ཝུའུ་ཧན། ཝུའུ་ཧན། ཝུའུ་ཧན།
རུས་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04
ཝུའུ་ཧན་ནི་མིའི་རིགས་ཀྱི་ཁྱིམ་གཞིས་དྲོན་མོ་ཞིག་ཡིན།
ཝུའུ་ཧན་ནི་སའི་གོ་ལའི་གྲུབ་ཆ་ལེབ་མོ་ཞིག་ཀྱང་ཡིན།
སྙིང་རྗེ་ཡི་མིག་ཟུང་ག་ལེར་བཙུམས་ནས་ནད་དུག་གི་འབོད་པར་རྣ་བ་བླགས།
བྱམས་བརྩེ་ཡི་སྒོ་གསུམ་སྐྱིལ་ཀྲུང་དུ་བསྡད་ནས་མཁའ་ཁྱབ་འགྲོ་བ་མ་རུ་བསྒོམས།
གསོལ་འདེབས་ཀྱི་སྙིམ་པ་བྲང་ཁར་བཞག་ནས་འཚེ་བ་ཞི་བའི་གཟུངས་སྔགས་བཟླས།
སེམས་ཀྱི་ཕྱི་ནང་གོས་པའི་ཉལ་ཉིལ་ལྗན་ལྗིན།
པོ་ཏ་ལའི་བདུག་སྤོས་ཀྱིས་ག་ལེར་བསལ་གྱིན།
བདག་གི་ལུས་ངག་ཡིད་གསུམ་སྔ་ས་ནས་ཝུའུ་ཧན་དུ་འབྱོར་ཡོད།
2
འཆི་བདག་གི་མདུན་དུ་ང་ཚོར་རྒྱལ་ཁོངས་ཀྱི་ས་ཁྲ་ཟེར་བ་ཞིག་ཡེ་ནས་མེད།
འཆི་བདག་གི་མདུན་དུ་ང་ཚོ་རིགས་རུས་ཟེར་ཡའི་གུ་དོག་གི་འཕྲང་ལས་ལྷོད་ཀྱིས་བགྲོད་དགོས།
འཆི་བདག་གི་མདུན་དུ་ང་ཚོས་མིའི་རིགས་ཀྱི་གཉུག་གཤིས་སུ་གྲུབ་པའི་ཤེས་རབ་ཀྱི་ཕྲུ་མ་བཏབ་ནས།
ན་བུན་ལྟ་བུའི་སིམ་འཛུལ་ལ་ཞུམ་མེད་ཀྱི་ཡ་ལན་སྤྲད་དགོས།
གནད་འགག་གི་དུས་སུ།
ང་ཚོའི་དད་མོས་ནི་བདག་བས་གཞན་གཅེས་ཀྱི་མ་ནོར་ཡིན།
གནད་འགག་གི་དུས་སུ།
ང་ཚོའི་རྣམ་ཤེས་ནི་ཡ་རབས་ཚུལ་ལྡན་གྱི་ཕ་ནོར་ཡིན།
བརྙན་རིས་ལས་ཞུམ་མེད་ལྷ་རྗེ་ཡི་ལྷག་བསམ་དང་སྙིང་ཕུར་མཐོང་བྱུང་།
བརྙན་རིས་ལས་ས་གཞིའི་ཆེན་མོའི་མཐུན་སྒྲིལ་གྱི་རླབས་ཆེན་རྒྱང་སྐྱོད་མཐོང་བྱུང་།
བརྙན་རིས་ལས་ཀྲུང་ནན་ཧྲིན་དུ་འབོད་པའི་དགུང་ལོ་བརྒྱད་ཅུ་ཅན་གྱི་བགྲེས་པོ་སེམས་དཔའ་ཞིག་མཐོང་བྱུང་།
བགྲེས་པོ་ཀྲུང་ནན་ཧྲན་གྱིས་ཝུའུ་ཧན་བསྐྱབས་སོང་།
མིའི་རིགས་བསྐྱབས་སོང་།
ལྷ་རྗེ་གཞོན་ནུ་ལི་ཝུན་ལིང་གིས་ཀྱང་ཝུའུ་ཧན་བསྐྱབས་སོང་།
མིའི་རིགས་བསྐྱབས་སོང་།
3
འཆི་བདག་གི་འཚེ་བ་དང་རྔམ་མཐོ་བའི་གདུག་རྩུབ་ཀྱི་མདུན་དུ།
སའི་གོ་ལ་ནི་གྲོང་ཚོ་ཆུང་ཆུང་ཞིག་ཡིན།
མིའི་རིགས་ནི་ཚོགས་སྡེ་ཆུང་ཆུང་ཞིག་ཡིན།
མིའི་རིགས་ཀྱི་ལོ་རྒྱུས་སྟེང་།
སའི་གོ་ལའི་གྲོང་ཚོར་ཆག་ཆེ་ཉམ་ང་སྣ་ཚོགས་ཤིག་བྱུང་ཡང་།
མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཕམ་སོང་བའི་ཟིན་ཐོ་ཞིག་ཡེ་ནས་མེད།
མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཞུམ་སོང་བའི་ཕྱིར་དྲན་ཞིག་ལར་ནས་མེད།
ཨ་ཧོ། སྙན་ངག་ཅིག་ཕུལ་བས་ཅི་ཕན།
སྙན་ངག་ཅིག་མ་ཕུལ་བས་ཀྱང་ཅི་ཉེས།
ཡིན་ཡང་། སྙན་ངག་ནི་སྐྱེས་བུ་ཞིག་གི་རུས་རྐང་དུ་འབབ་པའི།
རིས་སུ་མ་ཆད་ཕྱོགས་སུ་མ་ལྷུང་།
སུ་ལ་མ་བསྟུན་སུས་ཀྱང་མ་བསྐུལ་བའི།
བསླུ་བ་མེད་པའི་ནང་སེམས་ཀྱི་ང་རོ་དེ་ཡིན་ལ།
ད་དུང་། མ་གོས་མ་མནོག་མ་འཁྲུགས་ཀྱི།
ལོ་གྱོན་མའི་རིལ་བུ་རྡོག་གཅིག་ཡིན་ཙ་ན།
ཝུའུ་ཧན། ཝུའུ་ཧན། ཝུའུ་ཧན།
མིའི་རིགས་ཀྱི་སྙན་ངག་འདི་མིའི་རིགས་ཀྱི་ཁྱེད་ལ་འབུལ་བར་བྱ།
མིའི་རིགས་ཀྱི་སྙན་ངག་འདི་མིའི་རིགས་ཀྱི་ཁྱེད་ལ་འབུལ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1