༄༅།། ཡི་གེའི་ལག་ལེན་ལས་ལ་དོན་འཇུག་ཡུལ་གྱི་དོགས་གཞི་ཁ་ཤས་ལ་དཔྱད་པ།

མཁར་རྒྱ་ཐར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-09



 མཁར་རྒྱ་ཐར།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་བརྙན་འཕྲིན་འཁྲབ་གཞུང་དང་། བོད་ཡིག་གསར་འགྱུར་ཚགས་པར། བརྙན་འཕྲིན་གྱི་ལོ་གསར་ཤིས་ཚིག་སོགས་ཀྱི་ཡིག་ངོས་སུ་ལ་དོན་གྱི་འཇུག་ཡུལ་ཁ་ཤས་ལ་ཕྲད་མི་སྦྱོར་བའི་སྣང་ཚུལ་མང་དུ་མཆིས་པ་ལས། དཔེར་མཚོན་གྱི་དོགས་གཞི་ཁག་གཅིག་ལོགས་སུ་བཀར་ཏེ་བརྡ་སྤྲོད་རིག་པའི་སྤྱི་སྲོལ་དང་སྦྱར་ནས་བརྗོད་དོན་གང་ཞིག་ཡི་གེས་མཚོན་པར་བྱེད་ཚེ། ཁ་སྐད་དང་ཡིག་སྐད་གཉིས་ལས་ཡིག་སྐད་གཙོ་བོར་འཛིན་རྒྱུ་གལ་ཆེ་བའི་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] ལ་དོན། རྣམ་དབྱེ་གཉིས་པ། དེ་ཉིད། དོགས་གཞི། ལག་ལེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03-061-11 
          གླེང་གཞི།
          བོད་གངས་ཅན་གྱི་ལྗོངས་འདིར་ཡུལ་སྐད་ཀྱི་དབང་གིས་དབྱེ་ན། མདོ་དབུས་ཁམས་གསུམ་དུ་ཕྱེ་བའི་ཡུལ་སྐད་ཆེན་པོ་གསུམ་ཡོད་ཅིང་། ཡུལ་སྐད་ཆེན་པོ་དེ་གསུམ་ལ་ཁྱད་པར་ཡོད་པའི་དབང་གིས་ཁ་སྐད་དུ་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་གནས་ཚུལ་འབྱུང་གིན་ཡོད། འོན་ཀྱང་ཡིག་སྐད་ནི་གཅིག་གྱུར་ཏེ། སློབ་དཔོན་ཐོན་མིའི་སུམ་རྟགས་གཉིས་ཀྱི་བརྡ་སྤྲོད་རིག་པ་ཉིད་བོད་ཀྱི་སྐད་ཡིག་ཐུན་མོང་གི་བརྡ་སྤྲོད་ཀྱི་ཕྱི་མོའམ་གཞི་འཛིན་ས་ཁོ་ན་ཡིན་པས། ཡིག་སྐད་ལ་བརྡ་སྤྲོད་རིག་པ་དེ་ཁོ་ན་ལས་མེད། སྤྱིར་ཁ་སྐད་དང་ཡིག་སྐད་གཉིས་ལས་ཐོག་མར་ཁ་སྐད་བྱུང་ཞིང་། དེ་ནས་རིམ་གྱིས་ཡི་གེ་དར་བ་ནས་བཟུང་ཁ་སྐད་ཀྱི་རྨང་གཞིའི་སྟེང་ཡིག་སྐད་འཕེལ་རྒྱས་བྱུང་སྟེ་གཅིག་གྱུར་བྱུང་བ་ནི། ཡི་གེ་ཡོད་པའི་མི་རིགས་སྤྱིའི་སྐད་ཡིག་འཕེལ་བའི་ཆོས་ཉིད་ཟློག་མེད་ཅིག་ཡིན་པ་བཞིན་དུ་བོད་སྐད་ཀྱང་དེ་བཞིན་ཡིན། དེས་ན་ཡི་གེ་དར་རྗེས་ཡིག་སྐད་ནི་ཁ་སྐད་ལ་བརྟེན་ནས་གཅིག་གྱུར་དང་འཕེལ་རྒྱས་བྱུང་ཞིང་། ཁ་སྐད་རྨང་གཞིར་བྱས་ནས་ཡིག་སྐད་གྲུབ་པ་ཡིན་ཡང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་སྐད་ཡིག་གོང་འཕེལ་དུ་སོང་བ་དང་བསྟུན་ནས་ཡིག་སྐད་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་། ཡིག་སྐད་ཀྱི་རིག་པར་ཕྱོགས་བསྡོམས་བྱས་པ་ལས་བརྡ་སྤྲོད་རིག་པ་གྲུབ་ཅིང་། དེས་ཁ་སྐད་ལ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ལམ་སྟོན་བྱེད་ཀྱི་ཡོད། ངག་ཐོག་གི་སྐད་ཆ་རྣམས་ཡིག་ཐོག་གི་སྐད་ཆར་འབེབས་ཚེ། བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་བསྟུན་པ་ལས་ཡུལ་སྐད་གཞིར་འཛིན་མི་རུང་ཞིང་། བརྡ་སྤྲོད་ཀྱི་མིང་མཐའི་ཡི་གེའི་སྡེབ་སྦྱོར་གྱི་རྣམ་གཞག་དང་དོན་སྟོན་པའི་བྱེད་ལས་ཀྱི་ཆ་ནས་ཕྱེ་བའི་བརྡ་སྤྲོད་པའི་རྣམ་གཞག་གང་ཡིན་ཡང་། ཡི་གེའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལྟར་སྦྱོར་བ་ནི་ཆོས་ཉིད་ཡིན་ཏེ། ཨ་ལགས་དོར་ཞི་མཆོག་གིས།  “ཡི་གེའི་ཐོབ་ཐང་དེ་ཡང་བོད་སྐད་ཀྱི་སྒྲ་གདངས་ལ་རང་ཆས་སུ་ཡོད་པའི་དངོས་པོའི་ཆོས་ཉིད་ལས་བྱུང་བ་ཞིག་ཡིན་པས། ཡུལ་སྐད་ཇི་ལྟར་འགྱུར་ཀྱང་། ཡིག་ངོར་ཐོབ་ཐང་ལྟར་འབྲི་བ་ནི་འཇིག་རྟེན་གྱི་སྦྱོར་ཀློག་ཡི་གེའི་སྤྱི་སྲོལ་ཞིག་ཡིན་པ་དེ་ཡང་ཤེས་དགོས་”①ཞེས་གསུངས་པ་བཞིན། ཡི་གེའི་ལམ་ནས་བརྡ་སྤྲོད་དགོས་ཚེ། ངེས་པར་དུ་ཡིག་སྐད་དང་ཡིག་སྐད་ལས་གྲུབ་པའི་བརྡ་སྤྲོད་རིག་པ་གཞིར་འཛིན་དགོས་པ་ཡིན། དེ་ཡང་ཡིན་ཏེ། ཁ་སྐད་ཀྱི་རྗོད་སྟངས་གཙོ་བོར་བཟུང་ནས་ཡིག་སྐད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་བཅའ་བའི་ཐབས་ནི་ཡེ་ནས་མེད་པའི་ཕྱིར། དེ་ལྟར་མིན་ན། བོད་གཅིག་གྱུར་གྱི་བརྡ་སྤྲོད་རིག་པ་ལས་ལོག་པའི་ཕུང་གསུམ་པའི་བརྡ་སྦྱོར་ལུགས་ཤིག་མི་འབྱུང་བའི་ངེས་པའང་མེད་པར་སྙམ། དེང་གི་བརྡ་སྤྲོད་སྨྲ་བའི་སློབ་དཔོན་ཆེན་མོ་བདེ་མཆོག་ལགས་ཀྱིས་ཀྱང་།  “སྐད་ཆ་གཙོ་བོ་ཡིན་ནམ་ཡི་གེ་གཙོ་བོ་ཡིན་པ་དེ་ཐོག་མར་དཔྱད་གཞིའི་གནས་ཤིག་ཡིན། སྐད་ཆ་ནི་བྱེ་མ་ལྟ་བུ་རེད། ཡི་གེ་ནི་གསེར་ལྟ་བུ་རེད། བྱེ་མའི་ནང་ནས་གསེར་ཡོང་བ་མ་གཏོགས། གསེར་གྱི་ནང་ནས་བྱེ་མ་ཡོང་མི་སྲིད་”②ཅེས་གསུངས་པ་ལྟར། ཡིག་ངོས་ནས་བརྡ་སྤྲོད་པའི་སྐབས་སུ། སྐད་ཆ་དང་ཡི་གེ་གཉིས་ལས་ཡི་གེ་གཙོ་བོ་དང་། ཁ་སྐད་དང་ཡིག་སྐད་གཉིས་ལས་ཡིག་སྐད་གཙོ་བོ་སྟེ། ཁ་སྐད་ཀྱི་ཉིང་བཅུད་དུ་གྲུབ་པའི་ཡིག་སྐད་དམ་ཡི་གེའི་བརྡ་སྤྲོད་ལུགས་དེ་གལ་ཆེན་དུ་འཛིན་དགོས་པ་ཡིན། བོད་ལ་ཡིག་སྐད་ཀྱི་དབང་དུ་བྱས་ན། བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གཏེར་ཡིག་སོགས་གཞིར་བྱས་པའི་བརྡ་རྙིང་གི་ཡིག་སྐད་དེ། བོད་ཀྱི་གནའ་རབས་ཡིག་སྐད་དང་།  སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་སུ་བྱུང་བའི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་རྣམས་སུ་བྱུང་བའི་བསྟན་བཅོས་ཀྱི་སྐད་ཆ། ཉེ་རབས་ས་ཕག་རིན་གཙང་ནས་དགའ་ལྡན་ཕོ་བྲང་བར་དུ་བྱུང་བའི་《གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་》དང་།  《ར་མ་ཎའི་གཏམ་རྒྱུད་》 《སྙན་ངག་མེ་ལོང་མ་》ལྟ་བུའི་རྩོམ་རིག་གི་སྐད་ཆ་དང་། དེང་དུས་ཀྱི་མཁས་དབང་དུང་དཀར་རིན་པོ་ཆེ་དང་།  ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་ཚང་སོགས་མཁས་པ་རྣམས་ཀྱི་གསུང་རྩོམ་ལྟ་བུའི་དེང་རབས་ཀྱི་ཡིག་སྐད་སོགས་ཡོད། དེ་རྣམས་གང་དུའང་བརྡ་སྤྲོད་རིག་པའི་འཇུག་ཚུལ་ཚང་མ་གཅིག་མཐུན་ཡིན་པ་དེ་ལས། ཡིག་སྐད་དུ་བོད་ཀྱི་བརྡ་སྤྲོད་རིག་པ་གཙོ་བོར་བཟུང་ཡོད་པ་སྟེ། ཁ་སྐད་ཀྱི་རྨང་གཞི་ལས་ཡིག་སྐད་ཕུན་སུམ་ཚོགས་པར་བཏང་ནས་ཁ་སྐད་ལ་ཡིག་སྐད་ཀྱིས་མཛུབ་སྟོན་བྱེད་དགོས་པའི་གནས་ལུགས་དེ་མཐོང་ཐུབ། གཞན་ཡང་ཡིག་ཐོག་གི་སྐད་ཆ་ལས་དེང་རབས་ཀྱི་བརྩམས་སྒྲུང་གི་སྐད་ཆ་ལྟ་བུའི་རྩོམ་རིག་བྱེ་བྲག་པའི་སྐད་ཆ་ནི་ཡིག་སྐད་དང་ཅུང་མི་མཐུན་པ་ཡོད་ནའང་། དེ་ནི་ཡུལ་ལུང་རང་རང་གི་ཡུལ་སྐད་ལྟར་བརྩམས་པའི་རྩོམ་རིག་གི་སྐད་ཆ་དམིགས་བསལ་བ་ཞིག་ཡིན། དེའི་ཕྱིར་ཡི་གེ་ལག་ལེན་དུ་བསྟར་ཚེ། བོད་ཀྱི་བརྡ་སྤྲོད་རིག་པའི་སྤྱི་སྲོལ་གཙིགས་སུ་འཛིན་དགོས་ཤིང་། ལྷག་པར་དུ་ཚིག་འགྲུབ་བྱེད་ཀྱི་མིང་གི་བྱེད་ལས་དང་ངོ་བོ་སོ་སོར་འབྱེད་པ་དང་།  ཚིག་གི་བསྟན་དོན་གསལ་བར་བྱ་ཆེད། རྣམ་དབྱེའི་ཕྲད་ཀྱི་འཇུག་ཚུལ་རྣམས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ཇི་བཞིན་སྦྱོར་དགོས། རྣམ་དབྱེའི་འཇུག་ཚུལ་ནི་ཡི་གེའི་སྦྱོར་བ་ལག་ལེན་བྱེད་པའི་རྩ་བ་དང་།  བརྗོད་བྱའི་དོན་གྱི་གོ་བ་མ་ནོར་བར་བརྡ་སྤྲོད་བྱེད་ཡིན་པས། རྣམ་དབྱེའི་འཇུག་ཡུལ་ལ་རྣམ་དབྱེ་མ་སྦྱར་ན་མིང་རྣམས་ཚིག་ཏུ་བསྒྲུབ་མི་ནུས་ལ། མིང་སོ་སོའི་བྱེད་ལས་ཀྱི་ངོ་བོ་ཡང་གཞན་དང་མ་འདྲེས་པར་གསལ་བར་བྱེད་མི་ཐུབ་པ་དང་།  ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་ཡང་མི་ལྡན་པར་འགྱུར་ངེས། དེས་ན་རྣམ་དབྱེའི་སྦྱོར་ཚུལ་ཇི་བཞིན་ངེས་པར་བ་རྒྱུ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དོན་གྱི་ལག་ལེན་གལ་ཆེན་ཞིག་ཡིན་ནོ།
          འདིར་སྐབས་སུ་བབ་པ་ནི། ཕྲན་གྱིས་མི་ལོ་བཅུ་ཙམ་གྱི་རིང་དབུས་གཙང་དུ་བརྙན་འཕྲིན་གྱི་ལས་ཀ་གཉེར་བའི་བརྒྱུད་རིམ་ཁྲོད་དུ་ཡིག་སྒྱུར་དང་།   བརྙན་འཕྲིན་འཁྲབ་གཞུང་། གསར་འགྱུར། བརྙན་འཕྲིན་གྱི་ལོ་གསར་ཤིས་ཚིག་སོགས་དངོས་བརྒྱུད་གང་རུང་གི་ལས་ཀ་དང་འབྲེལ་བའི་བོད་ཡིག་གི་ཡིག་ངོས་སུ་བརྡ་སྤྲོད་ཀྱི་དོགས་གཞིའི་གནད་དོན་མི་ཉུང་བ་ཞིག་དང་ཕྲད་པ་ལས། ལ་དོན་གྱི་འཇུག་ཡུལ་ལ་ལ་དོན་གྱི་ཕྲད་སྦྱར་མེད་པའི་དོགས་གཞིའི་དཔེར་མཚོན་ཁག་གཅིག་ལ་དམིགས་ཀྱིས་དཔྱད་པར་བྱ་འདོད་པ་དེ་ཡིན།
དང་པོ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོགས་གཞིའི་དཔེར་བརྗོད་ལ་དཔྱད་པ།
          ༡ རྣམ་དབྱེ་གཉིས་པའི་བྱ་བའི་ཡུལ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པ་ཙམ་སྟོན་པའི་དོན་ཅན་གྱི་རྣམ་དབྱེ་སྟེ། དེས་བྱ་བའི་ཡུལ་དང་བྱ་བ་གཉིས་མ་འདྲེས་པར་སོ་སོར་དབྱེ་ཞིང་འབྱེད་པ་དང་། བྱེད་ནུས་ནི་སྐད་ཆའི་བརྗོད་དོན་ཧྲིལ་པོའི་ནང་དུ་བྱ་བ་དང་བྱ་བའི་ཡུལ་གཉིས་སོ་སོར་དབྱེ་ཞིང་གསལ་པོར་སྟོན་པར་བྱེད། དེའི་བྱ་བའི་ཡུལ་ཞེས་པ་ནི་བྱ་བ་བྱེད་སའི་ཡུལ་ཁོ་ན་ཙམ་མ་ཡིན་པར་བྱ་བ་ཁ་ཕྱོགས་སའི་ཡུལ་དང་བྱ་བ་བྱེད་སའི་ཡུལ་གཉིས་ལ་བྱ་སྟེ། “ལས་སུ་བྱ་བ་ཟེར་བའི་ཡུལ་དེ་ལ་བྱ་བའི་ཁ་ཕྱོགས་སྟོན་པའི་འཇུག་ཡུལ་དང་བྱ་བ་བྱེད་སའི་གནས་ཡུལ་ཟེར་བའི་གོ་དོན་གཉིས་ཡོད་པར་མ་ཟད། ལ་དོན་གྱི་ཕྲད་སྦྱོར་སྟངས་ཀྱང་མི་འདྲ་”③ཞེས་པ་ལྟར་ཡིན། དེས་ན་ལས་སུ་བྱ་བའི་སྐབས་སུ་བྱ་བའི་ཡུལ་དང་བྱ་བའི་ལས་གཉིས་ཀྱི་ཁྱད་པར་གསལ་པོར་མ་ཕྱེ་བར་བྱ་བའི་ཡུལ་ལམ་ལས་ཞེས་ངོ་བོ་གཅིག་ཏུ་བསྲེས་ན། གང་འདྲ་ཞིག་ལ་ལ་དོན་གྱི་སྒྲ་སྦྱོར་དགོས་པ་དང་། གང་འདྲ་ཞིག་ལ་ལ་དོན་གྱི་སྒྲ་སྦྱོར་མི་དགོས་པའི་དབྱེ་བ་འབྱེད་མི་ནུས། དོན་གྱིས་ལ་དོན་གྱི་ཕྲད་མ་སྦྱར་ན། བྱ་བའི་ཡུལ་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་འདྲེས་ཏེ་སོ་སོར་འབྱེད་བྱེད་ཀྱི་ནུས་པ་ཉམས་འགྲོ་བ་མ་ཟད། སྐད་ཆའི་གནས་སྐབས་ཀྱི་བརྗོད་དོན་ཡང་མི་གསལ་བར་འགྱུར་བ་དཔེར་ན། སློབ་ཚན་ཉན། བརྙན་འཕྲིན་བལྟས། ཚོགས་འདུ་གཙོ་སྐྱོང་གནང་། ངལ་བ་འཕྲད། སྐུ་ཉིད་སྒུག་སོགས་ལྟ་བུ་ལ་ཡུལ་དང་བྱ་བ་གཉིས་སོ་སོར་མ་ཕྱེ་བའི་སྐྱོན་ཞུགས་ཡོད་དེ། དཔེར་བརྗོད་དེ་དག་ལས། སློབ་ཚན་དང་།  བརྙན་འཕྲིན། ཚོགས་འདུ། ངལ་བ། སྐུ་ཉིད་བཅས་ནི་སྤྱིའི་ཆ་ནས་བྱ་བའི་ཡུལ་ཡིན་པ་དང་། ཉན་དང་།   བལྟས།  གཙོ་སྐྱོང་གནང་།  འཕྲད། སྒུག་བཅས་ནི་བྱ་བ་སྟོན་པའི་མིང་ངམ་བྱ་ཚིག་ཡིན་ཕྱིར། བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་འབྱེད་ཆེད་སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས།  ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་ཅེས་ལ་དོན་གྱི་ཕྲད་ངེས་པར་དུ་སྦྱོར་དགོས་པ་ཡིན། ལ་དོན་གྱི་ཕྲད་མ་སྦྱར་བའི་སློབ་ཚན་ཉན་སོགས་ལྟ་བུའི་བརྗོད་སྟངས་དེ་རིགས་ལ་སུམ་ཅུ་པའི་སྐབས་སུ་བཤད་པའི་བྱ་བ་འཇུག་པའི་ཡུལ་ལམ་བྱ་བ་ཁ་གཏད་སའི་ཡུལ་ལ་ལ་དོན་གྱི་ཕྲད་མ་སྦྱར་བའི་སྐྱོན་དང་། རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་དང་བྱ་བའི་ལས་གཉིས་འཁྲུལ་བའི་སྐྱོན་ཞུགས་ཡོད་དེ། བོད་ཀྱི་བརྡ་སྤྲོད་གཞུང་དུ་བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པར་སྟོན་པའི་དོན་ཅན་ཞིག་ཡིན་ན་དེ་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་པར་བསྟན་པའི་ཕྱིར།
          ༢ དོགས་གཞིའི་དཔེར་བརྗོད་ཀྱི་གྲུབ་ཚུལ་དབྱེ་ཞིབ། ལ་དོན་གྱི་ཕྲད་སྦྱར་མེད་པའི་གོང་གི་སློབ་ཚན་ཉན་ལྟ་བུའི་དཔེར་བརྗོད་དེ་དག་སོ་སོའི་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ན།《རྗོད་བྱེད་ཀྱི་སྒྲའི་གོ་དོན་གསར་དུ་བརྟག་པ་》ཞེས་བྱ་བམ”ཚིག་བྱེ་བྲག་པ་རྣམས་སོ་སོའི་གྲུབ་ཚུལ་གྱི་ཆ་ནས་དབྱེ་ན་མིང་དུ་མ་འདུས་ནས་གྲུབ་པ་དང་། མིང་དང་ཕྲད་དུ་མ་འདུས་ནས་གྲུབ་པ། གནས་སྐབས་དབང་གིས་མིང་གཅིག་ལས་མེད་ཀྱང་ཚིག་ཏུ་གྲུབ་པ་བཅས་ཡོད་”④ཅེས་བསྟན་པ་ལྟར། དེ་དག་ཚང་མ་ནི་མིང་དུ་མ་འདུས་པ་ལས་གྲུབ་པའི་ཚིག་ཡིན་པས། ཚིག་གི་གྲུབ་ཚུལ་གྱི་ཆ་ནས་བརྟག་ཚེ། སློབ་ཚན་དང་།  བརྙན་འཕྲིན། ཚོགས་འདུ། ངལ་བ། སྐུ་ཉིད་བཅས་ནི་མིང་གི་རིགས་ལས་རིགས་ཀྱི་མིང་དུ་གཏོགས་པ་དང་།  ཉན་དང་། བལྟས། གཙོ་སྐྱོང་གནང་། འཕྲད། སྒུག་བཅས་ནི་བྱ་བའི་མིང་ཡིན་པའོ། འོ་ན་རིགས་ཀྱི་མིང་དང་བྱ་བའི་མིང་འདུས་པ་ཡིན་ན། དེར་ལ་དོན་གྱི་ཕྲད་ངེས་པར་སྦྱོར་དགོས་སམ་ཞེ་ན། དེ་ལ་ཡང་ལ་དོན་གྱི་ཕྲད་འཇུག་པ་དང་མི་འཇུག་པའི་རིགས་གཉིས་ཡོད་དེ། གོང་གི་དཔེར་བརྗོད་དེ་རྣམས་ནི་ལ་དོན་འཇུག་པའི་རིགས་དང་། ཟ་མ་ཟ། གཉིད་ཉལ། ཇ་འཐུང་། སེམས་སྐྱོ་སོགས་ལྟ་བུའི་ཟ་མ་དང་།  གཉིད། ཇ། སེམས་བཅས་ནི་རིགས་ཀྱི་མིང་ཡིན་པ་དང་།  ཟ་དང་ཉལ། འཐུང་། སྐྱོ་བཅས་ནི་བྱ་བའི་མིང་ཡིན་ཡང་དེ་དག་ནི་ལ་དོན་མི་འཇུག་པའི་རིགས་ཡིན་པས་ལ་དོན་སྦྱོར་སྲོལ་མེད་དོ། ལས་སུ་བྱ་བའི་ཡུལ་དང་བྱ་བའི་ཆ་ནས་བརྟག་ཚེ། འགའ་ཞིག་གིས་སློབ་ཚན་ཉན་དང་། བརྙན་འཕྲིན་བལྟས། ཚོགས་འདུ་གཙོ་སྐྱོང་གནང་། ངལ་བ་འཕྲད། སྐུ་ཉིད་སྒུག་ལྟ་བུར་ལ་དོན་གྱི་ཕྲད་སྦྱར་དང་མ་སྦྱར་གང་ཡང་རུང་། ལ་དོན་སྟོན་པར་ཁྱད་པར་མེད་ཅེས་སྙམ་མོད། དེ་ནི་སྐད་ཆ་གོམས་པའི་དབང་དུ་སོང་བས་དེ་ལྟར་གོ་བར་སྣང་བ་ཙམ་ལས། ཡི་གེར་འགོད་སྐབས་ངེས་པར་དུ་ལ་དོན་གྱི་ཕྲད་སྦྱོར་དགོས། རྒྱུ་མཚན་ནི། སྤྱིར་སྐད་ཆར་གོམས་པའི་དབང་གིས་གོ་བ་དང་།  བརྡ་སྤྲོད་ཀྱི་དབང་གིས་གོ་བ་གཉིས་ཡོད་ནའང་། དེ་གཉིས་དབར་ཁྱད་པར་ཆེན་པོ་ཡོད་པས། ཡི་གེར་འགོད་སྐབས་བརྡ་སྤྲོད་ཀྱི་དབང་གིས་གོ་བ་ལྟར་འབྲི་དགོས་པ་ལས། ཁ་སྐད་ཀྱི་གོམས་པའི་དབང་གིས་གོ་བ་ལྟར་འབྲི་མི་རུང་སྟེ། བསྟན་པ་རྒྱ་མཚོས་མཛད་པའི་《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་》ཞེས་པ་ལས། “སྤྱིར་མི་རྣམས་ཀྱིས་བཤད་པའི་སྐད་ཆའི་ཚིག་སྦྱོར་ནི་སོ་སོའི་འདོད་མོས་ལྟར་སྣ་ཚོགས་ཡིན་པས། མཐའ་གཅིག་ཏུ་ལས་དང་ཡུལ་བྱ་བྱེད་པའི་སྒྲ་ཐམས་ཅད་ཚང་ཡོད་པའི་ངེས་པ་མེད་མོད། མ་ཚང་རུང་དོན་སྟོན་ཐུབ་པ་བྱུང་བ་ནི་གོམས་པའི་སྐད་ཆའི་ནུས་པ་ཡིན་ཏེ། དེ་ནི་དུས་དང་སྐབས་དང་རྐྱེན་སོགས་ཀྱི་དབང་གིས་ཡིན་པ་ལས་བརྡ་སྤྲོད་པའི་ཚིག་གི་སྦྱོར་བའི་དབང་གིས་མ་ཡིན། བརྡ་སྤྲོད་པའི་ཚིག་སྦྱོར་ལ་དོན་གང་འདྲ་ཞིག་སྟོན་དགོས་ན་ཚིག་སྦྱོར་རང་གི་སྟེང་ནས་དངོས་ཤུགས་ཅི་རིགས་ནས་དེ་དག་མཚོན་བྱེད་ཀྱི་ཆ་རེ་རེ་ཡོད་དགོས། དེར་མ་ཟད་རྣམ་དབྱེ་དང་ཚིག་ཕྲད་ཅུང་ཟད་ནོར་ན་དོན་ཡང་དེ་ལྟར་ནོར་ཡོད་པ་ནི་གནད་འདི་ལ་ཐུག་པ་ཡིན་”⑤ཞེས་གསུངས་པ་ལྟར། ལ་དོན་འཇུག་སའི་ཡུལ་ལ་ལ་དོན་གྱི་ཕྲད་མ་སྦྱར་ན་དོན་ལ་འཁྲུལ་བ་འབྱུང་སྟེ། སློབ་ཚན་ཉན། བརྙན་འཕྲིན་བལྟས། ཚོགས་འདུ་གཙོ་སྐྱོང་གནང་། ངལ་བ་འཕྲད། སྐུ་ཉིད་སྒུག་བཅས་ལ་ལ་དོན་གྱི་ཕྲད་མ་སྦྱར་ན། སློབ་ཚན་དང་།  བརྙན་འཕྲིན། ཚོགས་འདུ། ངལ་བ། སྐུ་ཉིད་བཅས་ནི་ཉན་པ་དང་།  བལྟས་པ།  གཙོ་སྐྱོང་གནང་བ། འཕྲད་པ། སྒུག་པ་བཅས་ཀྱི་བྱ་བ་འཇུག་སའི་ཡུལ་ལམ་ཁ་གཏད་སའི་ཡུལ་དུ་མི་འགྱུར་བའམ་ཉན་སོགས་ཀྱི་བྱ་བ་དེ་དག་ཡུལ་གང་ལ་བྱས་པར་མི་གོ་བ་ལྟ་བུ་ཡིན། 《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་》ཞེས་པ་ལས། “ལས་སུ་བྱ་བ་ཟེར་བའང་ཕལ་ཆེར་ཁ་སྐད་ལ་ལས་རྒྱུའི་བྱ་བ་ཟེར་བ་དང་འདྲ། དེ་འདྲའི་དོན་ཅན་གྱི་ལ་དོན་རྣམས་ལ་ལས་སུ་བྱ་བའི་རྣམ་དབྱེ་ཟེར། དེ་ཡང་འདི་ལྟར་ཡིན་ཏེ། མི་ཞིག་གིས་བྱ་བ་ཞིག་བྱེད་པའི་ཚེ། ཡུལ་དང་ཕྱོགས་དང་གཞི་དང་དངོས་པོ་སོགས་གང་ལ་བྱེད་དགོས་ན་དེ་དག་གོ་ཆེད་དེ་ལ་ལ་དོན་ཞིག་སྦྱར་དགོས་པ་རེད་”⑥ཅེས་བྱུང་བ་ནི་བདེན་པར་མཐོང་ངོ་། 
          ༣ བྱ་བའི་ཡུལ་དང་ལས་ཀྱི་བར་དུ་ལ་དོན་གྱི་ཕྲད་འཇུག་ཚུལ། སྐབས་འདིའི་བསྒྲུབ་བྱ་གཙོ་བོ་ནི། རིགས་ཀྱི་མིང་དང་བྱ་བའི་མིང་འདུས་པའི་ཚིག་དེ་དག་ལས། གང་འདྲ་ཞིག་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་པ་དང་།  གང་འདྲ་ཞིག་ལ་སྦྱོར་མི་དགོས་པའི་ཁྱད་པར་འབྱེད་རྒྱུ་དེ་རེད། གོང་གི་དཔེར་བརྗོད་རིགས་དེ་གཉིས་ཚང་མ་རིགས་ཀྱི་མིང་དང་བྱ་བའི་མིང་ལས་གྲུབ་པའི་ཚིག་ཡིན་པ་འདྲ་ན་ཡང་། ལ་དོན་གྱི་ཕྲད་འཇུག་དང་མི་འཇུག་པའི་ཁྱད་པར་ཡོད་དེ། དཔེར་བརྗོད་གོང་མའི་སློབ་ཚན་སོགས་དང་།  འོག་མའི་ཟ་མ་སོགས་ལྟ་བུའི་རིགས་ཀྱི་མིང་དེ་དག་ལས་གོང་མ་རྣམས་ནི་བྱ་བའི་ཡུལ་ལམ་བྱ་བ་ཁ་གཏད་སའི་ཡུལ་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་དགོས་པ་དང་། འོག་མ་རྣམས་ནི་བྱ་བའི་ལས་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་མི་དགོས་པ་ཡིན། 《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》ཞེས་བྱ་བམ “བྱ་བའི་ཡུལ་ནི་བྱ་བའི་ཁ་གཏད་སའི་གཞི་དེ་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་དགོས་ཤིང་། བྱ་བའི་ལས་ནི་བྱ་རྒྱུའི་ལས་ཀའམ་བྱ་བ་དང་འབྲེལ་བའི་དངོས་པོ་དེ་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་མི་རུང་། དཔེར་ན། བློ་མཐུན་ལེ་ཧྥུང་ལ་སློབ་སྦྱོང་བྱེད་དགོས། ཚན་རིག་སློབ་སྦྱོང་བྱེད་དགོས་ཞེས་པའི་ཚིག་གཉིས་ཀའི་བྱ་ཚིག་སློབ་སྦྱོང་བྱེད་ཅེས་པ་དེ་ཡིན་ཡང་། ཚིག་སྔ་མའི་ལེ་ཧྥུང་ནི་བྱ་བ་འཇུག་ཡུལ་ཡིན་པས་ལ་དོན་ཐོབ་ཐང་ཡོད། ཚིག་ཕྱི་མའི་ཚན་རིག་ནི་སློབ་སྦྱོང་བྱ་རྒྱུའི་ལས་དེ་ཡིན་པས་ལ་དོན་ཐོབ་ཐང་གཏན་ནས་མེད་”⑦ཅེས་བྱུང་བའི་ཁ་གསལ་བའི་འགྲེལ་བཤད་འདི་ལྟ་བུ་དང་རིགས་བསྒྲེས་ན་ལོག་རྟོག་གི་ཐེ་ཚོམ་སེལ་ཐུབ།
          རྣམ་དབྱེ་གཉིས་པའི་སྐབས་སུ་ལ་དོན་གྱི་སྒྲས་བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པའི་དོན་སྟོན་པ་ཡིན་པས། བྱ་བའི་ཡུལ་དང་བྱ་བའི་སྟེང་གི་ཕྲ་ཞིབ་ཀྱི་དོན་ལ་གོ་བ་ལེགས་པར་ལེན་རྒྱུ་ནི་གལ་ཆེ་སྟེ། དེ་གཉིས་ལ་གོ་བ་ཡག་པོ་ཞིག་ལོན་ན། ལ་དོན་སྦྱོར་བའི་ཡུལ་དང་མི་སྦྱོར་བའི་ཡུལ་གྱི་ཁྱད་པར་ཡང་ཤེས་སླ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》སུ། “ཡུལ་དང་བྱ་བའི་བར་གྱི་ཁྱད་ཆོས་དེ་དག་འདོམས་བདེ་ཕྱིར། ལ་དོན་སྦྱོར་བའི་ཡུལ་དང་།  ལ་དོན་མི་སྦྱོར་བའི་ཡུལ་གཉིས་སུ་ཕྱེ་ཞིང་། ལ་དོན་སྦྱོར་བའི་ཡུལ་ལ། ཡུལ་དང་བྱ་བ་འབྲེལ་བ་ལྷོད་པའི་རིགས་དང་། ལ་དོན་མི་སྦྱོར་བའི་ཡུལ་ལ། ཡུལ་དང་བྱ་བ་འབྲེལ་བ་དམ་པའི་རིགས་ཞེས་ཀྱང་བྱ་”⑧ཞེས་གསུངས་པ་ལྟར། ཡུལ་དང་བྱ་བ་འབྲེལ་བ་ལྷོད་པའི་རིགས་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་པ་དཔེར་ན། གཟུགས་ལ་བལྟ། སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས།  ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་ལྟ་བུ་དང་།  ཡུལ་དང་བྱ་བ་འབྲེལ་བ་དམ་པའི་རིགས་ལ་ལ་དོན་གྱི་ཕྲད་སྦྱོར་མི་དགོས་པ་དཔེར་ན། ཟ་མ་ཟ། གཉིད་ཉལ། ཇ་འཐུང་། སེམས་སྐྱོ་ལྟ་བུའོ།
          ༤ བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར། བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར་མ་འདྲེས་ལེགས་པར་འབྱེད་ཐུབ་ན། ལ་དོན་སྦྱོར་དགོས་མིན་ཡང་ངེས་སླ་བ་ཡིན། བྱ་བའི་ཡུལ་ཞེས་པ་ནི་བྱ་བ་འཇུག་པའི་ཡུལ་ཡིན་པས། དེ་ལ་སུམ་ཅུ་པའི་སྐབས་ཀྱི་ལ་དོན་གྱི་རྣམ་དབྱེ་གཉིས་པ་འཇུག་པའི་བྱ་ཡུལ་དང་། རྟགས་འཇུག་པའི་སྐབས་ཀྱི་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་གཉིས་ཡོད་དེ། བརྙན་འཕྲིན་ལ་བལྟས་ལྟ་བུའི་བརྙན་འཕྲིན་ནི་རྣམ་དབྱེ་གཉིས་པའི་ལ་དོན་གྱི་ཕྲད་སྦྱར་སའི་ཡུལ་དང་ལྟ་བའི་བྱ་བ་འབྱུང་སའི་ཡུལ་ཡིན་པས་དེ་ལ་བྱ་ཡུལ་ཞེས་བྱ་ཞིང་། ཟ་མ་ཟས་ལྟ་བུའི་ཟ་མ་ནི་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ལམ་བྱ་བའི་ལྟོས་གཞིའམ་ལས་ཡིན་པས། བདག་གཞན་གཉིས་ལས་གཞན་ཏུ་གཏོགས། ལ་དོན་གྱི་བྱ་བ་འཇུག་པའི་བྱ་ཡུལ་དང་། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་གཉིས་ལ་མུ་བཞི་བརྩི་རྒྱུ་ཡོད་དེ། གཅིག ལ་དོན་གྱི་བྱ་བ་འཇུག་པའི་བྱ་ཡུལ་ཡིན་ལ་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་བྱ་ཡུལ་མ་ཡིན་པའི་མུ་ནི། གདན་ལ་བཞུགས་ལྟ་བུ་སྟེ། གདན་ནི་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ཏེ། ལ་དོན་གྱི་སྦྱོར་ཡུལ་དང་བཞུགས་པའི་བྱ་བ་འབྱུང་སའི་ཡུལ་ཡིན་པའི་ཕྱིར། གདན་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་ཏེ། བཞུགས་བྱ་དངོས་མ་ཡིན་པའི་ཕྱིམ གཉིས། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ལ་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་པའི་མུ་ནི། ཟ་མ་ཟས་ལྟ་བུ་སྟེ། ཟ་མ་ནི་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ཏེ། བཟའ་བ་ཡིན་པའི་ཕྱིར། ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་ཏེ། ལ་དོན་གྱི་ཕྲད་མི་འཇུག་པའི་ཕྱིར། གསུམ། གཉིས་ཀ་ཡིན་པའི་མུ་ནི། གཟུགས་ལ་བལྟ་ལྟ་བུ་སྟེ། གཟུགས་ནི་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ལ། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡང་ཡིན་པའི་ཕྱིར་ཏེ། གཟུགས་ནི་ལ་དོན་གྱི་ཕྲད་སྦྱོར་ཡུལ་ཡིན་པ་མ་ཟད། བལྟ་བྱ་དངོས་ཀྱང་ཡིན་པའི་ཕྱིར། བཞི། གཉིས་ཀ་མ་ཡིན་པའི་མུ་ནི། ངས་ཡི་གེ་བྲིས་ཞེས་པའི་སྐབས་ཀྱི་འབྲི་བ་བོ་ང་ནི་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་ལ། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡང་མ་ཡིན་ཏེ། ང་ནི་སྐབས་འདིའི་ལ་དོན་འཇུག་ཡུལ་དང་བྱ་བ་འཇུག་པའི་ཡུལ་གཉིས་ཀ་མ་ཡིན་པའི་ཕྱིར།
          ༥ བྱ་བའི་ཡུལ་དང་ལས་ལ་ལ་དོན་གྱི་ཕྲད་སྦྱོར་བདེ་མིན་གྱི་ཁྱད་པར། ལ་དོན་འཇུག་མིན་གྱི་གནད་དོན་དེ་བྱ་བའི་ཡུལ་དང་ལས་གཉིས་ལ་ལ་དོན་གྱི་ཕྲད་སྦྱར་ཏེ་བརྗོད་པ་བདེ་མིན་གྱི་ཐད་ནས་ཀྱང་ཐག་གཅོད་བྱེད་ཐུབ་པ་ཡིན། དེ་ཡང་བྱ་བའི་ལས་ལ་ལ་དོན་གྱི་ཕྲད་མི་འཇུག་ཅིང་། སྦྱར་ཡང་བརྗོད་མི་བདེ་བའི་རིགས་ནི་ལས་ཡིན་ཏེ། 《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》ཞེས་པ་ལས། “ལ་དོན་གྱི་ཕྲད་སྦྱོར་མི་བདེ་བའི་རིགས་ལ། སྐབས་འགར་བྱ་བའི་ཡུལ་དང་ལས་གཉིས་ལྟར་སྣང་དུ་ངོ་བོ་གཅིག་ཏུ་མཐོང་ཡང་དོན་དུ་ལས་ཉིད་ཡིན། དཔེར་ན། ཤ་ཟ། སྟ་རེས་ཤིང་གཅོད་ཟེར་བ་ལས། ཤ་ལ་ཟ། ཤིང་ལ་གཅོད་མི་ཟེར། གང་ལགས་ཤེ་ན། ཤ་དང་ཤིང་ནི་བཟའ་བ་དང་གཅད་བྱ་ཡིན་པས་ལས་ལས་འདའ་མི་སྲིད། དེ་བཞིན་ཤ་ལ་སོ་བརྒྱབ། ཤིང་ལ་སྟ་རེ་བསྣུན་ཟེར་ན་ཤོད་རྒྱུན་གྱི་གྲགས་པ་དང་མི་མཐུན་པ་མ་ཡིན་གྱི། ཚིག་སྦྱོར་ཚུལ་འདིའི་ཤ་དང་ཤིང་ནི་སོ་རྒྱག་སའི་ཡུལ་དང་སྟ་རེ་བསྣུན་སའི་ཡུལ་ཡིན་པས་ངེས་པར་དུ་ལ་སྒྲ་སྦྱོར་དགོས་”⑨ཞེས་བྱུང་བ་ལྟར་ཡིན། ཕྱོགས་མཚུགས་ལ་དོན་སྦྱོར་བདེ་མིན་གྱིས་ཀྱང་བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར་འབྱེད་ཐུབ།
          གོང་གི་དོགས་གཞིའི་དཔེར་བརྗོད་རིགས་དེ་གཉིས་ལས། ལ་དོན་གྱི་ཕྲད་འཇུག་མིན་གྱི་ཁྱད་པར་འབྱེད་བྱེད་གཙོ་བོ་ནི། བྱ་བའི་ཡུལ་དང་ལས་གཉིས་ཡིན་པ་རྟོགས་ཐུབ་པ་དང་། བྱ་བའི་ཡུལ་དང་ལས་གཉིས་ཀྱི་དབྱེ་བ་འབྱེད་ཐབས་ཀྱང་། ལ་དོན་གྱི་ཕྲད་སྦྱར་ནས་བརྗོད་པ་བདེ་མིན་གྱི་ཐོག་ནས་ཀྱང་བརྟག་དགོས་པ་ཤེས་ཐུབ། དཔེར་ན། ཟ་མ་ལ་ཟ་དང་། གཉིད་ལ་ཉལ། ཇ་ལ་འཐུང་། སེམས་ལ་སྐྱོ་ཞེས་བརྗོད་མི་བདེ་བའི་རིགས་ནི་ལས་ཡིན་པ་དང་།  སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས། ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་ཅེས་བརྗོད་བདེ་བའི་རིགས་ནི་ལ་དོན་འཇུག་པའི་བྱ་བའི་ཡུལ་ཡིན་པ་ལྟ་བུའོ།
          ༦ ལས་ལ་བྱ་ཚིག་གིས་ཤུགས་རྐྱེན་ཐེབས་མིན་གྱི་ཁྱད་པར། བྱ་བྱེད་ལས་གསུམ་གྱི་ལས་ལ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》སུ་བྱ་བའི་ལྟོས་གཞི་ཞེས་གསུངས་ཤིང་། ལྟོས་གཞི་ཞེས་པ་ནི། བྱ་བྱེད་ལས་གསུམ་ལྡན་གྱི་བྱེད་པས་བྱ་བ་བྱེད་པ་དེ་ལ་ལྟོས་དགོས་ཤིང་། གཞི་དེ་མེད་ན་བྱ་བ་མི་སྐྱེ་བའི་ཆ་ནས་དེ་ལྟར་བཏགས་པ་ཡིན་པར་བཞེད་པ་ལྟར། ལས་སམ་ལྟོས་གཞིའི་ངོས་ནས་བརྟགས་ན། ལས་ལ་བྱ་ཚིག་གིས་ཤུགས་རྐྱེན་ཐེབས་དང་མི་ཐེབས་པའི་རིགས་གཉིས་ཡོད་དེ། དཔེར་ན། ཤིང་གཅོད། ཤ་ཟ། ཡི་གེ་འབྲི་ལྟ་བུའི་བྱ་ཚིག་གཅོད་དང་ཟ། འབྲི་ཡིས་ལས་སམ་ལྟོས་གཞི་ཤིང་དང་ཤ ཡི་གེ་བཅས་ལ་ཤུགས་རྐྱེན་ཐེབས་ཐུབ་པ་སྟེ། ཤིང་བཅད་ན་ཆད་པ་དང་།  ཤ་ཟས་ན་རྫོགས་འགྲོ་བ།  ཡི་གེ་བྲིས་ན་གཟུགས་འབྱུང་བ་ཡིན་པས། དེ་རིགས་ནི་ལས་ལ་བྱ་ཚིག་གིས་ཤུགས་རྐྱེན་ཐེབས་པའི་རིགས་དང་།  ཡང་གཟུགས་ལ་ལྟ། སྒྲ་ལ་ཉན། དོན་ལ་བསམ་ལྟ་བུའི་བྱ་ཚིག་ལྟ་དང་ཉན། བསམ་བཅས་ཀྱིས་ལས་སམ་ལྟོས་གཞི་གཟུགས་དང་སྒྲ། དོན་བཅས་ལ་ཤུགས་རྐྱེན་མི་ཐེབས་ཏེ། ལྟ་བ་དང་ཉན་པ། བསམ་པའི་བྱ་བས་ལྟོས་གཞི་གཟུགས་དང་སྒྲ། དོན་ལ་ཕན་གནོད་གང་ཡང་འབྱུང་མི་སྲིད་པས། དེ་རིགས་ནི་ལས་ལ་བྱ་ཚིག་གིས་ཤུགས་རྐྱེན་མི་ཐེབས་པའི་རིགས་སུ་གཏོགས་པ་ཡིན། དེ་བཞིན་གོང་དུ་བསྒྲུབས་ཟིན་པའི་དཔེར་བརྗོད་དེ། སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས།  ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་སོགས་ཀྱང་ལས་ལ་བྱ་ཚིག་གིས་ཤུགས་རྐྱེན་མི་ཐེབས་པའི་རིགས་སུ་གཏོགས་པས། ལ་དོན་གྱི་ཕྲད་འཇུག་སྟེ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》ལས། “བྱ་བའི་ཤུགས་རྐྱེན་ཐེབས་མི་ཐེབས་ཀྱི་ལྟོས་གཞི་གཉིས་སོ་སོར་འབྱེད་དགོས་པའི་རྒྱུ་མཚན་ནི། བྱ་བའི་ཤུགས་རྐྱེན་ཐེབས་པའི་ལྟོས་གཞི་དང་བྱ་ཚིག་བར་ལ་ལ་དོན་གྱི་རྣམ་དབྱེ་མི་ཐོབ་ཅིང་། བྱ་བའི་ཤུགས་རྐྱེན་མི་ཐེབས་པའི་ལྟོས་གཞི་དང་བྱ་ཚིག་བར་ལ་ལ་དོན་གྱི་རྣམ་དབྱེ་འཇོག་དགོས་པའི་ཁྱད་པར་འབྱེད་ཆེད་ཡིན་”⑩ཞེས་གསུངས་པའི་ཕྱིར།
གཉིས་པ།  དེ་ཉིད་ཀྱི་དོགས་གཞིའི་དཔེར་བརྗོད་ལ་དཔྱད་པ།
          ༡ དེ་ཉིད་ཀྱི་ངོ་བོ་དང་ཁྱད་ཆོས། དེ་ཉིད་ཅེས་པ་ནི།《ཐོན་མིའི་ཞལ་ལུང་》ལས། “ལས་དང་བྱ་བ་སོ་སོར་ཕྱེ་ནས་འདིའོ་ཞེས་ཀྱང་སྟོན་རྒྱུ་མེད་པའི་བྱ་ཚིག་ལ་དོན་ཅན་གྱི་རིགས་ལ་དེ་ཉིད་ཅེས་བཏགས་པ་ཡིན་”⑾ཞེས་དང་། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》སུ། “དངོས་པོའི་རང་བཞིན་དང་ཁྱད་ཆོས། བྱ་བའི་ཁྱད་པར་སོགས་སྟོན་པའི་རྗོད་བྱེད་ལ། རང་བཞིན་དང་ཁྱད་ཆོས། ཁྱད་པར་སྟོན་པའི་ཚིག་སྦྱོར་བྱུང་བ་ཡིན་ལ། ཚིག་སྦྱོར་དེ་རིགས་ལ་གོམས་གཤིས་སུ་དེ་ཉིད་ཟེར་”⑿ཞེས་སོགས་བྱུང་བ་ལྟར། དེ་ཉིད་ཀྱི་ཕྲད་ཀྱིས་ལས་དང་བྱ་བ་སོ་སོར་ཕྱེ་ནས་མི་སྟོན་པར། དེ་གཉིས་ངོ་བོ་གཅིག་ཏུ་སྟོན་པར་བྱེད་པ་ཡིན་ཏེ། དཔེར་ན། བོད་ཡིག་ཏུ་བསྒྱུར། ཇེ་གསལ་དུ་བཏང་། ཡི་གེར་བྲིས་ལྟ་བུའི་བྱ་བྱེད་ཐ་དད་པའི་རིགས་དང་། ཤིན་ཏུ་སྐྱིད། དགའ་བར་གྱུར། རབ་ཏུ་གསལ་ལྟ་བུའི་བྱ་བྱེད་ཐ་མི་དད་པའི་རིགས་གང་ཡིན་ཡང་། བྱ་ལས་སོ་སོར་མ་ཕྱེ་བར་ངོ་བོ་གཅིག་ཏུ་སྟོན་པ་ནི་དེ་ཉིད་ཀྱི་ངོ་བོ་དང་བྱེད་ལས་ཡིན།
          ༢ དེ་ཉིད་ཀྱི་དོགས་གཞིའི་དཔེར་བརྗོད་ཀྱི་གྲུབ་ཚུལ་དབྱེ་ཞིབ། དེ་ཉིད་ཀྱི་དོགས་གཞིའི་དཔེར་བརྗོད་ལ། དགྱེས་གཟིགས་ཡོད་པ་ཞུ། དམར་པོ་ཆགས། མེད་པ་བཟོས། སྤྲོ་པོ་ཡོང་བ་ཤོག་སོགས་ལྟ་བུ་ཡིན། དེས་ན་ཡི་གེ་དུ་མ་འདུས་པ་ལས་མིང་དང་།  མིང་དུ་མ་འདུས་པ་ལས་ཚིག་གྲུབ་པས་ན། མིང་ནི་ཚིག་འགྲུབ་བྱེད་ཀྱི་རྒྱུ་ཡིན། གོང་ཞུས་དོགས་གཞིའི་དཔེར་བརྗོད་དེ་དག་ཀྱང་མིང་དུ་མ་འདུས་ནས་ཚིག་ཏུ་གྲུབ་ཡོད་ན་ཡང་། ཚིག་རེ་རེའི་མཇུག་གི་བྱ་ཚིག་ཞུ།  ཆགས། བཟོས། ཤོག་བཅས་འཇུག་སའི་ལས་དགྱེས་གཟིགས་ཡོད་པ། དམར་པོ། མེད་པ། སྤྲོ་པོ་ཡོང་བ་བཅས་ཀྱི་བར་དུ་ལ་དོན་གྱི་ཕྲད་མ་སྦྱར་བས། དེ་དག་ཚིག་ཏུ་འགྲུབ་བྱེད་ཀྱི་རྐྱེན་མི་ཚང་བའམ་ཚིག་ཏུ་བསྒྲུབ་མི་ནུས་པ་སྟེ། བྱ་ཚིག་ཞུ། ཆགས། བཟོས། ཤོག་རྣམས་འཇུག་ཡུལ་ཡོད་པ། དམར་པོ། མེད་པ། སྤྲོ་པོ་རྣམས་དང་འབྲེལ་མེད་ལྟ་བུར་ཆགས་ཡོད་པ་ནི་ལ་དོན་གྱི་ཕྲད་མ་སྦྱར་བའི་སྐྱོན་ཡིན། དེ་ལ་《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》སུ། “དེ་ཉིད་ནི་ལ་དོན་གྱི་ཕྲད་སྦྱར་ས་དེ་ཉིད་ཀྱི་ངོ་བོར་གྲུབ་པའམ་སྦྱར་ས་དེ་ཉིད་ཀྱི་ངོ་བོ་ཉིད་དུ་གྲུབ་པར་སྟོན་པ་ཞིག་དགོས་ཏེ། དཔེར་ན། གསལ་དུ་བཏང་ལྟ་བུའི་ཚིག་ཕྲད་སྦྱར་སའི་གསལ་བ་དེའི་ངོ་བོར་བཏང་བའམ་གསལ་བ་དེའི་ངོ་བོ་ཇེ་གསལ་དུ་བཏང་བའི་དོན་ཡིན་གྱི། གཡས་སུ་ཉལ་ལྟ་བུའི་བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་ཡོད་པ་ལྟ་བུ་ཞིག་མ་ཡིན་ལ། ཚིག་ཕྲད་དུ་ཡིག་མེད་ན་གསལ་བཏང་ཞེས་བརྗོད་ཚེ་གསལ་བྱ་གཞན་དུ་བཏང་བ་ལྟ་བུ་ཞིག་ལས་གོ་རྒྱུ་མེད་པར་འགྱུར་”⒀ཞེས་གསུངས་པ་ལྟར། དགྱེས་གཟིགས་ཡོད་པ་ཞུ་དང་། དམར་པོ་ཆགས། མེད་པ་བཟོས། སྤྲོ་པོ་ཡོང་བ་ཤོག་ཅེས་པ་ལྟ་བུར་ལ་དོན་གྱི་ཕྲད་མ་སྦྱར་ན། ཡོད་པ་ཞུ་ཞེས་པའི་ཞུ་དེ་ཡོད་པའི་ངོ་བོར་མི་འགྱུར་བར་གཞན་ཞིག་ཞུ་བ་བྱེད་པ་ལྟ་བུར་འགྱུར་བ་དང་།  དམར་པོ་ཆགས་ཞེས་པའི་ཆགས་དེ་དམར་པོའི་རང་བཞིན་དུ་མི་འགྱུར་བར་གཞན་ཞིག་ཏུ་ཆགས་པར་འགྱུར་བ། དེ་བཞིན་མེད་པ་བཟོས་ཞེས་པའི་བཟོས་དེས་མེད་པར་བཏང་བའམ་མེད་པར་བཟོས་པར་མི་གོ་བར་གཞན་ཞིག་བཟོས་པ་ལྟ་བུར་འགྱུར་བ། སྤྲོ་པོ་ཡོང་བ་ཤོག་ཅེས་པའི་སྨོན་པའི་དོན་སྟོན་པའི་ཤོག་ཅེས་པ་སྤྲོ་པོ་ཡོང་བར་སྨོན་པའི་དོན་ཅན་དུ་མི་འགྱུར་བར་དེ་དང་འབྲེལ་མེད་དུ་འགྱུར་བ་སོགས། དེ་ནི་ལ་དོན་གྱི་ཕྲད་མ་སྦྱར་བའི་སྐྱོན་ཁོ་ནར་ངེས།
          དོགས་གཞིའི་དཔེར་བརྗོད་དེ་དག་ལ་དབྱེ་ཞིབ་བྱས་པ་ལས། དེ་ཉིད་ཀྱི་སྐབས་སུ་ལ་དོན་གྱི་ཕྲད་སྦྱོར་དགོས་ཚུལ་དང་། ལ་དོན་གྱི་ཕྲད་ཀྱིས་ཚིག་ཏུ་སྒྲུབ་པ་དང་ཚིག་སྔ་ཕྱི་སྦྲེལ་བར་ནུས་པ་ཐོན་གྱི་ཡོད་པ་དེ་ཡི་གེའི་ལག་ལེན་དུ་བསྟར་ཚེ། ད་གཟོད་ཞིབ་ཕྲ་རྟོགས་ཡོང་བའི་གནས་ལུགས་ཤེས་ཐུབ་པ་མ་ཟད། ལ་དོན་གྱི་ཕྲད་སྦྱར་བ་དང་མ་སྦྱར་བའི་དབར་དོན་གྱི་སྟོན་ཚུལ་ལ་ཁྱད་པར་ཡོད་པ་ཡང་ངེས་ཐུབ།
          ༣ དེ་ཉིད་ཀྱི་ལས་དང་བྱ་བའི་བར་དུ་ལ་དོན་གྱི་ཕྲད་འཇུག་ཚུལ། དེ་ཉིད་ཀྱི་སྐབས་སུ་ལས་དང་བྱ་བའི་བར་དུ་ལ་དོན་གྱི་ཕྲད་སྦྱོར་དགོས་ཚུལ་བརྡ་སྤྲོད་ཀྱི་གཞུང་དུ་གསལ་བར་བསྟན་ཡོད་ཀྱང་།  དེར་ཞིབ་ཏུ་མ་བརྟགས་པར་ཁ་སྐད་ཀྱི་དབང་དུ་བྱས་པའམ། རིག་པ་རྩིང་པོའི་ངོས་ནས་བལྟས་ན། ལ་དོན་གྱི་ཕྲད་སྦྱར་བ་དང་མ་སྦྱར་བའི་དབར་ཁྱད་པར་ཆེན་པོ་མེད་པ་ལྟ་བུར་སྣང་། ཞིབ་ཏུ་བརྟགས་ཚེ། ཚིག་གི་བསྟན་དོན་ངེས་པར་བྱེད་པ་དང་མིང་རྣམས་ཚིག་ཏུ་སྒྲུབ་པའི་ཐད་ནས་ཁྱད་པར་ཆེན་པོ་ཡོད་དེ། 《བོད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་》ཞེས་བྱ་བར།  “ལ་དོན་གྱི་ཚིག་ཕྲད་གང་ཞིག་མིང་གི་མཐར་སྦྱར་པའི་ཚེ གང་ལ་སྦྱར་བའི་མིང་དེ་ལ་སྔར་མེད་ཀྱི་བརྡ་སྤྲོད་ཀྱི་གོ་བ་གསར་བ་ཅི་ཡང་མི་སྐྱེད་པར། མཐར་སྦྱོར་འོག་མའི་མིང་དོན་དེ་ཉིད་ལ་དོན་སྦྱར་ས་དེའི་ངོ་བོར་གྱུར་པའམ། དེའི་རང་བཞིན་དུ་གྲུབ་པ་སྟོན་པས། རྗོད་བྱེད་ཀྱི་སྒྲའི་ཆ་ན་བྱ་ཡུལ་ཙམ་དང་བྱ་བ་གཉིས་སོ་སོར་ངོས་གཟུང་དུ་ཡོད་ཀྱང་།  དོན་གྱི་ཆ་ནས་དེ་གཉིས་གཞི་གཅིག་ཏུ་གྲུབ་པས། ཆོས་གཉིས་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་ཞིང་འབྱེད་པ་ཞེས་པའི་རྣམ་དབྱེའི་དོན་དེ་མ་གྲུབ་སྟེ། དཔེར་ན། ལྕགས་སུ་འགྱུར། ལོ་མ་ཤིང་དུ་གྲུབ་ལྟ་བུར་ལྕགས་མ་ཡིན་པའི་དངོས་པོ་གང་ཞིག་གཞན་གྱི་རྩོལ་བའམ་རང་བཞིན་གང་རུང་གིས་ལྕགས་སུ་བསྒྱུར་བའམ་འགྱུར་བར་སྟོན་པས། འགྱུར་བའི་བྱ་བ་ལས་ལོགས་སུ་ལྕགས་གཞན་ཞིག་མེད་ལ། ལྕགས་ཞེས་པ་དེ་ཡང་འགྱུར་བའི་བྱ་བ་དང་ངོ་བོ་གཅིག་ཏུ་གྱུར་པས། དོན་གྱི་ཆ་ནས་འདི་ནི་ལྕགས་དང་།  དེ་ནི་གྱུར་པའི་བྱ་བ་ཡིན་ཞེས་པ་ཞིག་མེད་ལ། དེ་མེད་པས་སུ་སྒྲ་སྦྱར་སའི་ཡུལ་དེའི་དོན་ནི་འདིའོ་ཞེས་གསར་དུ་འཇོག་ཏུ་མེད་ཅིང་། བྱ་བ་ལ་སོགས་པའི་ངོ་བོ་འགྱུར་ཚུལ་ཙམ་ལས་མི་སྟོན་”⒁ ཞེས་བྱུང་བ་ལྟར། དེ་ཉིད་ཀྱི་ཕྲད་ཀྱི་ནུས་པ་ནི། ལ་དོན་གྱི་རྣམ་དབྱེ་ལྟར་ཕྲད་ཀྱི་ནུས་པས་ཆོས་གཉིས་སོ་སོར་རྣམ་པར་དབྱེ་བ་མ་ཡིན་པར་དེ་གཉིས་ངོ་བོ་གཅིག་ཏུ་སྟོན་པ་སྟེ། ལ་དོན་གྱི་མཐར་སྦྱོར་འོག་མའི་མིང་དེ་ལ་དོན་སྦྱོར་ཡུལ་དེའི་ངོ་བོར་གྲུབ་པ་སྟོན་པ་ཙམ་ཡིན། དེའི་ཕྱིར་ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་གྱུར་བའམ། མཐར་སྦྱོར་འོག་མའི་མིང་དོན་དེ་ཉིད་ལ་དོན་སྦྱར་ས་དེའི་རང་བཞིན་དུ་གྲུབ་པ་སྟོན་པའི་དོན་ཅན་ཞིག་ཡིན་ན། དེ་ལ་ངེས་པར་དུ་ལ་དོན་གྱི་ཕྲད་སྦྱོར་དགོས་ཏེ། དཔེར་ན། དགྱེས་གཟིགས་ཡོད་པ་ཞུ་ཞེས་པའི་ཡོད་པ་ནི་ལས་དང་།  ཞུ་ནི་བྱ་བ་ཡིན་ལ། དེ་གཉིས་ངོ་བོ་གཅིག་ཏུ་གྲུབ་སྟེ་ཡོད་པའི་ངོ་བོར་ཞུ་བ་ལས་འདི་ཡོད་པ་དང་དེ་ཞུ་བ་རེད་ཅེས་ལོགས་སུ་དགར་རྒྱུ་མེད་པས། ཡོད་པ་དང་ཞུ་བའི་བར་དུ་ལ་དོན་གྱི་ཕྲད་མ་སྦྱར་ན་ཚིག་སྔ་ཕྱི་འབྲེལ་ཆགས་མི་ཐུབ་སྟེ། ཡོད་པ་དང་ཞུ་གཉིས་སོ་སོར་ཕྲལ་ན་དོན་ཞིག་བསྟན་རྒྱུ་མེད་ཕྱིར། དགྱེས་གཟིགས་ཡོད་པར་ཞུ་ཞེས་ལ་དོན་གྱི་ཕྲད་ར་སྒྲ་ངེས་པར་སྦྱོར་དགོས་པ་ལྟ་བུ་དང་།  དེ་བཞིན་དམར་པོ་ཆགས་ཞེས་པའི་དམར་པོ་ནི་ལས་དང་།  ཆགས་ནི་བྱ་བ་ཡིན་ལ། དེ་གཉིས་སོ་སོར་འབྱེད་རྒྱུ་མེད་པར་དམར་པོའི་ངོ་བོར་ཆགས་པས་དམར་པོར་ཆགས་ཞེས་ར་སྒྲ་སྦྱོར་དགོས་པ། མེད་པ་བཟོས་ཞེས་པའི་མེད་པ་ནི་ལས་དང་བཟོས་ནི་བྱ་བ་སྟེ། མེད་པའི་ངོ་བོར་བཟོས་པ་ལས་འདི་མེད་པ་དང་དེ་བཟོས་པ་རེད་ཅེས་ལོགས་སུ་བསྟན་རྒྱུ་མེད་ཕྱིར། མེད་པར་བཟོས་ཞེས་ར་སྒྲ་སྦྱོར་དགོས་པ། སྤྲོ་པོ་ཡོང་བ་ཤོག་ཅེས་པའི་སྤྲོ་པོ་ཡོང་རྒྱུ་ནི་ལས་དང་།  ཤོག་ཅེས་པ་ནི་བྱ་བ་ཡིན་ལ། སྤྲོ་པོའི་ངོ་བོར་ཡོང་བར་སྨོན་པ་ལས་ཡོང་བ་དང་ཤོག་གཉིས་སོ་སོར་ཕྲལ་ན་དོན་ཅི་ཡང་བསྟན་རྒྱུ་མེད་ཕྱིར། སྤྲོ་པོ་ཡོང་བར་ཤོག་ཅེས་ར་སྒྲ་སྦྱོར་དགོས་པ་ལྟ་བུ་ཡིན།
གསུམ་པ།  གཞུང་ལུགས་ཀྱི་རིགས་འགྲེའི་དཔེར་བརྗོད་ལུང་དུ་འདྲེན་པ།
          གོང་དུ་བཀོད་པའི་དོགས་གཞིའི་དཔེར་བརྗོད་རིགས་དེ་གཉིས་ལ་བརྡ་སྤྲོད་རིག་པའི་ཐད་ནས་དབྱེ་ཞིབ་བྱས་ཏེ། ལུང་དང་རིགས་པའི་སྒོ་ནས་ལ་དོན་གྱི་རྣམ་དབྱེ་སྦྱོར་དགོས་ཚུལ་སྤྱིར་བསྒྲུབས་ཟིན་ནའང་། ད་དུང་དེ་བས་དོན་ལ་གོ་བ་གཏིང་ཟབ་ལོན་ཕྱིར། འདིར་ཡིད་རྟོན་རུང་བའི་ཚད་ལྡན་གསུང་རབ་རྣམས་སུ་སྔོན་བྱོན་བོད་ཀྱི་པཎ་ཆེན་རྣམས་ཀྱིས་ལ་དོན་གྱི་འཇུག་ཚུལ་ཇི་ལྟར་བསྟན་པ་བཀའ་བསྟན་གློག་རྡུལ་མ་⒂ལས་རིགས་མཐུན་གྱི་དཔེར་བརྗོད་ཁག་གཅིག་དྲངས་ནས་བསྡུར་བར་བྱ་སྟེ།   
          ༡ ལས་སུ་བྱ་བའི་རིགས་འགྲེའི་དཔེར་བརྗོད། སློབ་ཚན་ལ་ཉན་ཞེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཡི་39.123aངོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉན་པ་ཞེས་ལ་སྒྲ་སྦྱར་ཡོད་པ་དང་། བརྙན་འཕྲིན་ལ་བལྟས་ཞེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞིའི་ཁ་པའི2. 216aངོས་ན། ཟླ་བ་ལ་བལྟས་ནས་ཡིད་འཕྲོག་མ་དང་བྲལ་བའི་སྨྲེ་སྔགས་འདི་ལྟ་བུ་འདོན་པར་བྱེད་དེ་ཞེས་ལ་སྒྲ་སྦྱར་ཡོད་པ། ངལ་བར་འཕྲད་ཅེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞིའི་ཁ་པའི་2.286bངོས་ན། ལུས་ཀྱི་ཐ་མ་འཛིན་པ་རྡུལ་མེད་པ། ། དྲང་པོ་འདི་དག་དང་ནི་བདག་གིར་ཕྲད་ཅེས་ར་སྒྲ་སྦྱར་ཡོད་པ། སྐུ་ཉིད་ལ་སྒུག་ཅེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞིའི་ང་པའི་4.197aངོས་ན། མི་རྐང་ལག་རྡུམ་བུ་དེ་ལ་བསྒུགས་པར་བརྩམས་པ་ཞེས་ར་སྒྲ་སྦྱར་ཡོད་པ་ལྟ་བུའོ།
          ༢ དེ་ཉིད་ཀྱི་རིགས་འགྲེའི་དཔེར་བརྗོད། དགྱེས་གཟིགས་ཡོད་པར་ཞུ་ཞེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞིའི་ཀ་པའི་1.7aངོས་ན། གལ་ཏེ་ཕྱིར་མི་འབྱུང་ན་ཁྱོད་ཀྱང་གནས་སྐབས་འདི་ལྟ་བུར་བྱས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་ཞེས་ར་སྒྲ་སྦྱར་ཡོད་པ་དང་།  དམར་པོར་ཆགས་ཞེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞིའི་ཁ་པའི་2.73bངོས་ན། ཉི་མ་གཟས་ཟིན་པ་དང་།  ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་དམར་པོར་གྱུར་པ་ཞེས་ར་སྒྲ་སྦྱར་ཡོད་པ། མེད་པར་བཟོས་ཞེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞིའི་ཀ་པའི་1.131bངོས་ན། ངའི་ཡུལ་དུ་སུས་ཀྱང་ཆོམ་རྐུན་མི་བྱའོ། ། གང་ཞིག་བྱེད་པ་ན་ངས་དེ་ཡུལ་མེད་པར་བྱ་ཞིང་སྦྱིན་པ་ནི་ང་ཉིད་ཀྱི་མཛོད་དང་བང་བ་ནས་སྦྱིན་པར་བྱའོ་ཞེས་བསྒོའོ། ། ཞེས་ར་སྒྲ་སྦྱར་ཡོད་པ། སྤྲོ་པོ་ཡོང་བར་ཤོག་ཅེས་པ་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་པ་པའི་26.181bངོས་ན། བུ་འམ་བུ་མོའི་རིགས་ཀྱི་ལྷ་ལྟ་བུ་ཡོང་བར་འགྱུར་རོ་ཞེ་འམ། ཚེ་རིང་བར་འགྱུར་རོ་ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་མྱི་བྱེད་དོ་ཞེས་ར་སྒྲ་སྦྱར་ཡོད་པ་ལྟ་བུའོ།
མཇུག་བསྡུའི་གཏམ།
          མདོར་ན། གོང་དུ་བཀོད་པའི་ལ་དོན་འཇུག་ཡུལ་གྱི་དོགས་གཞིའི་དཔེར་བརྗོད་རིགས་དེ་གཉིས་ནི། དུས་རྒྱུན་གྱི་ལས་ཀར་འབྲེལ་བའི་བོད་སྐད་བརྙན་འཕྲིན་དང་།  བོད་ཡིག་ཚགས་པར། གསར་འགྱུར་ལོ་ཙཱ་སོགས་ཀྱི་ལས་ཀའི་ལག་ལེན་ཁྲོད་དངོས་སུ་ཕྲད་མྱོང་བའི་བརྡ་སྤྲོད་ལས་ལ་དོན་སྐབས་ཀྱི་དོགས་གཞིའི་དཔེར་བརྗོད་ཀྱི་རིགས་ཡིན་ཞིང་། དེའི་ཐད་སྔོན་ཚུད་ནས་ལས་གྲོགས་རྣམས་དང་བསམ་ཚུལ་བརྗེ་རེས་བྱས་ཡོད་ན་ཡང་། བརྡ་སྤྲོད་གཞུང་གི་འགྲེལ་ལུགས་ཚུགས་ཐུབ་ཅིག་མ་རྙེད་པའམ་ཡིད་བརྟན་འཕེར་བའི་དཔྱད་གཞི་བཙལ་འཚོལ་མ་ཐུབ་པ་སོགས་ཀྱིས་ད་བར་རྩོམ་ཡིག་འདི་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུར་ལུས་སོང་། ད་ཐེངས་ལ་དོན་གྱི་དོགས་གཞིའི་དཔེར་བརྗོད་དེའི་རིགས་ལ་དབྱེ་ཞིབྱ་བྱེད་དགོས་དོན་གཙོ་བོ་ནི། གཅིག་ནས་བརྗོད་དོན་གང་ཞིག་ཡི་གེས་མཚོན་པར་བྱེད་ཚེ། ཁ་སྐད་དང་ཡིག་སྐད་གཉིས་ལས་ཡིག་སྐད་གཙོ་བོར་འཛིན་རྒྱུ་གལ་ཆེ་བར་མཐོང་བ་དང་།  ལྷག་པར་དུ་བོད་སྐད་བརྙན་འཕྲིན་དང་། བོད་ཡིག་ཚགས་པར།  གསར་འགྱུར་ལོ་ཙཱའི་རིགས་ཀྱི་བརྗོད་པ་ནི་དམངས་ཀྱིས་གོ་སླ་བའི་ངག་གི་ཕྲེང་བར་སྤེལ་དགོས་ཀྱང་།  དེའི་རྗོད་བྱེད་ཚིག་ཡི་གེར་འགོད་སྐབས། ཡི་གེའི་བརྡ་སྤྲོད་རིག་པ་གཞིར་འཛིན་དགོས་པ་ལས་ཁ་སྐད་གང་ཞིག་ཚད་གཞིར་འཛིན་མི་རུང་བའི་གནས་ལུགས་སྟོན་ཆེད་ཡིན་པ་དང་།  གཉིས་ནས་ཀུན་གྱི་མཐོང་ལམ་དུ་འགྱུར་སླ་བའི་བོད་སྐད་བརྙན་འཕྲིན་དང་།  བོད་ཡིག་ཚགས་པར། གསར་འགྱུར་ལོ་ཙཱ་སོགས་ལ་ཡི་གེའི་དག་ཆ་ཇི་བཞིན་མ་ཐོན་ཚེ། ལྟ་མཁན་དང་ཀློག་མཁན་རྣམས་ཀྱི་བློ་ཁ་འདྲེན་མི་ཐུབ་པ་དང་ཡིད་རྟོན་མེད་པར་འགྱུར་བ་མ་ཟད། ཡི་གེའི་དག་ཆའི་བླང་དོར་གྱི་ཤན་འབྱེད་མི་ཐུབ་པའི་ལྟ་མཁན་དང་ཀློག་མཁན་རྣམས་རྨོངས་བར་འགྱུར་བས་ན། དེར་དཔྱད་པར་བྱ་བ་དགོས་གལ་ཆེ་བར་མཐོང་བ། གསུམ་ནས་ལ་དོན་གྱི་རྣམ་དབྱེ་འཇུག་ཡུལ་གང་ཞིག་ལ་ལ་དོན་གྱི་ཕྲད་མ་སྦྱར་ཚེ། མིང་རྣམས་ཚིག་ཏུ་སྒྲུབ་མི་ནུས་ཤིང་། མིང་སོ་སོའི་བྱེད་ལས་ཀྱི་ངོ་བོ་ཡང་གཞན་དང་མ་འདྲེས་པར་གསལ་བར་བྱེད་མི་ཐུབ་པ་དང་། ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་མི་ལྡན་ཞིང་བོད་སྐད་ཀྱི་ཁྱད་ཆོས་ཉམས་འགྲོ་བས་ན། ལ་དོན་གྱི་འཇུག་ཚུལ་ཇི་བཞིན་སྦྱོར་དགོས་པའི་དོན་སྙིང་བརྗོད་པ་ཡིན་པ། བཞི་ནས་ལ་དོན་དང་རྣམ་དབྱེའི་སྦྱོར་ཚུལ་སོགས་ཇི་བཞིན་ལག་ལེན་དུ་བསྟར་རྒྱུ་ནི། བོད་སྐད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དང་ཡི་གེའི་ལག་ལེན་གཉིས་ཟུང་འབྲེལ་བྱེད་པའི་གནད་འགག་ཅིག་དང་།  བརྡ་སྤྲོད་རིག་པ་ཉིད་ཡི་གེའི་ལག་ལེན་གྱི་ཚད་འཇལ་བྱེད་ཅིག་ཡིན་པར་རྟོགས་པས་ཡིན། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          ①⑧⑩⑿དོར་ཞི་གདོང་དྲུག་སྙེམས་བློ།  《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༩༠ལོའི་ཟླ་༥པར་དཔེ་སྐྲུན་བྱས། ཤ་༡༥  ༡༦  ༡༣༤ནས་༡༣༥  ༢༡
          ②དགེ་རྒན་ཆེན་མོ་བདེ་མཆོག་ཚང་གིས་བརྡ་སྤྲོད་སྐོར་གྱི་སློབ་ཁྲིད་གནང་སྐབས་གསུངས།
          ③⑦⑨སྐལ་བཟང་འགྱུར་མེད། 《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༩༢ལོའི་ཟླ་༡༢པར་དཔེ་སྐྲུན་བྱས། ཤ་༣༨  ༤༦  ༤༧
          ④ནོར་བུ་རྒྱ་མཚོ 《རྗོད་བྱེད་ཀྱི་སྒྲའི་གོ་དོན་གསར་དུ་བརྟག་པ་》མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༣ལོའི་ཟླ་༤པར་དཔེ་སྐྲུན་བྱས། ཤ་༡༣༥
          ⑤⑥དུད་བླ་བུ་ཆུང་། 《བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་གཅིག་ཏུ་བསྒྲིགས་པ་མུ་ཐུ་ལའི་ཕྲེང་བ་》མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༣པར་དཔེ་སྐྲུན་བྱས། ཤ་༣༨༩ ༣༨༨
          ⑾ཚེ་ཏན་ཞབས་དྲུང་།《ཐོན་མིའི་ཞལ་ལུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༩ལོའི་ཟླ་༡༡པར་དཔེ་སྐྲུན་བྱས། ཤ་༣༢
          ⒀དམུ་དགེ་བསམ་གཏན། 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༧༩ལོར་དཔེ་སྐྲུན་བྱས། ཤ་༣༠ནས་༣༡
          ⒁ལྕགས་ཐར་རྒྱལ། 《བོད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༦ལོར་དཔེ་སྐྲུན་བྱས། ཤ་༢༩༤ནས་༢༩༥
          ⒂གློག་ཀླད་དང་ཁ་པར་དུ་ནང་འཇུག་བྱེད་ཆོག་པའི་སྟབས་བདེའི་གློག་རྡུལ་གྱི་བཀའ་བསྟན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1