༄༅།། གནམ་མཚོའི་མཐའ་འཁོར་ཕུག་པའི་བྲག་བརྐོས་རི་མོའི་ཁྲོད་གསལ་བའི་ཡིག་འབྲུ་ཨའི་སྐོར་གྱི་དོགས་དཔྱོད་ཐོར་བུ།

ཁྲི་སྤེལ་པ་སངས་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 03-09


ཁྲི་སྤེལ་པ་སངས་ཚེ་རིང་།

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་བོད་བྱང་ཕྱོགས་ཀྱི་བྲག་བརྐོས་རི་མོ་ལས་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་འཁོད་པའི་བོད་ཡིག་ཡིག་འབྲུ་ཨའི་སྐོར་ལ་ཞིབ་འཇུག་བགྱིས་པའི་དཔྱད་འབྲས་ཁག་གཉིས་ནང་གི་ནོར་འཁྲུལ་ལྟ་བ་ལ་སུན་འབྱིན་དགག་རྒྱག་དང་། བོན་གཞུང་བསྟན་བཅོས་ཁག་ལ་གཞི་བཅོལ་ནས་བྲག་བརྐོས་ཨ་ཡིག་གི་མཚོན་དོན་དངོས་གང་ཡིན་དང་དེའི་རིག་གནས་རྒྱབ་ལྗོངས། ལོ་དུས་སོགས་གླེང་སྟེ་རང་ལུགས་འཐད་ལྡན་དུ་སྒྲུབ་ཡོད།
[བརྡ་ཆད་གཙོ་བོ།] གནམ་མཚོའི་མཐའ་འཁོར། བྲག་བརྐོས་རི་མོ། ཡིག་འབྲུ་ཨ། ཨ་ཁྲིད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0135-13
        བྲག་བརྐོས་རི་མོ་ནི་“མི་ཚོས་བྲག་སྐྱིབས་དང་བྲག་རྡོའི་ལྡེབས་ངོས། བྲག་གོང་བཅས་ཀྱི་སྟེང་ལ་ཚོན་རིས་དང་ཐིག་བརྐོས། འབུར་བརྐོས་སོགས་ཀྱིས་སྐྲུན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་”①ཞིང་། རྒྱལ་སྤྱིའི་ཐོག་“བྲག་བརྐོས་སྒྱུ་རྩལ་” (RockArt)ཞེས་པའི་མིང་བཏགས་ཡོད། བྲག་བརྐོས་རི་མོ་ནི་དུས་རིམ་མི་འདྲ་བའི་མི་རྣམས་ཀྱི་བསམ་པའི་འགྱུར་བ་དང་རང་བྱུང་ཁོར་ཡུག དེ་བཞིན་སྤྱི་ཚོགས་འཚོ་བ། མིའི་མཛེས་ཆོས་ལྟ་བ་སོགས་མཚོན་ནུས་པའི་རི་མོའི་སྒྱུ་རྩལ་ཞིག་ཡིན་ཞིང་། སྒྱུ་རྩལ་འདི་བཞིན་ད་ལྟའི་མི་ཚོས་ཞིབ་འཇུག་བྱས་ཏེ་སྐབས་དེའི་མི་དང་དེས་བསྐྲུན་པའི་རིག་གནས་ལ་དབྱེ་ཞིབ་རྒྱུས་ལོན་བྱེད་ཅིང་དེའི་སྐོར་གྱི་དཔྱད་འབྲས་ཀྱང་ཕུན་སུམ་ཚོགས་པ་མཐོང་ཆོས་ཡུལ་དུ་གྱུར་ཡོད་པ་རེད།
        བོད་ཀྱི་བྲག་བརྐོས་རི་མོ་བཙལ་འཚོལ་དང་སྣང་འཇོག་བྱེད་མཁན་གྱི་ཐོག་མ་ནི་ཧ་ལམ་དབྱི་ཏཱ་ལིའི་བོད་རིག་པ་མཁས་ཅན་སྐུ་ཞབས་ཏུའུ་ཆི་ཡིན་ངེས་ཏེ་ཁོང་གི་བརྩམས་ཆོས་《བོད་ཀྱི་གནའ་དཔྱད་》②ཞེས་པའི་ནང་བོད་ནུབ་རྒྱུད་ཀྱི་བྲག་བརྐོས་རི་མོའི་སྐོར་ཐོར་རེ་བ་བཀོད་ཡོད་པ་ལས་ཤེས་ཤིང་། བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས་རྒྱལ་ཁབ་ཀྱིས་གཞི་རྒྱ་ཆེ་བའི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་གསུམ་སྤེལ་བ་བརྒྱུད་ད་གཟོད་བོད་ལྗོངས་ས་མཐོར་ཁྱབ་པའི་བྲག་བརྐོས་རི་མོ་འབོར་ཆེན་ཞིག་འཚོལ་རྙེད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཕྱི་ནང་དུ་དེ་འབྲེལ་གྱི་ཞིབ་འཇུག་ལས་དོན་རྒྱ་ཁྱབ་ངང་སྤེལ་ཏེ་བོད་ཀྱི་བྲག་བརྐོས་རི་མོའི་ཞིབ་འཇུག་ལས་དོན་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་མི་དམན་པ་ཞིག་ཐེབས་ཡོད། འོན་ཏེ་དུས་རིམ་མི་འདྲ་བའི་དཔྱད་འབྲས་ཁག་ལ་ཞིབ་བལྟ་བྱས་ཚེ་དཔྱད་འབྲས་འགའ་ཞིག་ནང་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཐོད་གཏུགས་མི་ཐུབ་ཅིང་ལུང་རིགས་ཀྱི་རྒྱབ་རྟེན་རྐང་མ་ཚུགས་ལ་ཞིབ་འཇུག་དཔྱིས་ཕྱིན་མེད་པའི་དངོས་སྐྱོན་མང་དག་ཅིག་མཆིས་ན། མ་དག་རྒྱུན་འབྱམས་འགྲོ་རྒྱུར་བཀག་འགོག་དང་བབ་ཅོལ་གཏམ་གྱིས་དོན་སྙིང་སླུས་པའི་ནོངས་པ་སེལ་ཕྱིར་བོད་བྱང་ཕྱོགས་ཀྱི་བྲག་བརྐོས་རི་མོ་སྟེ་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་རྒྱུན་དུ་མཐོང་བའི་ཡིག་འབྲུ་ཨའི་སྐོར་ལ་རང་བློས་གང་ནུས་ཀྱིས་དཔྱད་པར་བྱ་སྟེ།
        དང་པོ། ཡིག་འབྲུ་ཨ་འཁོད་པའི་བྲག་བརྐོས་རི་མོའི་ཁྱབ་ཡུལ་དང་རི་མོའི་ཁྱད་ཆོས་གླེང་བ།
        དེ་ཡང་བོད་ཀྱི་བྲག་བརྐོས་རི་མོ་འདི་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་ཡོད་ཅེས་བརྗོད་ན་ནོར་འཛོལ་མེད་ཅིང་། མིག་སྔར་ལག་སོན་བྱུང་བའི་དཔྱད་གཞིར་③གཞིགས་ཚེ་བོད་སྟོད་ཁུལ་གྱི་མངའ་རིས་ས་ཁུལ་དང་བྱང་ཕྱོགས་ནག་ཆུ་ས་ཁུལ་གཉིས་ནི་བྲག་བརྐོས་རི་མོ་འབོར་ཆེན་ཐོན་པའི་ས་ཁུལ་གཉིས་སུ་བརྩི་ཆོག་པ་ཡོད་ལ། དེ་མིན་ཤར་ལྷོའི་ཁུལ་དང་ཡར་ཀླུང་གཙང་པོའི་དཀྱིལ་དབུས་ཀྱི་ས་ཆ་འགའ་ཞིག་ཏུ་ཡང་བྲག་བརྐོས་རི་མོ་ཐར་ཐོར་ཐོན་ཡོད་དོ།། སྐབས་བབས་སུ་བརྗོད་པའི་ཡིག་འབྲུ་ཨ་འཁོད་པའི་བྲག་བརྐོས་རི་མོའི་གནས་ཡུལ་ནི་བོད་བྱང་ཕྱོགས་སུ་འཁྱིལ་བའི་བླ་མཚོ་གྲགས་ཅན་གནམ་མཚོ་ཕྱུག་མོའི་འགྲམ་ངོགས་སུ་ཡིན་ཞིང་། ཞིབ་པར་སྨོས་ན་གནམ་མཚོའི་ཤར་ལྷོར་ཆགས་པའི་རང་བྱུང་གླིང་ཕྲན་བཀྲ་ཤིས་དོའི་ཕུག་པ་ཁག་དང་བྱང་ངོས་ཀྱི་སྟོང་ཤོངས་ཕུག་པའི་ནང་འཁོད་ཡོད། ད་ཡོད་ཀྱི་གནའ་རྫས་རྟོག་ཞིབ་པའི་དཔྱད་གཞི་ཁག་④དང་ཡུལ་སྐོར་ལྗོངས་རྒྱུ་བའི་ཟིན་བྲིས།⑤ དེ་བཞིན་བོད་ཀྱི་བྲག་བརྐོས་རི་མོར་ཞིབ་འཇུག་བགྱིས་པའི་དཔྱད་འབྲས་⑥བཅས་ཕྱོགས་གཅིག་ཏུ་བསྡོམས་ནས་བརྗོད་ན། གནམ་མཚོ་བཀྲ་ཤིས་དོའི་གཡས་ཕྱོགས་ཏེ་བཀྲ་ཤིས་དོ་ཆེན་གྱི་བྲག་ཆེན་གུར་ཕུག་དང་ཀླུ་ཁང་ཕུག དེ་བཞིན་གཡོན་ཕྱོགས་བཀྲ་ཤིས་དོ་ཆུང་གི་གུ་རུ་རིན་པོ་ཆེའི་བཞུགས་ཁྲི་ཕུག་དང་བཀྲིས་དར་རྒྱས་ཕུག འཇམ་དབྱངས་ཕུག སྲིད་གཅོད་བུམ་པ་ཕུག ཉི་བཤགས་ཕུག་བཅས་ཁྱོན་བསྡོམས་ཕུག་པ་ཁག་བདུན་ནང་ཡིག་འབྲུ་ཨ་འཁོད་པའི་བྲག་བརྐོས་རི་མོ་མང་དག་བཞུགས་ཡོད་དོ༎
        བྲག་བརྐོས་རི་མོའི་ཞིབ་འཇུག་ཁྲོད་བྲག་བརྐོས་རི་མོའི་ཁྱད་ཆོས་གླེང་རྒྱུ་ནི་འགངས་ཆེའི་གླེང་གཞི་ཞིག་ཡིན་ཞིང་། ཞིབ་འཇུག་པ་ཚོས་བྲག་བརྐོས་རི་མོའི་ཁྱད་ཆོས་ཀྱི་ཐོག་ནས་རི་མོའི་ལོ་རབས་དང་རིག་གནས་རྒྱབ་ལྗོངས། འབྲི་བ་པོའི་བསམ་བློའི་འཚོ་བ་སོགས་ལ་ཉམས་ཞིབ་བྱེད་ཅིང་བྲག་བརྐོས་རི་མོའི་དཔྱད་གཞི་ཞིག་རྙེད་སོན་བྱུང་ན་གོང་གསལ་གནད་དོན་ཁག་ལ་ཞིབ་འཇུག་བྱེད་རྒྱུ་ནི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཏུ་འཁུམས། དེ་ཡང་ཡིན་ཏེ་སྲིད་པའི་བྲག་རྡོར་འཁོད་པའི་རི་མོ་དེ་དག་ནི་སྐབས་དེའི་མིའི་བསམ་བློའི་འཚོ་བ་དང་། ཐོན་སྐྱེད་འཚོ་བ། དེ་བཞིན་རིག་གནས་ཀྱི་བྱ་གཞག་མཚོན་བཞིན་ཡོད་པས་ན་རི་མོའི་ཁྱད་ཆོས་ལ་གཞིགས་ནས་ལོ་རྒྱུས་ཀྱི་དུས་རིམ་ནང་ཁྱབ་ཁོངས་ས་གནས་མི་འདྲ་བའི་མིའི་རིགས་ཀྱི་སྤྱི་ཚོགས་གྲུ་ཟུར་ཞིག་རྟོགས་ཐུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད་སྙམ། བོད་ཀྱི་བྲག་བརྐོས་རི་མོའི་ཁྱད་ཆོས་ནི་བརྐོས་འབྲིའི་ཐབས་རྩལ་གྱི་ཐོག་ནས་“རྫོག་བརྐོས་དང་བྱུགས་བྲིས་” ⑦བཅས་གཉིས་སུ་དབྱེ་ཡོད་ལ། དེ་མིན་སྲོག་ཆགས་ཀྱི་གཟུགས་ལ་བརྒྱན་རིས་ཡོད་མེད་གྱི་ཆ་ནས་“མཛེས་བཀྲོལ་ཁྱད་ཆོས་”⑧བཅས་དབྱེ་བ་གསུམ་དུ་ཕྱེ་ཡོད། རིག་གཞུང་ཁྱབ་ཁོངས་སུ་བོད་ཀྱི་བྲག་བརྐོས་རི་མོའི་ལོ་རབས་ཐད་རྫོག་བརྐོས་རི་མོ་ནི་ཆེས་སྔ་བར་བརྩི་ལ་“བྱུགས་བྲིས་རི་མོ་ནི་དུས་ཕྱི་ཙམ་ཡིན་པར་བཞེད་”⑨ཀྱང་རྒྱུ་མཚན་ཆེར་མི་མཐོང་།
        གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་གསལ་བའི་ཨ་ཡིག་རི་མོ་ནི་བྱུགས་བྲིས་བྱས་པའི་རི་མོ་ཤ་སྟག་ཡིན་ཞིང་། དེའི་ནང་ཙག་དམར་གྱིས་བྲིས་པ་ཤས་ཆེ་ལ་འགའ་ཞིག་སོལ་ནག་གིས་བྲིས་པ་ཡང་ཡོད་ཅིང་། ཡིག་གཟུགས་ཐད་སྤྱིའི་ཆར་དབུ་ཅན་དང་གཟུགས་འགྱུར་བའི་དབུ་མེད་འགའ་ཤས་མཐོང་རྒྱུ་ཡོད་ལ། རི་མོའི་གྲུབ་སྟངས་ཀྱི་ཆ་ནས་ཨ་ཡིག་རྐྱང་པ་འབྲི་བ་(དཔེ་རིས་1)དང་། ཨ་ཡིག་གི་སྟེང་དུ་གཡུང་དྲུང་འབྲི་བ།(དཔེ་རིས་2) ཨ་ཡིག་མཆོད་རྟེན་གྱི་བུམ་པའི་ནང་འབྲི་བ།(དཔེ་རིས་3) དེ་མིན་གཟུགས་འགྱུར་བའི་ཨ་ཡིག་སྣ་ཚོགས་རུབ་བྲིས་བྱས་པ།(དཔེ་རིས་4) ཨ་ཡིག་སྟར་སྒྲིག་ཏུ་འབྲི་བ་(དཔེ་རིས་5)བཅས་གྲུབ་ཚུལ་མི་འདྲ་བ་ལྔ་ཙམ་མཆིས་སོ།།

        གཉིས་པ། ཡིག་འབྲུ་ཨ་འཁོད་པའི་བྲག་བརྐོས་རི་མོ་དང་འབྲེལ་བའི་རིག་གནས་སྐོར་གླེང་བ།
        མིག་སྔར་རིག་གཞུང་ཁྱབ་ཁོངས་སུ་བྲག་བརྐོས་རི་མོ་ཞིབ་འཇུག་བྱེད་རྒྱུ་ནི་སྒྱུ་རྩལ་ལོ་རྒྱུས་ཁོ་ན་ཞིབ་འཇུག་བྱེད་པའི་གནས་སྐབས་ལས་རིང་དུ་འདས་ཤིང་། གནའ་དཔྱད་རིག་པ་དང་མིའི་རིགས་རིག་པ། དེ་བཞིན་བརྡ་རྙིང་རིག་པ།ལྷ་སྒྲུང་རིག་པ་ལ་སོགས་རིག་ཚན་མི་འདྲ་བ་སྣ་ཚོགས་དང་འབྲེལ་བའི་རིག་ཚན་ལས་བརྒལ་བའི་ཁྱབ་ཁོངས་སུ་སོན་ཡོད་པར་བརྟེན། བྲག་བརྐོས་རི་མོར་ཞིབ་འཇུག་བྱེད་པར་རིག་ཚན་མི་འདྲ་བ་སྣ་ཚོགས་ཀྱི་ཐབས་ལམ་སྤྱད་དེ་ཞིབ་འཇུག་བྱས་ཚེ་གཞི་ནས་དཔྱད་སྡོམ་མི་དམན་པ་ཞིག་འཇོག་ཐུབ་པར་ཐེ་ཚོམ་མེད་ཅིང་། ཡང་སྒོས་བོད་ཀྱི་བྲག་བརྐོས་རི་མོར་ཞིབ་འཇུག་བྱེད་རྒྱུ་ནི་ངེས་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས་ཀྱི་རྩ་བའི་ཐོག་བཞག་ནས་ཞིབ་འཇུག་བགྱིས་ཚེ་ཀུན་གྱི་ཡིད་ངོར་དྭངས་བའི་དག་པ་སྟེར་ནུས་ལ་དངོས་པོའི་གནས་ཚོད་དང་རན་པའི་བདེན་ཁ་གསལ་པོ་ཞིག་སྤྲད་ནུས་སྙམ།
        གཅིག བྲག་བརྐོས་ཨ་ཡིག་སྐོར་གྱི་དཔྱད་འབྲས་ཁག་གླེང་ནས་གཞན་ལུགས་དགག་པ། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་འཚོ་ཞིང་ཐུན་མིན་རིག་གནས་སྐྲུན་པའི་འགྲོ་བ་མི་ཚོས་རང་བྱུང་བྲག་རྡོའི་ཐོག་བྲིས་བརྐོས་བྱས་པའི་གསོན་ཉམས་ལྡན་ལ་རྙོག་ཟིང་ཆེ་བའི་རི་མོའི་སྣང་བརྙན་དེ་དག་ནི་བྱིས་པ་བསམ་མེད་ཀྱི་ལག་རྩེད་རྩེ་བ་བཞིན་གང་བྱུང་རང་འདོད་དུ་བྲིས་བརྐོས་བྱས་པ་ནི་ཅི་ལ་ཡིན་ཏེ་མ་ཡིན་ནོ༎ རྒྱལ་ནང་བྲག་བརྐོས་ཞིབ་འཇུག་པ་སྐུ་ཞབས་ཁྲན་ཀྲའོ་ཧྥུས་《ཀྲུང་གོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བའི་ལོ་རྒྱུས་》ཞེས་པའི་དེབ་ནང་དུ་“བྲག་བརྐོས་རི་མོའི་ནང་གསལ་བའི་བརྡ་རྟགས་གཟུགས་བརྙན་སྣ་ཚོགས་ནི་གང་བྱུང་དུ་བྲིས་པ་ཞིག་མ་ཡིན་ཏེ། དེ་ཚོས་འཁོར་འདས་དངོས་པོ་དག་གི་སྤྱི་མཚན་བསྡུས་བཀོད་བྱས་པ་ཞིག་ཡིན་ལ། མཐའ་འཁོར་གྱི་བརྡ་རྟགས་རི་མོ་གཞན་དང་འབྲེལ་ཏེ་རྙོག་ཟིང་ཆེ་བའི་ཚོགས་སྤྱི་ཞིག་གྲུབ་ནས་དད་མོས་ཀྱི་ནང་དོན་མཚོན་པར་བྱེད་ཅིང་། དེ་ལྟ་བུའི་བརྡ་རྟགས་རི་མོར་མཚོན་བྱེད་ཀྱི་དོན་སྙིང་དང་དྲན་འཛིན་གྱི་ནུས་པ་ཞིག་ལྡན་ཡོད་”⑩ཅེས་གསུངས་ཡོད། ཨ་ཅང་ཅང་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་ནར་མར་འཁོད་པའི་ཨ་ཡིག་བྲག་བརྐོས་རི་མོ་དེ་དག་ཀྱང་སྐྱེ་བོ་ཆེ་གེ་མོས་གང་བྱུང་དུ་ལས་པ་ཞིག་མིན་ཏེ། ཡིག་འབྲུ་དེ་ལས་རིག་གནས་ཀྱི་སྣང་ཚུལ་ཞིག་བརྒྱུད་སྤྲོད་བྱེད་བཞིན་ཡོད་ལ། དེ་ལས་སྐབས་དེའི་མིའི་རིག་གནས་བསམ་བློ་དང་དད་མོས་ཀྱི་ལྟ་བ་སོགས་མཚོན་བཞིན་ཡོད་པ་ནི་གོར་མ་ཆག མིག་སྔར་རིག་གཞུང་ཁྱབ་ཁོངས་སུ་ཨ་ཡིག་འཁོད་པའི་བྲག་བརྐོས་རི་མོར་དོ་སྣང་དང་ཞིབ་འཇུག་བྱས་པའི་དཔྱད་གཞི་ཤིན་ཏུ་ཉུང་ཞིང་མཐོང་རྒྱུ་ཡོད་པའི་དཔྱད་འབྲས་དེ་དག་ལ་ཡང་ནོར་འཛོལ་མི་ཉུང་བ་ཞིག་མཆིས་པ་ནི་གཙོ་བོ་བོད་ཀྱི་རིག་གནས་ལ་གཏིང་ཐུག་པའི་ཐོས་པ་དང་རྒྱུས་ལོན་མེད་པས་ལན་པར་སེམས། རྒྱལ་ནང་དུ་བོད་ཀྱི་བྲག་བརྐོས་རི་མོར་ཞིབ་འཇུག་བགྱིས་པའི་ཆེད་རྩོམ་ཨང་དང་པོར་བསྙད་པའི་《བོད་ཀྱི་བྲག་བརྐོས་རི་མོ་》ཞེས་པའི་དཔེ་དེབ་ནང་གོང་གསལ་ཨ་ཡིག་བྲག་བརྐོས་རི་མོར་འགྲེལ་བཤད་འདི་ལྟར་བརྒྱབ་ཡོད་དེ། “བོད་ཡིག་གི་ཡིག་འབྲུ་ཨའི་འབྱུང་ཁུངས་ནི་གནའ་བོའི་ཞང་ཞུང་བོན་ཆོས་ཁྲོད་ལྷ་བྱ་ཁྱུང་ལ་དད་གུས་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། འབྲུ་ཨ་ནི་བྱའི་ཐོ་ཐེམ་(图腾)གྱི་བརྡ་རྟགས་ཤིག་ཡིན་ལ། རྗེས་སོར་བོད་ཡིག་གི་ཡིག་འབྲུ་ཞིག་ཏུ་རིམ་འགྱུར་བྱུང་བ་ཡིན་ཞིང་། ཡིག་འབྲུ་འདི་ནི་ཐོག་མའི་སྐབས་བོན་ཆོས་ཀྱི་བྱ་ལ་དད་གུས་བྱས་པ་ལས་འབྱུང་བའི་དམིགས་བསལ་གྱི་རི་མོ་ཞིག་རེད།”⑾ ཅེས་མདོར་ན་ཡིག་འབྲུ་ཨའི་འབྱུང་ཁུངས་ཁྱུང་དང་འབྲེལ་ཞིང་བྱ་ལ་དད་གུས་བྱེད་པའི་ཐོ་ཐེམ་(图腾)གྱི་བརྡ་རྟགས་ཤིག་ཡིན་པ་དང་བརྡ་རྟགས་དེ་བཞིན་ཕྱིས་སུ་བོད་ཡིག་གི་ཡིག་འབྲུ་ཞིག་ཏུ་གྱུར་བའི་འདོད་ཚུལ་བསྟན་ཡོད། དེ་མིན་ཕྱི་རྒྱལ་བ་ཇུན་པེ་ལེ་ཛ་ཡིས་སྤེལ་བའི་དཔྱད་རྩོམ་《གནམ་མཚོའི་མཐའ་འཁོར་དུ་གནས་པའི་བོན་གྱི་བྲག་བརྐོས་རི་མོ་སྟེ་བོད་ཀྱི་བྱང་ཕྱོགས་ཁྱད་ཆོས་ལྡན་པའི་གནའ་བོའི་ཆོས་ལུགས་སྐོར་གྱི་བྲག་བརྐོས་རི་མོ་ཞིབ་འཇུག་》ཅེས་པའི་ནང་ཡིག་འབྲུ་ཨ་འཁོད་པའི་བྲག་བརྐོས་རི་མོར་འགྲེལ་བཤད་འདི་ལྟར་བརྒྱབ་ཡོད་དེ། “ཡིག་འབྲུ་ཨ་ནི་གནའ་བོའི་ཞང་ཞུང་གི་ཡི་གེ་ཡིན་པ་དང་དེ་ནི་ཕལ་ཆེར་བོད་ཡིག་ཐོག་མར་གསར་གཏོད་བྱེད་སྐབས་ཀྱི་ཡི་གེ་ཞིག་ཡིན་ལ་ཆེས་ཐོག་མའི་བོད་ཡིག་གི་རྣམ་པ་ཞིག་ཡིན་གྱི་རེད།”⑿ ཅེས་མདོར་ན་ཕུག་པའི་བྲག་ལོགས་སུ་འཁོད་པའི་ཡིག་འབྲུ་ཨ་ནི་ཞང་ཞུང་གི་ཡི་གེ་ཡིན་པ་དང་ཆེས་ཐོག་མའི་བོད་ཡིག་གསར་གཏོད་སྐབས་ཀྱི་ཡི་གེའི་ཕྱི་མོ་ཡིན་པའི་བཞེད་དགོངས་བསྟན་ཡོད། དེ་གཉིས་ནི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་ཁག་དང་བོན་གྱི་ཆོས་གཞུང་མཁས་པའི་བསྟན་བཅོས་སོགས་གང་གི་ཁྲོད་དུ་ཡང་ཁུངས་འཚོལ་མི་ཐུབ་ཅིང་ལུང་རིགས་ཀྱི་རྒྱབ་བརྟེན་མི་བརྟན་ལ། བློ་གཟུ་བོས་ཇི་ལྟར་དཔྱད་ཀྱང་དག་པ་ཡེ་ནས་སྟེར་མི་ནུས་པའི་སྔར་མེད་གསར་བཤད་ཡ་མཚན་ཅན་ཞིག་ཡིན་པ་ནི་བློ་ལྡན་ཀུན་གྱིས་གཞལ་བར་ནུས།
        གོང་གསལ་གྱི་འདོད་ཚུལ་དེ་གཉིས་ལ་བློ་ཞིབ་མོས་དཔྱད་དགོས་པའི་གནད་འདི་ཡོད་དེ། བོན་ཆོས་ནང་ཁྱུང་ལ་དད་གུས་བྱེད་པའི་སྲོལ་ཀ་དང་ཡིག་འབྲུ་ཨ་གཉིས་འབྲེལ་བ་ཡོད་མེད་དང་། ཨ་ནི་འདབ་ཆགས་བྱ་ལ་དད་པའི་ཐོ་ཐེམ་(图腾)ཡིན་མིན། དེ་བཞིན་ཕུག་པའི་ནང་གི་ཨ་ཡིག་ཞང་ཞུང་གི་ཡི་གེ་ཡིན་མིན་དང་བོད་ཡིག་གསར་དུ་གཏོད་པའི་སྐབས་ཀྱི་ཡི་གེའི་མ་ཕྱི་ཡིན་མིན་བཅས་ཡིན་ནོ༎ དེ་ཡང་བོན་གཞུང་ནང་ཁྱུང་ཞེས་པའི་སྐོར་ལ་བརྗོད་ཚུལ་མི་འདྲ་བ་འགའ་ཞིག་མཆིས་ཏེ་རུས་ཀྱི་མིང་དུ་ཐོགས་པའི་ཁྱུང་དང་བོན་གྱི་སྒྲ་ལྷར་དྲངས་པའི་ཁྱུང་། གཉན་ལྷ་བཞི་ཡི་ནང་ཚན་ཁྱུང་། འདབ་ཆགས་བྱའི་རིགས་ཤིག་ཡིན་པའི་སྐོར་བཅས་རིགས་བཞི་རུ་འདུས་ཡོད་པར་སེམས།དེ་ཡང་ཞིབ་པར་སྨོས་ན་“བོད་མིའི་གྲོལ་ཕུག་རྩ་བའི་རུས་ཆེན་བཞི་འམ་བོད་མིའུ་གདུང་དྲུག་གི་ནང་གསེས་བསེ་ཁྱུང་སྦྲ་ཞེས་སྦྲའི་རུས་ཆེན་ལས་གྱེས་པའི་རུས་ཚན་ཁྱུང་གི་རིགས་དེ་ཡིན་ཞིང་རུས་ཚན་དེ་ལས་ཞང་ཞུང་གི་མི་རྒྱུད་འཕེལ་བར་གསུངས།”⒀ དེ་མིན་བོན་གྱི་གདུང་རྒྱུད་ཆེན་པོ་དྲུག་ཏུ་དྲངས་པའི་དམ་པ་ཁྱུང་གི་བྱུང་རབས་ལས་“ཐོག་མར་ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་འགྲོ་དོན་ལ་དགོངས་ཏེ་བྱ་ཁྱུང་ལ་སྤྲུལ་ནས་ཞང་ཞུང་གི་ཡུལ་དུ་བབས་ཤིང་ཤུལ་དུ་སྒོ་ང་དཀར་ནག་སེར་ཁྲ་བཞི་བྱུང་སྟེ་དེ་དག་ལས་ཁྱིའུ་བཞི་འཁྲུངས་ནས་དམ་པ་ཁྱུང་གི་གདུང་རྒྱུད་གྲོལ་བའི་སྐོར་འཁོད་པར་”⒁གཞིགས་ན། ཁྱུང་ཞེས་པ་ཡ་ཐོག་བོད་མིའི་རུས་རྒྱུད་གྲོལ་ཕུག་གལ་ཆེན་ཞིག་ཡིན་པར་བསྟན་ཡོད་ཅིང་། ཁྱུང་ནི་སྤྱིར་བཏང་ངོས་སུ་འཛིན་པའི་མགོ་ལ་རྭ་སྐྱེས་ཤིང་རྒྱབ་ཏུ་འདབ་གཤོག་འཆང་བའི་བྱའི་རིགས་ཤིག་གཅིག་པོར་གོ་ཡི་མེད་པར་རུས་རྒྱུད་ཀྱི་གྲོལ་ཕུག་དང་རུས་རྒྱུད་དེ་མཚོན་པའི་བརྡ་རྟགས་ཤིག་མིན་ནམ་སྙམ།
        དེ་མིན་གཡུང་དྲུང་བོན་གྱི་སྲོལ་གཏོད་པོ་སྟོན་པ་གཤེན་རབ་ཀྱིས་སྣང་གཤེན་ཐེག་པ་བསྟན་པའི་སྐབས་སྒྲ་བླའི་སྐོར་ལ་“ཡེ་སྲིད་འཕྲུལ་གྱི་སྒྲ་བླ་དང་ཡེ་རྗེ་སྨོན་པའི་སྒྲ་བླ། ཡེ་དབང་མཐུ་ཡི་སྒྲ་བླ་གསུམ་ཞེས་གསུངས་པའི་ནང་ཚན་ཡེ་སྲིད་འཕྲུལ་གྱི་སྒྲ་བླ་ལས་སྒྲ་བླ་ཁྱུང་ནག་རལ་ཆེན་བྱུང་ཞིང་དེ་ལས་ཡེ་མཁྱེན་སྒྲ་བླའི་དམག་ཚོགས་གྲོལ་”⒂ཞེས་བསྟན་ཡོད་ལ། “སྒྲ་བླ་དེ་དག་ཀྱང་ཁྱུང་གི་གཟུགས་ཁོ་ན་ཡིན་ཞིང་གྲོལ་ཕུག་ཁྱུང་ནག་རལ་ཆེན་དང་ཡེ་ནས་སྲིད་པ་ཆགས་པའི་སྒྲ་བླ་”⒃ཤ་སྟག་ཡིན་ནོ༎ 
        དེ་བས་དོ་སྣང་བྱེད་དགོས་པ་ཞིག་ནི་《དབུ་ནག་མེའུ་འདྲ་ཆགས་》⒄ཞེས་པའི་བོན་དཔེའི་ནང་ཡ་ཐོག་སྐབས་བོད་མིའི་མེ་བོ་ཁྲི་ཐོ་ཞེས་པར་བཙུན་མོ་ཆེ་ཆུང་གསུམ་དང་བུ་དྲུག་ཡོད་པ་ལས་ཁྲི་ཐོས་བཙུན་མོ་ཆེ་བ་གཉན་བཟའ་བཀྲོངས་ཉེས་ཤོར་བརྟེན་བཙུན་མོའི་ཕ་གཉན་རྒན་རབ་ཏུ་ཁྲོས་ཏེ་ཁྲི་ཐོ་བསད་ཅིང་ཁོའི་བུ་དྲུག་པོས་གཉན་རྒན་ལ་ཕ་བསད་པའི་སྟོང་འཇལ་དུ་བཀུག་པའི་ཚེ་ན་ནམ་མཁའི་ཕྱྭ་ལྷས་བར་འདུམ་བྱས་ནས་གཉན་རྒན་གྱིས་ཁྲི་ཐོའི་བུ་ཆེ་བ་ལྡོང་ལ་འབྲུག་གཅིག འབྲིང་བ་དབྲ་ལ་ཁྱུང་གཅིག བུ་གསུམ་པ་བྲུ་ལ་གཡག་གཅིག བུ་བཞི་པ་སྒ་ལ་སྟག་གཅིག བུ་ལྔ་པ་དབའ་ལ་ར་གཅིག བུ་ཐ་ཆུང་ཟླ་ལ་ཁྱི་གཅིག་བཅས་འབྱིན་ནས་བསད་སྟོང་འཇལ་བའི་གཏམ་རྒྱུད་ངོ་མཚར་དང་ལྡན་པ་ཞིག་དྲངས་ཡོད་ཅིང་། ལེགས་པར་དཔྱད་ཚེ་དེ་ནི་ཡ་ཐོག་བོད་མིའི་གྲོལ་ཕུག་བསྟན་པའི་གཏམ་རྒྱུད་ཅིག་ཡིན་ཞིང་། གཏམ་རྒྱུད་འདིས་ལྷ་སྒྲུང་གི་རྣམ་པའི་ཐོག་ནས་ཡ་ཐོག་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་མ་ཟད། བསད་པ་སྟོང་འཇལ་བའི་ལུགས་སྲོལ་སྔར་ནས་ཡོད་པ་གསལ་པོར་བསྟན་ལ། གོང་གསལ་གཏམ་རྒྱུད་ནང་སྟོང་འཇལ་བའི་སྲོག་ཆགས་དེ་དག་གི་ཁྲོད་ཁྱུང་འཁོད་ཡོད་ཅིང་། དེ་མིན་“འབྲུག་དང་སྟག་གཡག་བཅས་བཞི་པོར་བོན་གཞུང་ནང་གཉན་ཆེན་སྡེ་བཞི་”⒅ཞེས་བརྗོད་སྲོལ་བྱུང་ཡོད་པ། སྲོག་ཆགས་བཞི་པོ་དེ་དག་ལྡོང་དང་། དབྲ། བྲུ།སྒ་བཅས་རུས་ཆེན་བཞི་དང་འབྲེལ་བ་དམ་ཟབ་ཡོད་པ་མངོན་ཞིང་། དེ་བས་ན་བོད་ཡུལ་སྟོད་སྨད་ཀུན་ཏུ་ཁྱབ་པའི་ཀླུང་རྟའི་དར་ངོས་སུ་ཁྱུང་གི་གཟུགས་རིས་བྲིས་ཤིང་།དེའི་སྐབས་ཀྱི་ཁྱུང་ནི་རུས་རྒྱུད་ཀྱི་མཚོན་རྟགས་ཙམ་མ་ཡིན་པར་མེ་དབལ་ནང་འགྱུར་མེད་ངང་ཚུགས་ཐུབ་པའི་“འེར་མ་ཁྱུང་ཆེན་ཡིན་སྟབས་དེས་འབྱུང་བ་མེ་མཚོན་”⒆ཞིང་། དེ་ལས་ཡ་ཐོག་གི་མེས་པོ་ཚོའི་དད་མོས་བསམ་བློའི་ནང་ཁྱུང་ལ་རང་བྱུང་ལས་འདས་པའི་ནུས་ཤུགས་ལྡན་པའི་སྐོར་སྒྲོ་བཏགས་བྱས་ཡོད་པ་ཤིན་ཏུ་གསལ།
        གོང་སྨོས་དང་ཅུང་མི་འདྲ་བ་ཞིག་ནི་བོན་གཞུང་ནང་ཁྱུང་དེ་འདབ་ཆགས་བྱ་རིགས་གྲས་སུ་དྲངས་ཡོད་པ་ནི།《མདོ་དྲི་མེད་གཟི་བརྗིད་》དུ་འདབ་ཆགས་བྱ་རིགས་བྱུང་བའི་རིམ་པ་བསྟན་སྐབས་“མཁའ་ལྡིང་རྒྱལ་པོ་བྱེའུ་དང་ཡིད་ཀྱི་བྱ་མ་བཤོས་པ་ལས་སྒོ་ང་བཞི་བརྡོལ་བའི་ནང་ནས་བྱའི་རྒྱལ་པོ་བཞི་བྱོན་པ་ཡིན་ལ་དེ་དག་ལས་སྟེང་ལྷའི་སྲིད་རྩེ་གནོན་ཞིང་ཤ་གཟན་གྱིས་འཚོ་བའི་ཁྱུང་གི་རྒྱལ་པོ་”⒇ཞེས་འཁོད་པར་དཔགས་ན། ཁྱུང་དེ་འདབ་ཆགས་ཀྱི་རིགས་ཤིག་ཡིན་པ་གསལ་བར་བསྟན་ཡོད། གོང་གསལ་ཁྱུང་གི་སྐོར་ལ་བོན་གཞུང་དང་བོད་མིའི་དད་མོས་བསམ་བློའི་ནང་གོ་གནས་ཇི་ལྟར་བཟུང་ཡོད་པ་རགས་ཙམ་གླེང་ནས་བརྗོད་བྱའི་སྙིང་པོ་ནི་ང་ཚོས་ཡ་ཐོག་སྐབས་ནས་བཟུང་མཐོ་སྒང་རྩེ་མོར་འཚོ་བའི་བོད་མི་ཚོས་ཁྱུང་ལ་དད་གུས་བྱེད་ཀྱི་ཡོད་མེད་སྐོར་ལ་མནོ་བསམ་བྱ་དགོས་པ་ཡིན་ཞིང་། ཁོ་བོས་འདོད་པར་ཁྱུང་ནི་རུས་ཀྱི་གྲོལ་ཁུངས་དང་བོན་གྱི་སྒྲ་ལྷར་དྲངས་པ་མ་ཟད།གཉན་ལྷ་བཞིའི་ཡ་གྱལ་དུ་བརྩི་བའི་སྲོལ་ཀ་ལས་མ་མཐར་ཡང་ར་སྤྲོད་ནུས་པ་ནི་ཡ་ཐོག་བོད་མི་ཚོའི་བསམ་བློའི་གཏིང་རུམ་དུ་ཁྱུང་ནི་སྤྱིར་བཏང་གི་བྱ་དཀྱུས་མ་ཞིག་མ་ཡིན་པར་རང་བྱུང་ལས་འདས་པའི་སྟོབས་ཤུགས་མངའ་ལ་སྐྱེ་བོའི་མགོན་སྐྱབས་དང་བོན་བསྟན་སྲུང་བའི་རོགས་དན།རུས་ཁུངས་གྲོལ་བའི་གཞི་མ་ཡིན་ཞིང་བོད་མིས་དེ་ལ་མོས་ཤིང་གུས་བཀུར་བྱེད་པ་ཨ་ཅང་བརྗོད་མེད་རེད།
        བོད་མིའི་དད་མོས་རིག་གནས་ཁྲོད་ཁྱུང་གི་གོ་གནས་ངེས་ཅན་བཟུང་བའི་སྐོར་སྨོས་རྗེས་ད་གཟོད་ཡིག་འབྲུ་ཨའི་སྐོར་བརྗོད་པར་བྱ་སྟེ། ཐོག་མར་ནང་བསྟན་མདོ་དང་བསྟན་བཅོས་ནང་དེའི་སྐོར་ལ་ཇི་ལྟར་འཁོད་ཡོད་མེད་མ་བཙད་པར་བོན་གཞུང་ནང་ཨ་ཡིག་སྐོར་ལ་ཇི་ལྟར་གསལ་ཡོད་པའི་སྐོར་མདོ་བརྗོད་པར་བྱ་སྟེ། དེ་ཡང་བོན་གྱི་དཔེ་རྙིང་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་བཞུགས་སོ་》ཞེས་པའི་ནང་དུ་“དང་པོ་ཡེ་མེད་སྟོང་པ་ལ།། དེ་ལ་ཡེ་ཡོད་ཅུང་ཙམ་སྲིད།། དེ་ལས་འབྱུང་བའི་རྒྱུ་ལྔ་སྲིད།། འབྱུང་བ་ལྔ་ཡི་སྙིང་པོ་ལས།། འོད་ཟེར་དཀར་པོ་གཅིག་ཏུ་སྲིད།། འོད་ཟེར་དཀར་པོའི་འཕྲོ་འདུ་ལས།། ཡི་གེ་ཨ་ནི་དཀར་པོ་སྲིད།། ཨ་དེ་འོད་དུ་ཞུ་བ་ལས།། འོད་ཀྱི་མི་ཕོ་ཚོན་གང་སྲིད།།”(21)ཅེས་ཨ་ནི་སྲིད་པ་ཆགས་སྐབས་འབྱུང་ལྔའི་སྙིང་པོ་ལས་གྲུབ་ཅིང་དེ་ཉིད་ལས་མི་ཕོ་ཚོན་གང་གྲོལ་བར་བསྟན་པ་ལས། ཨ་ཡིག་ནི་བོན་ཆོས་རིག་གནས་ནང་སྲིད་པ་ཆགས་པའི་མཚོན་བྱེད་རང་བཞིན་ལྡན་པའི་ཡིག་འབྲུ་དམིགས་བསལ་ཅན་ཞིག་ཡིན་པ་མ་ཟད། འཁོར་འདས་འཇིག་རྟེན་གྲུབ་པའི་འབྱུང་བ་སྣ་ལྔའི་རྒྱུ་ཚོགས་སྙིང་པོར་དྲིལ་ཞིང་འགྲོ་བའི་གྲོལ་ཕུག་བསྟན་པའི་ས་བོན་གྱི་ཡིག་འབྲུ་ཞིག་ཡིན་པ་ལམ་ཙམ་ཤེས་འོང་། ཡང་སྟོན་པ་གཤེན་རབ་མི་བོས་ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་གྱི་མདོ་བསྟན་པའི་ནང་“ཨ་ནི་སེམས་ཉིད་ཀྱི་ངོ་བོ་དང་དེ་ནི་སྟོང་པའི་རང་བཞིན་ཅན་ཡིན་པར་གསུངས་ཤིང་དེ་བས་ཀུན་དབྱིངས་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་རང་གི་ཐུགས་ཀ་ནས་ཡིག་འབྲུ་ཨ་བསྐྱེད་དེ་དཀྱིལ་འཁོར་གྱི་གཙོ་ལྷར་སྟིམས་ཤིང་ཨ་ལས་ནམ་མཁའ་མཐིང་གསལ་མུ་མེད་པ་འབྱམས་ཡས་པའི་ལྟེ་བ་མཚོན་པར་བྱེད་པའི་སྐོར་”(22)འཁོད་ཡོད་ལ། དེ་དང་ཅུང་འདྲ་བར་བོན་པོའི་བསྟན་བཅོས་དུ་“འབྱུང་བ་ལྔའི་བསྐྱེད་རྒྱུ་འམ་དཔའ་བོ་འབྲུ་ལྔར་བརྗོད་པའི་ཨ་ཡཾ་རྃ་མཾ་ཁཾ་བཅས་ལས་ཨ་ནི་ཀུན་གསལ་ནམ་མཁའི་མཚོན་བྱེད་དང་དེའི་འབྱུང་ཁུངས་སུ་དྲངས་”(23)པར་གཞིགས་ན། བོན་ཆོས་ནང་ཡིག་འབྲུ་ཨ་ནི་མཚོན་བྱེད་རང་བཞིན་ལྡན་པའི་བརྡ་རྟགས་ཤིག་ཡིན་པར་ཡོངས་སུ་ངེས་ཐུབ། འོན་ཀྱང་ཡིད་ཕམ་པ་ཞིག་ལ་བོན་གཞུང་དང་ལྷ་སྒྲུང་། དེ་བཞིན་གནའ་ནས་བོད་མིའི་ཁ་ལ་བྱང་བའི་ཤོད་སྲོལ་བཅས་ཀྱི་ནང་ཇི་ལྟར་བཙལ་ཡང་ཁྱུང་དང་ཨ་གཉིས་འབྲེལ་བ་ཡོད་པའི་ཁུངས་སྣེ་ཕྲ་མོ་ཙམ་ཡང་མེད་ལ། དེ་གཉིས་ནི་བོན་ཆོས་ནང་ཡོངས་སུ་ཐ་དད་པའི་ཆོས་གཉིས་ཡིན་པ་ལས་གོང་གསལ་《བོད་ཀྱི་བྲག་བརྐོས་རི་མོ་》ཞེས་པའི་དཔེ་དེབ་ནང་བརྗོད་པ་བཞིན་བྲག་སྟེང་གི་ཡིག་འབྲུ་ཨ་དང་མཁའ་ལ་ལྡིང་བའི་ཁྱུང་གཉིས་དབར་འབྲེལ་བ་ཡོད་པ་ཡིན་ཞེས་པའི་འོལ་ཚོད་ཀྱི་རྨོངས་གཏམ་དེ་ལྟ་བུ་ཅི་ལ་ཡིན་ཏེ་མ་ཡིན་ནོ།།
        གོང་གསལ་《བོད་ཀྱི་བྲག་བརྐོས་རི་མོ་》ཞེས་པའི་དཔེ་དེབ་ནང་ཨ་ནི་འདབ་ཆགས་བྱ་ལ་དད་པའི་ཐོ་ཐེམ་(图腾)ཡིན་ཞེས་པའི་དཔྱད་སྡོམ་ལ་མནོ་བསམ་བྱ་དགོས་པ་ཡིན་ཏེ། དེ་ཡང་ཐོག་མར་བོད་མིའི་དད་མོས་གོམས་སྲོལ་ནང་བྱ་ལ་དད་གུས་བྱེད་པའི་སྲོལ་ལུགས་ཡོད་དེ། དཔེར་ན་ནམ་འཕངས་ཡངས་པོར་གཅོད་པའི་བྱ་རྒྱལ་རྒོད་པོ་ནི་བྱང་སེམས་མཚོན་པའི་བྱ་ཞིག་ཡིན་ཞེས་རྒོད་པོར་དམིགས་བསལ་གྱི་དད་གུས་བྱེད་ལ་བྱ་ཆེན་ཁུ་བྱུག་ཅེས་བཀྲ་ཤིས་ལོ་ལེགས་མཚོན་པའི་བྱ་ཞིག་ཡིན་པ་དང་། བྱ་ཁྲ་སྐྱ་ཀ་དང་ཕོ་རོག་ནག་ཆུང་གཉིས་བསྟན་སྲུང་གི་སྤྲུལ་པ་ཡིན་པའི་བཤད་སྲོལ་སོགས་ལ་དཔགས་ན། བོད་མིའི་དད་མོས་བསམ་བློའི་ནང་གོང་གསལ་འདབ་ཆགས་དེ་དག་ནི་བྱའི་རང་བྱུང་གི་ངོ་བོ་ལས་བརྒལ་ཏེ་འཚོ་བའི་ཁྲོད་ཀྱི་དོན་བྱ་གང་ཞིག་མཚོན་ནུས་པའི་བྱེད་ལས་ལྡན་པ་བསྟན་ཡོད། བོན་གཞུང་ནང་“ཡེ་སྲིད་སྐབས་སྒོ་ང་རྡོལ་བའི་ནང་ནས་སྣང་བ་འོད་ལྡན་མཚོན་པའི་བྱ་གླག་དཀར་པོ་དང་མུན་པ་ནག་པོ་མཚོན་པའི་བྱ་གླག་ནག་པོ་གཉིས་སྲིད་པའི་སྐོར་གསུངས་”(24)ཤིང་། དེ་བས་ཏུན་ཧོང་ཡིག་རྙིང་ནང་“བྱ་མོ་འདེབས་པའི་ཡིག་ཚང་ལས་ཕོ་རོག་གི་སྐད་ལ་བརྟག་ནས་མ་འོངས་སྔོན་དཔགས་བྱེད་པའི་ལུགས་སྲོལ་”(25)མཆིས་པ་སོགས་མདོར་ན་ཡ་ཐོག་ནས་བཟུང་བོད་མི་ཚོས་རང་བྱུང་ཁམས་ལ་བསྒྱུར་བཀོད་དང་འཚོ་བའི་འཁོས་ཐབས་བགྱིས་པའི་བརྒྱུད་རིམ་ནང་རང་ཉིད་ཁོར་ཡུག་ཏུ་གནས་པའི་འདབ་ཆགས་རིགས་ལ་དོ་སྣང་དང་དེ་ཚོའི་ཁྱད་ཆོས་དང་བྱེད་ལས། གཤིས་རྒྱུད་སོགས་ལ་ལེགས་པར་བརྟག་ནས་དེ་དག་དང་རང་བྱུང་ཁམས་བར་གྱི་ལྐོག་གྱུར་འབྲེལ་བ་ལ་ཉམས་ཞིབ་བྱས་ཏེ་རང་ཉིད་ཀྱི་དད་མོས་བསམ་བློའི་ནང་བཙུད་ཡོད་པ་ནི་ཤིན་ཏུ་གསལ། དེ་ལྟར་ཡང་བོད་མིས་འདབ་ཆགས་རིགས་ལ་དད་གུས་བྱས་པ་ཙམ་གྱིས་དེ་ནི་ཐོ་ཐེམ་(Totem图腾)དད་གུས་རེད་ཅེས་སྨྲ་བའི་སྤོབས་པ་མེད་དེ། ཐོ་ཐེམ་(图腾)ཞེས་པའི་བརྡ་ཆད་དེ་ནི་ཐོག་མར་ཨེ་མི་རི་ཁ་གླིང་གི་དབྱིན་ཏན་མི་རིགས་ཀྱི་སྐད་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་གོ་དོན་ནི་“རུས་རྒྱུད་ག་གེ་མོ་ཞིག་གི་གཉེན་ཚན་དང་དེའི་བརྡ་རྟགས་”(26)ཞེས་པའི་དོན་ཁོ་ན་ཡིན་ལ། གདོད་མའི་མི་ཚོས་སྲོག་ཆགས་དང་རྩི་ཤིང་སོགས་ཀྱི་དངོས་པོ་གང་རུང་ཞིག་རང་གི་རུས་རྒྱུད་ཀྱི་འབྱུང་ཁུངས་དང་རུས་ཚོའི་མཚོན་རྟགས་སུ་བརྩི་བའི་དད་མོས་གོམས་སྲོལ་ཞིག་ལ་བརྗོད་འདུག བརྒྱ་ལ་རིག་གཞུང་ཁྱབ་ཁོངས་སུ་ཐོ་ཐེམ་(图腾)དད་མོས་ཞེས་པར་“ངོས་འཛིན་དང་འགྲེལ་ཚུལ་མི་འདྲ་བ་ཤིན་ཏུ་མང་”(27)ཞིང་། དུས་རབས་བཅུ་དགུ་པའི་ནང་བྱོན་པའི་འཇར་མན་གྱི་སེམས་ཁམས་རིག་པ་མཁས་དབང་ཧྥོར་དབྱི་ཏཱས་དེའི་སྐོར་གྱི་སྔོན་བྱུང་འགྲེལ་ཚུལ་ཁག་ལ་ཞིབ་དཔྱད་ལེགས་པར་བགྱིས་ཏེ་སྡོམ་ཚིག་གཞན་འདྲིང་མི་ཆོག་པ་ཞིག་བཞག་གནང་ཡོད་པ་དེ་རང་འཐད་པ་མཐོང་སྟེ། དེ་ཡང་ཁོང་གི་གྲགས་ཅན་བརྩམས་ཆོས་《ཐོ་ཐེམ་(图腾)དང་འཛེམས་བྱ་》ཞེས་པའི་ནང་“ཐོ་ཐེམ་(图腾)དད་གུས་ཀྱི་ངོ་བོ་དངོས་ནི་ཐོག་མའི་སྐབས་སུ་ཐོ་ཐེམ་(图腾)ནི་སྲོག་ཆགས་ལ་བྱེད་ཅིང་། དེ་ནི་རུས་ཚོ་མི་འདྲ་བའི་མི་ཚོའི་འབྱུང་ཁུངས་སུ་བརྩི་བ་མ་ཟད།ཐོ་ཐེམ་(图腾)དུ་གྱུར་བའི་སྲོག་ཆགས་གང་རུང་བཀོལ་སྤྱོད་མི་ཉན་པ་དང་ཐོ་ཐེམ་(图腾)གཅིག་ཡིན་པའི་རུས་ཚོའི་ནང་ཁུལ་དུ་གཉེན་བསྲེས་མི་རུང་བ་ཡིན་”(28)ཞེས་དཔྱད་སྡོམ་བཞག་ཡོད་པར་གཞིགས་ན། གོང་གསལ་དཔྱད་བྱ་དེར་ལན་མ་བཏབ་ཀྱང་ཤེས་ནུས་པ་ཡིན་ཏེ་ཐོ་ཐེམ་(图腾)གྱི་ངོ་བོ་དང་བོད་མིས་བྱ་ལ་དད་གུས་བྱེད་པའི་གོམས་སྲོལ་གཉིས་བར་འབྲེལ་བ་ཆེར་མི་ལྡན་ལ་རྐྱེན་རྣམས་ཡོངས་སུ་མི་ཚང་བའི་ཕྱིར། མིག་སྔར་བོད་ཀྱི་རིག་གནས་སྐོར་བརྗོད་པའི་དཔེ་དེབ་དང་རྩོམ་ཡིག་ནང་ཐོ་ཐེམ་(图腾)དད་མོས་ཞེས་པའི་ཚིག་གང་བྱུང་དུ་སྤྱོད་པའི་ལུགས་སྲོལ་ངན་པ་ཞིག་མཆིས་ཤིང་། དཔེར་ན་ཉི་ཟླའི་ཐོ་ཐེམ་(图腾)དད་མོས། རི་བོའི་ཐོ་ཐེམ་(图腾)དད་མོས། ཤིང་གི་ཐོ་ཐེམ་(图腾)དད་མོས་ཞེས་སོགས་ཉ་ཉུང་མཉམ་བསྲེས་ཀྱི་གཏམ་མང་དུ་བྱུང་བས་བློ་ལྡན་ཀུན་གྱིས་གནད་དེར་གཟབ་དགོས་པ་འདུག
        དེས་ན་ཡིག་འབྲུ་ཨ་ནི་བྱ་ལ་དད་གུས་བྱེད་པའི་ཐོ་ཐེམ་(图腾)ཡིན་ཞེས་པའི་གཏམ་ལ་ལུང་རིག་རྒྱབ་རྟེན་རྐང་མ་ཚུགས་པ་ཤིན་ཏུ་གསལ་ཞིང་། དེ་བས་ན་《བོད་ཀྱི་བྲག་བརྐོས་རི་མོ་》ཞེས་པའི་དཔེ་དེབ་ནང་འོལ་ཚོད་ཀྱིས་བྲག་སྟེང་འཁོད་པའི་ཨ་ཡིག་གི་གཟུགས་ནི་བྱ་རྒོད་དང་འདྲ་བའི་འགྲེལ་བརྗོད་ཁྱད་མཚར་ཞིག་བྱས་ཡོད་པ་ནི་“དབུ་ཆེན་ཨ་ཡིག་གི་ཡིག་མགོ་དེ་བྱའི་མགོ་ཡིན་པར་འཁྲུལ་བ་མ་ཟད་ཨ་ཡིག་ཚུགས་རིས་ཀྱི་ཐུ་བའི་གསེགས་དང་ཡས་འཕུར་གཉིས་བྱའི་འདབ་གཤོག་ཏུ་འཁྲུལ་ཏེ། དེ་ནི་འདབ་གཤོག་བརྐྱང་བའི་བྱ་གླག་གི་གཟུགས་དང་འདྲའོ་”(29)ཞེས་དགོད་བྲོ་བའི་གཏམ་ནག་ཆུང་ཡི་གེར་བཏབ་ཅིང་ཨ་ཡིག་བྱ་ལ་དད་པའི་ཐོ་ཐེམ་(图腾)ཡིན་ཞེས་པའི་གཏམ་ཡང་འཁྲུལ་ཤེས་ཀྱིས་བསླུས་པའི་སྒྲུབ་བྱེད་ཡ་མ་ཟུང་དེ་རང་ལ་བརྟེན་ཡོད་དོ།།
        ཕྱི་རྒྱལ་བ་ཇུན་པེ་ལེ་ཛ་ཡིས་སྤེལ་བའི་གོང་གསལ་དཔྱད་རྩོམ་ནང་བྲག་བརྐོས་ཡིག་འབྲུ་ཨ་ནི་གནའ་བོའི་ཞང་ཞུང་གི་ཡི་གེ་ཡིན་པ་དང་ཆེས་ཐོག་མའི་བོད་ཡིག་གི་རྣམ་པ་ཞིག་ཡིན་གྱི་རེད། ཅེས་པའི་དཔྱད་གཏམ་ལ་མཐའ་དཔྱོད་རགས་ཙམ་བགྱིས་ཏེ་དེང་སྐབས་བོད་རིག་པའི་ཁྱབ་ཁོངས་ཁྲོད་བོད་ཡིག་ཐོན་མིའི་གོང་ནས་ཡོད་མེད་ཀྱི་རྩོད་རྙོག་ནར་མར་བྱུང་ཞིང་། སྐབས་དོན་ང་ཚོས་དེ་ལྟ་བུའི་རྩོད་རྙོག་ནང་མ་ཞུགས་པར་བོན་གྱི་ལོ་རྒྱུས་དེབ་ཐེར་ནང་གསལ་བའི་ཞང་ཞུང་གི་ཡི་གེའི་སྐོར་དེ་རང་གི་ཐོག་ནས་དཔྱད་ཚེ་ཅུང་འཐད་པ་མཐོང་། ཡོངས་གྲགས་ལ་ཞང་ཞུང་གི་ཡི་གེ་ནི་ཐོག་མར་སྟོན་པ་གཤེན་རབ་མི་བོ་ཆེས་སྲོལ་གཏོད་པ་ནས་རིམ་བཞིན་ཞང་ཞུང་ཡིག་རྒན་དང་སྨར་དྲག་གཉིས་སུ་བསྒྱུར་ལ། ཞང་ཞུང་སྨར་ཡིག་ལས་སྨར་ཆེན་སྨར་ཆུང་ཞེས་ལོགས་སུ་དབྱེ་བཞིན་དེ་དག་ལས་“ཞང་ཞུང་ཡིག་རྒན་དང་སྨར་ཡིག སྨར་ཆེན་གསུམ་ནི་དོན་གཅིག་མིང་གི་རྣམ་གྲངས་ལས་ཡིག་གཟུགས་མི་འདྲ་བ་གསུམ་མིན་” (30)པ་མངོན་ཞིང་། མདོར་ན་“ཞང་ཞུང་གི་སྐད་རིགས་མི་འདྲ་བ་འགའ་བྱུང་བར་བརྟེན་ཡིག་གཟུགས་ཀྱང་མི་འདྲ་བ་ལོགས་སུ་གྱེས་པ་ཡིན་” (31)ཡང་རྩ་བའི་གསལ་བྱེད་སུམ་ཅུ་གྲངས་ཚང་ཐོག་གཟུགས་རིས་ཅུང་འགྱུར་བའི་རྣམ་པ་ཅན་ཤ་སྟག་ཡིན་ནོ༎ དེ་ལྟར་ན་ཕུག་པའི་བྲག་ལོགས་སུ་འཁོད་པའི་ཨ་ཡིག་དེ་གོང་གསལ་ཡིག་རིགས་གང་གི་ཁོངས་སུ་འདུ་འམ་ཞེ་ན། ད་ཡོད་ཞང་ཞུང་སྨར་ཆེ་ཆུང་གི་ཡིག་གཟུགས་ཀ་དཔེར་ཞིབ་པར་དཔྱད་ཚེ། ཕུག་པའི་བྲག་ལོགས་སུ་འཁོད་པའི་ཨ་ཡིག་དང་ཡོངས་སུ་གཅིག་མཚུངས་སུ་གནས་པ་སྤྱིའི་ཆར་མི་སྣང་ལ། དེ་ལས་ལྡོག་སྟེ་དུས་ད་ལྟ་བར་བཀོལ་བའི་བོད་ཡིག་གི་དབུ་ཅན་ཨ་གཉིས་གཅིག་མཚུངས་ཡིན་པས།ཡིག་འབྲུ་དེ་ཁོ་ནས་ཆེས་ཐོག་མའི་བོད་ཡིག་གི་རྣམ་པ་དང་དེ་ལས་ཇི་ལྟར་བརྒྱུད་ནས་འཕེལ་བའི་སྐོར་རྟོག་དཔྱོད་གསལ་པོ་ཞིག་བགྱིས་ཐབས་མེད་དོ།། དེ་བས་ཞང་ཞུང་སྨར་ཡིག་གི་གཟུགས་རིས་ཐད་མཁས་པ་སོ་སོའི་བློ་གྲོས་ཀྱི་རྩལ་དང་སོར་མོའི་འདུ་བྱེད་ལས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་སྟེ།དཔེར་ན་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》(32)དང་། 《ཞང་བོད་འཕྲུལ་ཡིག་བཞི་བཅུའི་དཔེ།》(33)དེ་བཞིན་《ཡིག་གཟུགས་སྣ་ཚོགས་ཀྱི་ཕྱི་མོ་མེ་ཏོག་ཕྲེང་བ།》(34)《བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ་》(35)བཅས་ཀྱི་ནང་དྲངས་པའི་སྨར་ཡིག་གི་ཀ་དཔེ་ལས་ཨ་ཡིག་གི་གཟུགས་རིས་ཅུང་མི་འདྲ་བ་ཤ་སྟག་བྱུང་(དཔེ་རིས་6)བས། སྟོན་པ་གཤེན་རབ་མི་བོས་སྨར་ཡིག་སྲོལ་གཏོད་སྐབས་ཀྱི་ཡི་གེའི་ཕྱི་མོར་གཟུགས་རིས་མི་འདྲ་བ་སྣ་ཚོགས་བྱུང་བ་མི་སྲིད་ལ། ཡང་སྙིང་ཞང་ཞུང་སྨར་ཡིག་གི་གཟུགས་རིས་ཅི་འདྲ་ཞིག་ཡིན་མིན་ཆ་འཇོག་དཀའ་བས་བྲག་སྟེང་གི་ཡིག་འབྲུ་ཨ་དེ་ཞང་ཞུང་ཡི་གེའོ་ཞེས་མཐའ་གཅིག་ཏུ་བརྗོད་པའི་སྤོབས་པ་མེད་དོ།།
        གཉིས། བྲག་བརྐོས་ཨ་ཡིག་གི་མཚོན་དོན་དང་བྱེད་ལས་དངོས་གླེང་ནས་རང་ལུགས་འཐད་ལྡན་དུ་སྒྲུབ་པ། སྲིད་པ་ཆགས་པའི་དུས་ནས་གཡུ་ཡི་མེ་ལོང་གངས་རིའི་པང་དུ་བཞག་པ་ལྟ་བུའི་གནམ་མཚོ་ཕྱུག་མོ་ཆིལ་ཆིལ་རླབས་ཕྲེང་གི་དོ་ཤལ་ལེགས་པར་སྤུད་ཅིང་། བྱང་གི་གཉན་ཆེན་ཐང་ལྷའི་བཙུན་མོའི་ཚུལ་དུ་བྱང་ཐང་ས་ཡི་ཐེག་ལེའི་རྒྱན་དུ་བཞུགས་ཤིང་། གནས་འདི་ནི་སྔོན་བྱོན་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་ཆར་གྱིས་བསྙིལ་བའི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན་ལ། བོད་མིའི་ཚོགས་གསོག་སྒྲིབ་སྦྱོང་དང་གཏན་བདེ་ངེས་ལེགས་ཀྱི་འབྲས་བུ་ལེན་པའི་གནས་དམ་པ་ཞིག་ཀྱང་ངོ་།། དེ་ལྟ་བུའི་ཁྱད་འཕགས་ཡོན་ཏན་ཚང་བའི་གནས་ཀྱི་དམ་པ་དེའི་མཐའ་འཁོར་ཕུག་པའི་ནང་མཚམས་བསྙེན་སྒྲུབ་བྱེད་པའི་སྒོམ་ཆེན་རི་ཁྲོད་པ་བར་ཆད་མྱོང་མེད་ཅིང་། བསྒོམ་རྟོག་གི་ཡོན་ཏན་རྒྱས་ཏེ་མཐར་ཐུག་གི་བདེན་པ་མཐོང་ནས་དག་ཞིང་ཉམས་དགའ་བར་གཤེགས་པའི་སྐྱེས་བུ་དམ་པ་མི་ཉུང་བ་བྱོན་ལགས། ཕུག་པའི་ནང་འཁོད་པའི་ཡིག་འབྲུ་ཨ་ནི་དེ་ལྟ་བུའི་བོད་མིའི་ཐུན་མིན་ཆོས་ལུགས་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། བོན་ཆོས་རིག་གནས་ཀྱི་སྙིང་བཅུད་“ཨ་རྫོགས་སྙན་གསུམ་ཞེས་ཡོངས་སུ་གྲགས་པའི་སྙན་རྒྱུད་ཟབ་ཆོས་ཀྱི་དང་པོ་བོན་གྱི་ཨ་ཁྲིད་” (36)ཅེས་པའི་བཀའ་སྲོལ་དང་འབྲེལ་བ་ཡོད་པར་ཁོ་བོ་འདོད་དོ།།
        དེ་ཡང་ཞིབ་པར་སྨོས་ན་བོན་གྱི་རྫོགས་ཆེན་ཆོས་བརྒྱུད་ཀྱི་ཡ་གྱལ་“ཨ་ཁྲིད་ནི་ཐོག་མར་དུས་རབས་11སྐབས་བྱོན་པའི་རྨེའུ་དགོངས་མཛོད་རི་ཁྲོད་ཆེན་མོས་སྲོལ་གཏོད་པ་ཞིག་ཡིན་”(37)ཞིང་། ཁོང་གིས་བོན་གྱི་རི་ཁྲོད་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་སྒོ་འཕར་ཕྱེ་སྟེ་བསྟན་པ་རྒྱ་ཆེར་སྤེལ།དེ་རྗེས་དུས་རབས་13སྐབས་བྱོན་པའི་བོན་གྱི་མཁས་དབང་བྲུ་ཆེན་རྒྱལ་བ་གཡུང་དྲུང་མཆོག་གིས་ཨ་ཁྲིད་ཀྱི་རིག་པའི་གཞུང་ལུགས་མ་བུ་ཆ་ལག་དང་བཅས་པ་ཚང་བར་གཏན་ལ་ཕབ་སྟེ་ཕྱི་རབས་བོན་པོ་རྣམས་དབེན་ཁྲོད་སྒོམ་སྒྲུབ་ཉམས་ལེན་སོར་དུ་ཆུད་པའི་རྩ་བའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུར་གྱུར་ཡོད། མཁས་དབང་གང་དེས་བརྩམས་པའི་《ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་ཆ་ལག་དང་བཅས་པ་བཞུགས་སོ་》ཞེས་པའི་གཞུང་དེ་ཉིད་བོན་གྱི་རིག་གཞུང་བསྟན་བཅོས་ནང་གལ་ཆེའི་བརྩམས་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། གཞུང་དེ་ནི་བོན་པོ་ཚོས་ཨ་ཁྲིད་ཆོ་ག་སྒྲུབ་ཅིང་ཉམས་ལེན་གནད་དུ་བསྟར་བའི་ཕྱི་མོ་ཉག་ཅིག་ཏུ་བརྩི། དེ་ཡང་གོང་གསལ་དཔེ་ཆའི་ནང་ཨ་ཁྲིད་ཞི་གནས་སྒྲུབ་པའི་སྐོར་ལ་“མཚན་བཅས་ལ་སེམས་བཟུང་བ་དང་མཚན་མེད་རྣམ་པར་བཞག་པ། གནས་ལུགས་དོན་ལ་ངོ་སྤྲོད་པ་ཞེས་པའི་ནང་གསེས་མཚན་བཅས་ལ་སེམས་བཟུང་བའི་ཆོ་ག་དང་སྒོམ་རིམ་བསྟན་སྐབས་འདི་ལྟར་འཁོད་ཡོད་དེ། སྔ་དྲོ་དང་པོ་ནམ་མཁའ་གསལ་མ་ཁད་སློབ་མ་རྣམས་ཁྲུས་ནས་བཏོན་འདུག་ས་བདེ་བར་བཞག་ལ་མོས་གུས་བསྐྱེད་དེ་གསོལ་བ་འདེབས་མདུན་དུ་གཏོར་མའི་རྩེར་མཐིང་ཤོག་ལ་ཨ་བྲིས་པ་ཤིང་མཐོ་དམན་རན་པར་བསྐྱོན་ཏེ་བཙུགས་ལ་མཐའ་སྐོར་དུ་མི་ཁྱིའི་ཀུ་ཅོ་ལ་སོགས་མེད་པར་ཤིན་ཏུ་དབེན་ཅིང་འགོལ་བར་བྱ་”(38)ཞེས་དང་། ཡང་དེ་ལས་རྗེ་དགོངས་མཛོད་ཆེན་མོའི་གདམས་ངག་དྲངས་ཏེ་“མིག་འབྱེད་འཛུམས་མེད་པར་མདུན་གྱི་ཡིག་འབྲུ་ཨ་ལ་ཕུབ་ཐོག་ཏུ་མདུང་སྒྲིལ་བའམ་འབེན་ལ་མདའ་འཕེན་པ་བཞིན་དགོས་སོ་” (39)ཞེས་སོགས་བྱུང་ཞིང་། དེ་ལྟར་ན་གནམ་མཚོའི་མཐའ་འཁོར་གྱི་ཕུག་པའི་ནང་འཁོད་པའི་ཡིག་འབྲུ་ཨ་ནི། བོན་གྱི་ཨ་ཁྲིད་གདམས་ངག་ཡིད་ལ་བཅངས་ཤིང་ཆོ་ག་གནད་དུ་འཁྱོལ་བའི་བོན་པོ་རི་ཁྲོད་པ་ཚོས་མཚན་བཅས་སེམས་བཟུང་བའི་ཉམས་ལེན་བསྟར་སྐབས་སྒོམ་པ་པོའི་ཐད་ཀྱི་བྲག་ལོགས་སུ་སྒོམ་བྱ་མཚན་བཅས་ཀྱི་ཡིག་འབྲུ་ཨ་བྲིས་པ་ཙམ་ལས།འདབ་ཆགས་བྱ་ཡི་ཐོ་ཐེམ་བརྡ་རྟགས་དང་བོད་ཡིག་གསར་གཏོད་སྐབས་ཀྱི་ཡི་གེའི་མ་ཕྱི་སོགས་སྤྱི་བརྟོལ་གྱི་གཏམ་དེ་དག་དང་འབྲེལ་བ་རྟ་རྔ་ཙམ་ཡང་མེད་དོ།།
        དེ་ཡང་ཡིན་ཏེ་གཅིག་ནས་གནམ་མཚོའི་ཕུག་པའི་ནང་བོན་པོ་རི་ཁྲོད་པ་ནར་མར་བྱོན་པའི་རྒྱུ་མཚན་ཡོད་དེ་བྱང་གི་གནམ་མཚོ་ཕྱུག་མོ་ནི་བོན་གྱི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན་ཞིང་། བོན་གཞུང་ནང་“གཉན་ཆེན་ཐང་ལྷའི་བཙུན་མོ་བྱང་གནམ་མཚོ་ཕྱུག་མོ་རྡོ་རྗེ་ཀུན་གྲགས་མ་ནི་ཡེ་སྲིད་དུས་ཀྱི་བོན་གྱི་བླ་མཚོ་རྩ་ཆེན་ཞིག་ཡིན་པར་”(40)བསྟན་ཞིང་། 《གནམ་མཚོའི་གནས་ཡིག་དད་པའི་ཆུ་རྒྱུན་》ལས་“སྒྲུབ་པའི་གནས་མཆོག་འདི་རྣམས་སུ༎ ཕྱིས་འབྱུང་སྒྲུབ་པ་བྱེད་མི་རྣམས།། སྙིང་རུས་སྡུག་བསྲན་བསྐྱེད་ནས་ཀྱང་།། ཐོས་བསམ་སྒོམ་པ་ནན་ཏན་མཛོད།། གཞན་དུ་ལོ་བརྒྱ་སྒོམ་པ་བས།། གནས་འདིར་སྐད་ཅིག་བསྒོམ་ན་ཡང་།། ས་ལམ་སྒྲུབ་པ་པ་ཕུལ་ཆེ་བས།། བྱང་ཆུབ་སྒྲུབ་ན་གནས་འདིར་སྒྲུབ།།”(41) ཅེས་རི་ཁྲོད་པ་རྣམས་དགེ་སྦྱོར་འཕེལ་ཞིང་དོན་སྙིང་ལོན་པའི་གནས་མཆོག་དམ་པར་གྱུར་ཡོད་པས་ན་བོན་པོ་རི་ཁྲོད་པ་དལ་འགྲོའི་རྒྱུན་བཞིན་གནས་དེར་མཚམས་བསྙེན་སྒྲུབ་ཏུ་ཕེབས་རྒྱུ་ཁོ་ཐག་ཡིན་ཞིང་། དེ་བས་གནམ་མཚོའི་བཀྲ་ཤིས་དོ་ནི་མུ་ཁྲི་བཙན་པོའི་སྐབས་བཏབ་པའི་“བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་གྱི་ཡ་གྱལ་ཞིག་ཡིན་”(42)ལ། གནས་དེར་“ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་ཞབས་ཀྱིས་བཅགས་ནས་ཡུན་རིང་བར་སྒྲུབ་པ་ཉམས་ལེན་གནང་སྟེ་བསྟན་པ་སྤེལ་བའི་སྐོར་ཆོས་འབྱུང་ལོ་རྒྱུས་ཁག་ནང་གསལ་”(43)བར་གཞིགས་ན། བྱིན་རླབས་ཆེ་བའི་གནས་དེ་ལྟ་བུར་བོན་པོ་རི་ཁྲོད་པ་བུང་བའི་ཚོགས་བཞིན་འཁོར་ཏེ་སྒྲུབ་པ་ཉམས་ལེན་གནང་བར་ཡ་མཚན་དགོས་དོན་མེད་ལ་ཕུག་པ་ཁག་ནང་ཨ་ཡིག་འཁོད་པའི་ཐོག་མའི་འབྱུང་རྐྱེན་ཡང་ར་འཕྲོད་ནུས། ཡང་གོང་གི་《ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་ཆ་ལག་དང་བཅས་པ་བཞུགས་སོ་》ཞེས་པའི་ནང་ཨ་ཡིག་མཐིང་ཤོག་ལ་བྲིས་ཏེ་གཏོར་མའི་སྟེང་བཙུགས་པའི་ཆོ་ག་དང་ཨ་ཡིག་བྲག་ལོགས་སུ་བྲིས་པ་གཉིས་འགལ་ལོ་ཞེས་ན་སྐྱོན་མེད་དེ། གོང་གསལ་གྱི་ཆོ་ག་ནི་ཡུལ་དུས་ཆ་རྐྱེན་འཛོམས་པའི་སྒྲུབ་པ་པོར་བལྟོས་ཀྱིས་མི་ཚེ་རི་ཁྲོད་སྒྲིམས་ཤིང་ལྟོ་གོས་སྤྲང་ལ་བཅོལ་བའི་སྒོམ་ཆེན་ལ་དེ་ཙམ་གྱི་སྤྲོས་པ་རྒྱ་ཆེར་མི་དགོས་པ་ནི་མཚན་བཅས་ཀྱི་ཡིག་འབྲུ་ས་རྡོ་རི་བྲག་གང་གི་ཐོག་ཏུ་བཏབ་སྟེ་སྒོམ་ཡང་ཆོ་གའི་གོ་རིམ་མ་འཁྲུགས་ཤིང་གདམས་ངག་གནད་དུ་འཁྱོལ་ཏེ་སྒོམ་བསྲན་ཆེ་བས་ཀྱང་གནས་ལུགས་ར་འཕྲོད་པའི་ཕྱིར།
        གཉིས་ནས་ཞི་གནས་སྒྲུབ་པར་དབེན་པའི་ཁོར་ཡུག་དགོས་པ་ཀུན་གྱིས་ཤེས་ཤིང་བོན་གྱི་ཨ་ཁྲིད་ནི་གཞི་གནས་སྒྲུབ་ཅིང་གནས་ལུགས་ར་སྤྲོད་པའི་ལག་ལེན་དམར་ཁྲིད་ནུས་ལྡན་ཞིག་ཡིན་བརྟེན། དེ་ལག་ལེན་འཁྱོལ་བར་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ལྟ་བུའི་ཁོར་ཡུག་ཅིག་དགོས་ཏེ་གནས་དེར་མི་ཁྱིའི་ཀུ་ཅོ་མེད་ལ་འདུ་འཛིའི་འཁྲུག་ལོང་ཡང་མེད་པས་སྒོམ་ཆེན་དགེ་སྦྱོར་ལ་བོགས་ཐོན་པའི་དབེན་གནས་ཉམས་དགའ་བ་ཞིག་ཡིན་སྟབས། གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་ཡིག་འབྲུ་ཨ་མང་དུ་བྱུང་བའི་ཕྱི་རྐྱེན་ཡང་དེར་རགས་ལུས་ཡོད་སྙམ།
        གསུམ་ནས་བོན་པོས་ཞི་གནས་སྒྲུབ་སྐབས་མཚན་བཅས་ཀྱི་དམིགས་པ་ཡིག་འབྲུ་ཨ་ཁོ་ནར་བྱེད་པའི་རྒྱུ་མཚན་ཅི་ལགས་ཞེ་ན། གོང་དུ་སྨོས་ཟིན་པ་ལྟར་བོན་པོའི་ཆོས་ལུགས་རིག་གནས་ཁྲོད་ཨ་ཡིག་ནི་མཚོན་བྱེད་རང་བཞིན་ལྡན་པའི་ཡིག་འབྲུ་ཁྱད་པར་ཅན་ཞིག་ཡིན་པ་ནི་སྲིད་པ་ཆགས་པའི་གཞི་མ་དང་སེམས་ཉིད་ཀྱི་ངོ་བོ་སྟོང་པའི་རང་བཞིན་ཅན་མཚོན་ཞིང་། འབྱུང་བ་ལྔའི་བསྐྱེད་རྒྱུ་འམ་དཔའ་བོ་འབྲུ་ལྔར་བརྗོད་པའི་ཀུན་གསལ་ནམ་མཁའི་མཚོན་བྱེད་ཡིན་པ་བཅས་ཨ་ནི་མཚོན་བྱེད་རང་བཞིན་ལྡན་པའི་བརྡ་རྟགས་ཡིག་འབྲུ་དམིགས་བསལ་ཅན་ཞིག་ཡིན་སྟབས་མཚན་བཅས་ཀྱི་དམིགས་པ་ཡིག་འབྲུ་ཨ་ལ་བྱེད་དགོས་དོན་ཡང་ཡོངས་སུ་ཤེས་ནུས། དེ་མིན་ཨ་ཡིག་དང་གཡུང་དྲུང་གཉིས་ལྷན་དུ་བྲག་སྟེང་དུ་བཀོད་པ་ཅི་ལགས་ཞེ་ན། 《ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་ཆ་ལག་དང་བཅས་པ་བཞུགས་སོ་》ཞེས་པ་ལས་“རྒྱུན་དུ་བསྒོམ་པའི་དམིགས་རྟེན་ཐེག་ལེ་དང་ལྷ་སྐུ་ཨ་གཡུང་དྲུང་བཅས་གང་བདེ་ལ་གཏད་དེ་བཞུག་གོ་”(44)ཞེས་གསལ་བ་ལྟར་གཡུང་དྲུང་དེ་ཡང་ཨ་ཡིག་དང་འདྲ་བར་མཚན་བཅས་ཀྱི་དམིགས་རྟེན་ཡིན་པས་དེ་གཉིས་ལྷན་དུ་བྱུང་བར་བྱེད་ལས་གཅིག་མཚུངས་ལྡན་པས་ཐེ་ཚོམ་བྱེད་དོན་མེད་དོ་སྙམ། ཡང་དེ་མིན་ཨ་ཡིག་མཆོད་རྟེན་གྱི་བུམ་པའི་ནང་བཀོད་པའི་རྒྱུ་མཚན་ནི་“ནང་བསྟན་གྱི་མཆོད་རྟེན་ཁག་མ་བྱུང་གོང་སྟོན་པ་གཤེན་རབ་མི་བོ་ཆེའི་སྐབས་གསས་མཁར་ལྷ་རྩེ་དགུང་ནམ་བཞེངས་པ་ལ་བརྟེན་ནས་རིམ་བཞིན་འགྲོ་བ་རབ་འདྲེན་མཆོད་རྟེན་དང་ཁོ་མ་རུ་རིངས། གཡུང་དྲུང་བཀོད་ལེགས།གསས་མཁར་སྒྱོགས་པ་རྩེ་དགུ ལོ་པཎ་ཤེལ་གྱི་མཆོད་རྟེན་རྩེ་གསུམ་པ་སོགས་རབ་དང་རིམ་པ་བྱུང་”(45)ཞིང་། དེ་དག་ལས་ཐུན་མོང་དུ་གྱུར་བའི་“གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་ཆ་ཚད་དང་མཚོན་བྱེད་བསྟན་སྐབས་སྟོན་པ་གཤེན་རབ་ཀྱི་སྐུའི་ཚད་ལྟར་སྦྱར་ནས་བུམ་དཀྱིལ་ཐུགས་ཀར་འཁེལ་བ་གསུངས་”(46)ཤིང་། དེ་ལྟར་ན་མཆོད་རྟེན་གྱི་བུམ་ནང་ཨ་བྲིས་པ་ཡང་ཐུགས་ཀ་སེམས་ཀྱི་མཚོན་བྱེད་དེ་རང་ཡིན་པར་མད་ལ་དགོས་པ་ནི་གོང་སྨོས་མཚན་བཅས་ཀྱི་དམིགས་རྟེན་དེ་རང་ཡིན་པར་འདོད།
        གསུམ་པ། ཡིག་འབྲུ་ཨ་འཁོད་པའི་བྲག་བརྐོས་རི་མོའི་ལོ་རབས་དཔྱད་པ།
        མིག་སྔར་རིག་གཞུང་ཁྱབ་ཁོངས་སུ་བྲག་བརྐོས་རི་མོའི་ལོ་རབས་བརྩི་སྐབས་གཙོ་བོ་“བྲག་བརྐོས་རི་མོའི་ནང་གི་ཅ་དངོས་བསྡུར་དཔྱད་དང་སྲོག་ཆགས་རིགས་དབྱེ། སོལ་བ་14ཚད་འཇལ། སོན་འབྲུའི་འགྱུར་རྡོ་རྟོག་དཔྱོད། དེ་བཞིན་སྒྱུ་རྩལ་ཁྱད་ཆོས་བསྡུར་བའི་བྱ་ཐབས་སོགས་སྤྱད་ནས་ལོ་རབས་དུས་ཚོད་འཚོལ་ཞིབ་བྱེད་”(47)ཅིང་། བོད་ཀྱི་བྲག་བརྐོས་རི་མོའི་ལོ་རབས་ཐད་བརྐོས་འབྲིའི་ཐབས་རྩལ་དང་རི་མོའི་ཁྱད་ཆོས། བརྗོད་བྱ་སོགས་ཕྱོགས་བསྡུས་ཀྱིས་སྔ་བར་ཕྱི་གསུམ་དུ་དབྱེ་ཡོད་པ་ལས། “སྔ་མ་ནི་བོད་ཀྱི་ལྕགས་ཆས་དུས་རབས་ཀྱི་གོང་སྟེ་ད་ནས་རྩིས་པའི་ལོ་ངོ་3000གོང་ནས་སྤྱི་ལོའི་དུས་རབས་དང་པོའི་སྐབས་ཀྱི་དུས་རིམ་དུ་འཁེལ་ཞིང་། བར་མ་ནི་བོད་ཀྱི་ལྕགས་ཆས་དུས་རབས་ཀྱི་མཐའ་མཇུག་ནས་རྒྱལ་ཕྲན་སིལ་མའི་དུས་སྐབས་ཏེ་ད་ནས་རྩིས་པའི་ལོ་ངོ་2000གོང་ནས་སྤྱི་ལོའི་དུས་རབས་བདུན་པའི་བར་དང་། ཕྱི་མ་ནི་སངས་རྒྱས་ཆོས་ལུགས་དར་བ་ནས་གཞི་རྐང་ཚུགས་པའི་དུས་ཏེ་སྤྱི་ལོའི་དུས་རབས་བདུན་པ་ནས་ཉེ་རབས་བར་དུ་བརྩི་བཞིན་མཆིས།མ་གཞི་ལོ་དུས་དབྱེ་ཚུལ་དེ་བཞིན་ད་རུང་མི་འདང་བའི་ཆ་མང་དུ་མཆིས་ཀྱང་རྩ་བའི་ཐོག་ནས་བོད་ཀྱི་བྲག་བརྐོས་རི་མོའི་ལོ་རྒྱུས་འཕེལ་རིམ་དང་ཅུང་མཐུན་”(48)པས་ན། བོད་ཀྱི་གནའ་དཔྱད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་གོང་གསལ་ལོ་དུས་དབྱེ་ཚུལ་དེ་ཁོ་ན་མི་ཀུན་ཁ་འཆམ་པ་ཡིན།
        དེས་ན་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་འཁོད་པའི་ཡིག་འབྲུ་ཨ་དེ་ཉིད་དུས་ནམ་ཞིག་སྲིད་པའི་བྲག་སྟེང་དུ་ཐོན་ནམ་ཞེ་ན། གནད་དེ་ཇི་ལྟར་དཔྱད་ཀྱང་བོད་ཀྱི་དུས་སྔ་མ་དང་བར་པ་གང་གི་བྲག་བརྐོས་རི་མོའི་དུས་རིམ་ནང་མི་ཐེ་ཞིང་གུང་སྒྲིག་དཀའ་བ་ཡིན་ཏེ། གོང་དུ་བརྗོད་ཟིན་པ་ལྟར་ད་ནས་རྩིས་ལོ་ངོ་3000གོང་ནི་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ནང་གི་ལྕགས་ཆས་སྤྱོད་པའི་ཐོག་མའི་དུས་སྐབས་ཡིན་ཞིང་། དེའི་ཚེ་བོན་གྱི་ཆོས་ལུགས་དར་ཡོད་པ་སྲིད་ཀྱང་ཡར་ལྷ་མཆོད་པ་དང་མར་འདྲེ་བཀར་བའི་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་ཞིག་ལས་གཞི་ལམ་འབྲས་གསུམ་གྱི་རིག་གཞུང་འཐུས་སྒོ་ཚང་ཞིང་། ཞི་གནས་ཏིང་འཛིན་སྒྲུབ་པའི་གཞུང་ལུགས་མ་ལག་དང་ལྡན་པ་ཞིག་གྲུབ་མེད་པ་གོར་མ་ཆག ལོ་རྒྱུས་དེབ་ཐེར་ནང་“གཉའ་ཁྲིའི་གོང་གི་བོན་ནི་ཤེས་པ་ཅན་བཅུ་གཉིས་ཞེས་ཆོ་གའི་རང་བཞིན་གྱི་བོན་”(49)ཙམ་ལས་གཞུང་ལུགས་སོགས་ཀྱི་བཀའ་བསྟན་མེད་ལ། རྫོགས་ཆེན་ཨ་ཁྲིད་ཅེས་པའི་ཁྲིད་རྒྱུན་ནི་དེ་བས་ཀྱང་ཡོང་མི་སྲིད་ཅིང་། བོན་གྱི་ཆོས་འབྱུང་ལོ་རྒྱུས་ཁག་ནང་“གནམ་གྱི་ཁྲི་བདུན་སྐབས་ཞང་ཞུང་ཡུལ་ནས་གཡུང་དྲུང་བོན་གྱི་བསྟན་པ་ཡོངས་སུ་དར་ཏེ་རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས་མངའ་རིས་ནི་རྒྱལ་པོའི་མངའ་རིས་སུ་གྱུར་བ་གསུངས་”(50)ཤིང་། དེ་བས་ན་སྐབས་དེར་བོད་དུ་བོན་གྱི་འདུ་གནས་སུམ་ཅུ་རྩ་བརྒྱད་དང་སྔགས་ཀྱི་སྒྲུབ་སྡེ་སོ་བདུན་བཏབ་སྟེ་འཆད་ཉན་གྱི་བསྟན་པ་ཤིན་ཏུ་དར་ལ། སྔགས་སེམས་ཀྱི་ཉམས་ལེན་ལུ་གུ་བརྒྱུད་ལྟར་མཆིས་སྟབས་རི་ཁྲོད་དབེན་པ་བསྟེན་པའི་སྒོམ་ཆེན་མི་ཉུང་བ་ཞིག་བྱོན་ཞིང་སྙན་ནས་སྙན་དུ་བརྒྱུད་པའི་“དགོངས་ཉམས་ཀྱི་རྒྱུད་པ་ནི་མུ་ཁྲི་བཙན་པོའི་སྐབས་བྱོན་པའི་ལོ་པཎ་མི་བཞི་སྟེ་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན།གྱིམ་ཚ་རྨ་ཆུང་། ལྕེ་ཚ་མཁར་བུ་བཅས་ནས་ཟམ་མི་ཆད་པར་བརྒྱུད་ཀྱང་ལོ་རྒྱུས་ཀྱི་དུས་རིམ་ཞིག་ནང་རྐྱེན་སྣ་ཚོགས་པས་དགོངས་ཉམས་ཀྱི་བརྒྱུད་པ་སྟོངས་ལ་ཁད་དུ་གྱུར་ཅིང་ཕྱིས་སུ་རྨེའུ་དགོངས་མཛོད་རི་ཁྲོད་ཆེན་པོ་བྱོན་ནས་དགོངས་ཉམས་ཀྱི་བརྒྱུད་པའི་སྲོལ་སླར་གསོ་གནང་”(51)སྟེ་དར་རྒྱས་ཆེས་ཆེར་བཏང་བ་མ་ཟད། ཨ་ཁྲིད་ཅེས་པའི་སྲོལ་ཀ་ཟུར་དུ་ཕྱེ་ནས་དགོངས་ཉམས་བརྒྱུད་པའི་བསྟན་པ་སླར་ཡང་རྒྱས་པར་མཛད། དེ་ལྟར་ན་བོན་གྱི་སྙན་བརྒྱུད་ནི་མུ་ཁྲི་བཙན་པོའི་སྐབས་ནས་དར་ཡོད་ཀྱང་ཨ་ཁྲིད་ནི་རྨེའུ་དགོངས་མཛོད་རི་ཁྲོད་པ་ཆེན་པོའི་སྐབས་ནས་བྱུང་བར་བརྟེན། གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་འཁོད་པའི་ཡིག་འབྲུ་ཨ་ནི་བོན་གྱི་ཨ་ཁྲིད་སྲོལ་ཀ་དར་བ་ནས་བྱུང་བ་ཞིག་ཡིན་པར་རིགས་པས་དཔྱད་ནུས། མདོར་ན་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་འཁོད་པའི་ཡིག་འབྲུ་ཨ་འབྲི་བའི་ལོ་རབས་ནི་ཇི་ལྟར་སྔ་ཡང་དུས་རབས་11གོང་དུ་མིན་པ་མདུན་གྱི་དབྱེ་ཞིབ་ལས་རགས་ཙམ་ཤེས་ནུས་སོ།།
        མཇུག་བསྡུ་བའི་གཏམ།
        བོད་ཀྱི་བྲག་བརྐོས་རི་མོར་ཞིབ་འཇུག་བྱེད་རྒྱུ་ནི་མིག་སྔར་མུ་མཐུད་ཤུགས་སྣོན་ཆེས་ཆེར་རྒྱག་དགོས་པའི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། དེ་འབྲེལ་གྱི་ཞིབ་འཇུག་བགྱིས་པ་ཡང་ངེས་པར་དུ་བོད་ཀྱི་རིག་གནས་རྒྱབ་ལྗོངས་དང་རིག་གནས་ཁོར་ཡུག་ཁྲོད་བཞག་ནས་དཔྱད་གཞི་བཙལ་འཚོལ་དང་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་ལས། གང་བྱུང་འོལ་ཚོད་ཀྱིས་ཁ་ཚོན་གཅོད་ཐལ་མི་འོས་ཤིང་། ཡང་སྒོས་བོད་བྱང་ཕྱོགས་གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་གསལ་བའི་ཨ་ཡིག་བྲག་བརྐོས་དེ་དག་ནི་བོན་གྱི་རྫོགས་ཆེན་ཨ་ཁྲིད་ཅེས་པའི་ཆོ་གའི་ལག་ལེན་ཁྲོད་མཚན་བཅས་ལ་དམིགས་པ་བཟུང་བའི་རྟེན་དོད་ཅིག་ཡིན་པ་ལས། བྱ་ཁྱུང་དང་འབྲེལ་བ་མེད་ལ་འདབ་ཆགས་ལ་དད་གུས་བྱེད་པའི་ཐོ་ཐེམ་ཞིག་ཅི་ནས་ཀྱང་མིན་ཞིང་དེ་ལྟ་བུའི་བྲག་བརྐོས་ཡི་གེ་ནི་དུས་རབས་བཅུ་གཅིག་སྐབས་ནས་བྱུང་བ་ཞིག་ཡིན་པ་ལས། ཞང་ཞུང་གི་ཡི་གེ་ཡིན་པ་དང་བོད་ཡིག་གསར་གཏོད་སྐབས་ཀྱི་ཕྱི་མོ་ཡིན་པའི་ཁུངས་དང་སྒྲུབ་བྱེད་མེད་དོ།།
        དེ་བས་བོད་ཀྱི་བྲག་བརྐོས་རི་མོ་ནི་ཡ་ཐོག་ནས་ཉེ་རབས་བར་ལོ་ངོ་སྟོང་ལ་བརྒལ་བའི་ལོ་རྒྱུས་ལྡན་ཡོད་ལ། རི་མོའི་བརྗོད་བྱ་དང་ཁྱད་ཆོས་སོགས་འགྱུར་བ་མང་ཞིང་དེ་འབྲེལ་གྱི་དཔྱད་གཞིའི་ཡིག་ཚང་ཤིན་ཏུ་དཀོན་པས། ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་ཡོང་རྒྱུར་དཀའ་ཁག་ཆེ་སྟབས་ངེས་པར་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་དེང་རབས་གནའ་དཔྱད་རིག་པ་སོགས་ཀྱི་ཞིབ་འཇུག་ཐབས་ཤེས་དང་།ལྷག་དོན་བོད་ཡིག་གི་དེབ་ཐེར་བསྟན་བཅོས་ཁག་ཟུང་འབྲེལ་གྱིས་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བ་མཐོང་ངོ་།།ད
        མཆན་འགྲེལ།
            ①西藏自治区文物管理委员会编:《西藏岩画艺术》,成都:四川人民出版社,1994年,第11页。
            ②杜齐著,向红笳译:《西藏考古》,拉萨:西藏人民出版社,2004年,第17页。
            ③西藏自治区文物管理委员会编:《西藏岩画艺术》,成都:四川人民出版社,1994年,第11、14页。
            ④张亚莎著:《西藏的岩画》,西宁:青海人民出版社,2006年,第287页。
            ⑤ John Vincent Bellezza. Divine Dyads: Ancient Civilization in Tibet. Library of Tibetan Work and Archives. Dharamsala, New Delhi:1997,P.215
            ⑥张亚莎著:《西藏的岩画》,西宁:青海人民出版社,2006年,第292页。འདྲ་བ་ལྔ་ཙམ་མཆིས་སོ།།
            ⑦⑨李永宪著:《西藏原始艺术》,石家庄:河北教育出版社,2000年,第151页;第152、155页。
            ⑧张亚莎著:《西藏的岩画》,西宁:青海人民出版社,2006年,第185页。
            ⑩陈兆复著:《中国岩画发现史》,上海:上海人民出版社,2009年,第120页。
            ⑾张亚莎著:《西藏的岩画》,西宁:青海人民出版社,2006年,第304页。
            ⑿John Vincent Bellezza. BON ROCK PAINTINGS AT GNAM MTSHO: GLIMPSES OF THE ANCIENT RELIGION OF NORTHERN TIBET.IN ROCK ART RESEARCH. Darwin, Melbourne, Australia: Volume17,Number 1,May 2000:39-40
            ⒀ ནམ་མཁའི་ནོར་བུས་བརྩམས། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996 ལོའི་དཔར་མ། ཤ41
            ⒁ ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 མི་རིགས་དཔེ་སྐྲུན་ཁང་། 1985ལོའི་དཔར་མ། ཤ145
            ⒂ སྤྲུལ་སྐུ་བློ་ལྡན་སྙིང་པོས་བརྩམས། 《མདོ་དྲི་མེད་གཟི་བརྗིད།》(གཉིས་པ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000ལོའི་དཔར་མ། ཤ422 ཤ104-106
            ⒃⒅མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། 《མདའ་དང་འཕང་།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2007ལོའི་དཔར་མ། ཤ34 ཤ31-32
            ⒄ མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན།》 ཉི་ཧོང་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་ནས་དཔར། 2002ལོའི་དཔར་མ། ཤ103
            ⒆ ནམ་མཁའི་ནོར་བུས་བརྩམས། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོའི་དཔར་མ། ཤ117
            ⒇ སྤྲུལ་སྐུ་བློ་ལྡན་སྙིང་པོས་བརྩམས། 《མདོ་དྲི་མེད་གཟི་བརྗིད།》(གཉིས་པ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000ལོའི་དཔར་མ། ཤ422 ཤ104-106
            (21) མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན།》 ཉི་ཧོང་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་ནས་དཔར། 2002ལོའི་དཔར་མ། ཤ42
            (22) སྤྲུལ་སྐུ་བློ་ལྡན་སྙིང་པོས་བརྩམས། 《མདོ་དྲི་མེད་གཟི་བརྗིད།》(གསུམ་པ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000ལོའི་དཔར་མ། ཤ129
            (23)སྤྲུལ་སྐུ་བློ་ལྡན་སྙིང་པོས་བརྩམས། 《མདོ་དྲི་མེད་གཟི་བརྗིད།》 (བདུན་པ།)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000ལོའི་དཔར་མ། ཤ137
            (24)མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན།》 ཉི་ཧོང་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་ནས་དཔར། 2002ལོའི་དཔར་མ། ཤ98
            (25)察仓•尕藏才旦著:《西藏苯教》,拉萨:西藏人民出版社,2006年,第130页。
            (26)(28)弗洛伊德著:《图腾与禁忌》,北京:中央编译出版社,2005年,第4页;第104页。
            (27)朱狄著:《原始文化研究》,北京:生活•读书•新知三联书店出版社,1988年,第75、76、77、78页。
            (29)张亚莎著:《西藏的岩画》,西宁:青海人民出版社,2006年,第305页。
            (30)(33)(34)གྲོང་ཁང་ཚེ་རིང་ཆོས་རྒྱལ་གྱིས་བརྩམས། 《གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010ལོའི་དཔར་མ། ཤ61 ཤ62 ཤ63
            (31)(32)ནམ་མཁའི་ནོར་བུས་བརྩམས། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོའི་དཔར་མ། ཤ104 ཤ107
            (35)དཔལ་བསྡུས་ཀྱིས་བརྩམས། 《བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ།།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་དཔར་མ། ཤ104
            (36)བོན་གྱི་ཤེས་རིག་ཚིག་མཛོད་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས། 《བོན་གྱི་ཤེས་རིག་ཚིག་མཛོད།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་དཔར་མ། ཤ239
            (37)རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ་གྱིས་བརྩམས། 《བོན་གྱི་གདུང་རྒྱུད་ཆེན་པོ་དྲུག་གི་བྱུང་བ་བརྗོད་པ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོའི་དཔར་མ། ཤ262 才让太主编:《苯教研究论文选集 第一辑 》北京:中国藏学出版社,2011年,第341页。
            (38)(39)བྲུ་ཆེན་རྒྱལ་བའི་གཡུང་དྲུང་གིས་མཛད།གཡུང་གཙུག་གཤེན་རྣམ་རྒྱལ་གྱིས་བསྒྲིགས། 《ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་ཆ་ལག་དང་བཅས་པ་བཞུགས་སོ།།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོའི་དཔར་མ། ཤ81 ཤ82
            (40)ཤར་ཡུལ་ཕུན་ཚོགས་ཚེ་རིང་་གིས་བརྩམས། 《བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་དཔར་མ། ཤ34 ཤ37
            (41)ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས། 《བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་དཔར་མ། ཤ34 ཤ37
            (42)སྤ་བསྟན་རྒྱལ་བཟང་པོས་བརྩམས། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་དཔར་མ། ཤ139
            (43)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། 《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་དཔར་མ། ཤ16
            (44)བྲུ་ཆེན་རྒྱལ་བའི་གཡུང་དྲུང་གིས་མཛད། གཡུང་གཙུག་གཤེན་རྣམ་རྒྱལ་གྱིས་བསྒྲིགས། 《ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་ཆ་ལག་དང་བཅས་པ་བཞུགས་སོ།།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོའི་དཔར་མ། ཤ83
            (45)སྨིན་གླིང་གྲ་ཕྱི་འགྱུར་མེད་རབ་རྒྱས་ཀྱིས་བརྩམས། 《བོད་ཀྱི་སྲོལ་རྒྱུན་རི་མོའི་སྐོར་བརྗོད་པའི་ངོ་མཚར་གཏམ་ཕྲེང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་དཔར་མ། ཤ79
            (46)སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་བརྩམས། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་ལྔ་པ།》 ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་སྐྲུན། 2005ལོའི་དཔར་མ། ཤ132
            (47)陈兆复著:《中国岩画发现史》上海:上海人民出版社,2009年,第324页。
            (48)赤培•巴桑次仁,桑果:《西藏吉隆它日普岩画初探》,《西藏艺术研究》2012年第3期,第72页。
            (49)ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས།《བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུ།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོའི་དཔར་མ། ཤ51
            (50)སྤ་བསྟན་རྒྱལ་བཟང་པོས་བརྩམས། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་དཔར་མ། ཤ141
            (51)བྲུ་ཆེན་རྒྱལ་བའི་གཡུང་དྲུང་གིས་མཛད། གཡུང་གཙུག་གཤེན་རྣམ་རྒྱལ་གྱིས་བསྒྲིགས། 《ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་ཆ་ལག་དང་བཅས་པ་བཞུགས་སོ།།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོའི་དཔར་མ། ཤ3-4

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1