སི་ཁྲོན་གྱི་བོད་ཁུལ་ནི་རང་རྒྱལ་གྱི་བོད་ཁུལ་ཆེན་པོ་གཉིས་པ་ཡིན་ཞིང་། དེ་ནི་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་འབྲེལ་མཚམས་ཀྱི་གནས་དེར་གཙོ་བོ་དཀར་མཛེས་ཁུལ་དང་། རྔ་བ་ཁུལ། ལིའང་ཧྲན་ཁུལ་གྱི་མུ་ལི་རྫོང་བཅས་འདུས་པ་ཡིན།
ལོ་ངོ་བདུན་བཅུའི་རིང་། ཏང་དང་རྒྱལ་ཁབ་ཀྱིས་སི་ཁྲོན་གྱི་བོད་ཁུལ་ལ་མ་དངུལ་གཏོང་ཤུགས་དང་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སི་ཁྲོན་བོད་ཁུལ་འཕེལ་རྒྱས་སུ་འགྲོ་བའི་འཇུར་མིག་བསལ་བར་མ་ཟད། འཛམ་གླིང་ལ་འོད་སྟོང་འཕྲོ་ཞིང་མཚར་སྡུག་ལྡན་པའི་འཛུགས་སྐྲུན་གྱི་གྲུབ་འབྲས་རེ་རེ་གསར་གཏོད་བྱས་ཡོད།
“ཤིན་ཀན་ཧྲི”དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་གཉིས་ཀྱི“མཁའ་ལམ་གྱི་གློག་ཤུགས”ཞེས་པ་གསར་སྐྲུན་བྱས་ཏེ། བོད་ཁུལ་གྱི་རྫོང་32ཡོངས་སུ་རྒྱལ་ཁབ་ཀྱི་རྐང་འཛིན་གློག་དྲ་སྦྲེལ་མཐུད་བྱས་ཡོད།
གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་ཤར་བགྲོད་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་དང་། ཁྲེན་ལན་བར་གྱི་ལྕགས་ལམ་སྐྲུན་མགོ་ཚུགས་པ་དེས་སི་ཁྲོན་བོད་ཁུལ་དུ་ལྕགས་ལམ་དང་མྱུར་ལམ་ཤར་བགྲོད་ཐུབ་མེད་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་པ་རེད།
གཟི་ཚ་སྡེ་དགུ་དང་། གསེར་མཚོ། དར་མདོ་སོགས་དམངས་སྤྱོད་གནམ་ཐང་ཆེན་པོ་ལྔ་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་བཀོལ་སྤྱོད་བཏང་བ་དང་། གེ་སར་རྒྱལ་པོ་གནམ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་སྟེ་དཀར་མཛེས་ཁུལ་དེ་རྒྱལ་ཡོངས་ཀྱི་མཚོ་ངོས་ཀྱི་མཐོ་ཚད་སྨི་4000ཡན་གྱི་ཟུར་ལམ་གནམ་ཐང་གསུམ་ཡོད་པའི་གྲོང་ཁྱེར(ཁུལ)གཅིག་པུར་གྱུར།
“དྲི་མེད་དྭངས་གཙང་གི་དཀར་མཛེས”དང་། “དག་གཙང་གི་རྔ་བ”ཞེས་སི་ཁྲོན་བོད་ཁུལ་མཚོན་པའི་ཞིང་ལས་ཁྱད་ཐོན་སྤུས་རྟགས་འདི་དག་གི་མཚན་སྙན་སི་ཁྲོན་ནས་དར་ཏེ་རྒྱལ་ཡོངས་སུ་གྲགས་པ་རེད།
གཟི་ཚ་སྡེ་དགུ་དང་། སེམས་ཀྱི་ཉི་ཟླ་ཆེན་མོ། གོང་དཀར་སོགས་སྤུས་ལེགས་པའི་ཡུལ་སྐོར་གྱི་གནས་ཁག་གཅིག་གསར་གཏོད་བྱས་ཏེ། རི་ཆུ་སྔོན་མོ་གསེར་ས་དངུལ་ཡུལ་དུ་གྱུར་བར་བཅུག
ཐང་ག་དང་། རྡོ་བརྐོས། བསླས་འཐག གླུ་གར། སྨན་རྩྭ་སོགས་མངོན་མིན་ཤུལ་བཞག་གི་གསར་གཏོད་རང་བཞིན་གྱི་བསྒྱུར་བཅོས་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱིས་བོད་ཁུལ་གྱི་ཕྱི་ཕྱོགས་དཔལ་འབྱོར་རིག་གནས་འབྲེལ་འདྲིས་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་ཏེ། མི་རིགས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
2019ལོའི་ལོ་མཇུག་བར་དུ། སི་ཁྲོན་བོད་ཁུལ་གྱི་དབུལ་ཕོངས་རྫོང་16དང་། དབུལ་ཕོངས་གྲོང་ཚོ་305 དབུལ་ཕོངས་མི་གྲངས་ཁྲི་4.3ལྷག་ཚང་མའི་དབུལ་ཞྭ་ཕུད་པ་རེད།
ལོ་ངོ་བདུན་བཅུ་ལྷག་གི་ཆར་རླུང་མཉམ་འདྲེས་ཀྱིས་ཀྲུང་གོའི་ཆེས་མཛེས་ཤིང་སྡུག་པའི་ལེའུ་བྲིས་ཏེ། ལོ་ངོ་བརྒྱ་ཕྲག་གི་འབད་བརྩོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འོད་ཟེར་གྱི་མདུན་ལྗོངས་གསར་གཏོད་བྱས་ཤིང་། མཛེས་སྡུག་ལྡན་པའི་འཚོ་བའི་ཉི་འོད་བོད་ཁུལ་གྱི་གྲོང་སྡེ་སོ་སོ་དང་བོད་པའི་བུ་དང་བུ་མོའི་སྤྲོ་བའི་འཛུམ་གྱིས་ཁེངས་པའི་ངོ་གདོང་དུ་འཕྲོས་ཏེ་བདེ་སྐྱིད་མཚོན་པའི་སྐལ་བཟང་མེ་ཏོག་ལྷུག་པོར་བཞད་དོ།།