས་འགྱུར་བཅས་བྱས་ནས། རང་ངོས་ཀྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་གོང་མཐོར་གཏོང་བ་བརྒྱུད་མི་དམངས་མང་ཚོགས་ཀྱི་སྙིང་གྲོགས་ལ་འགྱུར་བ་བྱེད་དགོས།
ད་ཐེངས་ཀྱི་ཏོག་གསར་གློ་ཚད་ནད་ཡམས་འདི་ཉམས་ཉེན་ཞིག་རེད་ལ་ཚོད་བགམ་ཞིག་ཀྱང་རེད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་དཀའ་ཚེགས་སྣ་ཚོགས་འཕྲད་མྱོང་ཡོད། འོན་ཀྱང་དཀའ་ཚེགས་གང་ཞིག་གིས་ཀྱང་ཕམ་པར་བྱེད་མྱོང་མེད། ང་ཚོས་མུ་མཐུད་རྒྱལ་ཁ་ཐོབ་ངེས་ཀྱི་ངར་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས། ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཚེ། ད་ཐེངས་ཀྱི་ནད་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ཅེས་འཁོད་ཡོད་པ་རེད།