འདི་ནི་རྩད་ཆོད་པའི་ཐང་ཤིང་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆེན་པོ་དེ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉེན་རྟོག་ས་ཚིགས་དེ་ནི་ལོ་ཧྲིལ་པོར་ས་བབ་ཀྱི་མཐོ་ཚད་སྨི་4060ཟིན་པ་དང་གནམ་གཤིས་གྲང་ཤོས་ཀྱི་ས་ཆར་བཅའ་སྡོད་བྱེད་ཀྱི་ཡོད་ཅིང་། ཉིན་ཤས་ནང་བསྟུད་མར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་མདུན་དུ། ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཞིབ་བཤེར་དང་སྔོན་འགོག་མཉམ་སྤྱོད་དང་། རིམས་ནད་ཀྱི་འབྱུང་རྩ་བཀག་འགོག འཛིན་བཟུང་མཉམ་སྤྱོད་དང་། ནགས་ཚལ་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་། ཕྱོགས་གཉིས་དམ་འཛིན་བཅས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས། རིམས་ནད་འགོག་བཅོས་ཀྱི་ཁྲིམས་འཛིན་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ནགས་ཚལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་འགན་འཁྲི་ཉིས་བརྩེགས་འཁུར་ཡོད་པ་རེད།
འདི་ནི་དམངས་རོགས་ཉེན་རྟོག་པས་ཐོ་རེངས་ཀྱི་གྲང་རླུང་ཁྲོད་རླངས་འཁོར་གཡུགས་པའི་གནས་བཅའ་སྲུང་བྱེད་པའི་རྣམ་པ་རེད།
ཟླ་3པའི་ཚེས་1ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་29ཡི་ཐོག ཉེན་རྟོག་ཞབས་ཞུ་ས་ཚིགས་དེའི་མི་དམངས་ཉེན་རྟོག་པས་ལས་རེས་བྱེད་སྐབས། རླངས་འཁོར་གྱི་ལྗིད་ཚད་ལྕི་བ་དང་འཁོར་སྐྱོད་དལ་བའི་ཁེབས་རས་བརྒྱབ་པའི་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ལ་དོགས་པ་ཡོད་པ་ཤེས་རྟོགས་བྱུང་ཞིང་། ལོ་མང་པོའི་རིང་གི་ལས་ཀའི་ཉམས་མྱོང་དང་ལས་རིགས་ཀྱི་ཚོར་སྣང་སྐྱེན་པོ་ཡོད་པར་བརྟེན་ནས། ས་ཚིགས་ཀྱི་དམངས་རོགས་ཉེན་རྟོག་པས་ཉེན་རྟོག་པའི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་དང་ཉེན་ཁ་ཚོད་སྐོར་བྱས་པ་བརྒྱུད། འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ལམ་ཐིག་སྐོར་གཡེང་གིས་རྗེས་འདེད་དང་དུས་ཐོག་ཏུ་བཀག་འགོག་ཞིབ་བཤེར་བྱས་ཤིང་། རྗེས་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་གཡོ་སྒྱུ་ཅན་གྱི་རླངས་འཁོར་ཁ་ལོ་བས་རླངས་འཁོར་གྱི་རྗེས་འདེད་པ་ཤེས་ཏེ་རླངས་འཁོར་དེ་ཏུའུ་30ཙམ་གྱི་གསེག་ལམ་དུ་བཞག་ནས་རླངས་འཁོར་བསྐྱུར་ནས་བྲོས་སོང་བ་རེད། ཡུལ་དངོས་སུ་རྩད་ཞིབ་བྱས་པ་བརྒྱུད་རླངས་འཁོར་དེའི་འཁོར་སྒྲོམ་ནང་དུ་ཐང་ཤིང་འདྲུད་ཡོད་པས་ལག་ཁྱེར་མེད་པའི་སྐྱེལ་འདྲེན་གྱི་དོགས་གཞི་ཡོད་པ་རེད། རིམས་ནད་ཐོན་རིང་དྲག་རྡུང་ཉེས་གསོག་གི་ཁྲིམས་འགལ་ཉེས་གསོག་པར་ཉེས་ཆད་དྲག་པོ་གཅོད་ཆེད། མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་གོང་རིམ་ལ་གནས་ཚུལ་ཞུས་ཏེ་རོགས་སྐྱོར་ཞུས་པ་དང་། ཕྱོགས་གཅིག་ནས་ཉེན་རྟོག་པ་ས་མཐོའི་རུས་ལ་ཟུག་པའི་གྲང་རླུང་གི་ཁྲོད་ཡུལ་དངོས་བརྟན་སྲུང་བྱེད་པའི་བཀོད་སྒྲིག་བྱས་ཤིང་། ཁོ་ཚོས་ཆུ་ཚོད་བཞི་ལྷག་ལ་བཅའ་སྲུང་བྱས་རྗེས་གྱོད་འབྲེལ་གྱི་རླངས་འཁོར་འདི་རྫོང་ནགས་ཚལ་སྤྱི་བདེ་ཅུས་ལ་རྩིས་སྤྲད་པ་རེད།