སྤྱི་ལོ་2020ལོར་སླེབས་སྐབས། ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་པོ་ཚང་མ་དབུལ་གྲོལ་ཐུབ་པ་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་གནང་བའི་རྔམ་བརྗིད་ལྡན་པའི་ཁས་ལེན་ཞིག་རེད། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཀྱིས། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ཞེས་ནན་སྟོན་གནང་ཡོད། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ཁུལ་དབྱེ་རིམ་དབྱེའི་གནད་འཕིགས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་ཐུབ་པ་བྱས་ནས། ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་ཧུར་ཐག་ངང་སེལ་ཐོག ཆོད་སེམས་དེ་བས་ཆེ་བ་དང་། ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་བསྡོམ་རྩིས་ལ་གཞིགས་ན། སྤྱི་ལོ་2019ལོར་རྒྱལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཁྲི་2729ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་འགྲོ་བ་དང་། ཁྱིམ་ཚང་དེ་དག་གི་ཡོང་འབབ་ཀྱི་གསུམ་ཆ་གཉིས་ཙམ་ནི་ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་ཕྱིན་ནས་བསགས་པ་ཞིག་རེད། ཏོག་གསར་གློ་ཚད་ནད་ཡམས་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་ཆེད། ས་གནས་ཁག་གིས་བྱ་ཐབས་སྣ་མང་སྤྱད་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་གནས་ཐོག་ལོག་རྒྱུ་དང་། ལས་གནས་གཞན་པར་ཞུགས་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་པ་རེད། ཡུན་ནན་ཞིང་ཆེན་ལུའུ་ཏན་རྫོང་གིས་ངལ་རྩོལ་ནུས་ཤུགས་ཀྱི་ཆ་འཕྲིན་རྩིས་ཐོ་བཟོ་བ་དང་། གནད་འཕིགས་ངང་ལས་གནས་འོས་སྦྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་། གླ་རིན་མི་དགོས་པར་ལུས་པོར་བརྟག་དཔྱད་བྱེད་པ་དང་། རིན་མེད་ཁ་རས་སྤྲོད་པ། ལས་གནས་ཐོག་ལོག་མཁན་གྱི་ཆེད་གཏོང་རླངས་འཁོར་བཀོད་སྒྲིག་བྱེད་པ་སོགས་བརྒྱུད། ཁྱིམ་ཚང་གི་སྒོ་ཁ་ནས་བཟོ་གྲྭའི་སྒོ་འགྲམ་བར་ཐད་ཀར་སྐྱེལ་བའི་ཞབས་ཞུ་བསྒྲུབས་པས། ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་འགྲོ་མཁན་རྣམས་གོ་རིམ་ལྡན་པའི་ངང་ལས་གནས་ཐོག་ལོག་ཐུབ་པ་བྱུང་ཡོད།
ཐན་ཅིན་གྲོང་ཁྱེར་ཅིང་ཧའི་ཁུལ་གྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཀན་སུའུ་ཀྲེན་ཡོན་རྫོང་དང་འབྲེལ་གཏུག་བྱས་ཐོག གཟའ་འཁོར་གཅིག་ཀྱང་མ་སོང་བའི་དུས་ཚོད་ནང་ལས་གནས་ཐོག་ཕྱིར་ལོག་བྱེད་པའི་ཚེག་དང་ཚེག་སྦྲེལ་བ་ལྟ་བུའི་ཐད་འབྱོར་ཞབས་ཞུའི་འགན་སྲུང་སྒྲིག་གཞི་བརྒྱུད། ལས་མི་ཁག་དང་པོ་173བསྡུས་པ་དེ་དག་ཀན་སུའུ་ཀྲེན་ཡོན་རྫོང་ནས་བར་ཐག་སྤྱི་ལེ་1300ཆོད་པའི་ཐན་ཅིན་ཅིང་ཧའི་ཁུལ་དུ་འབྱོར་ཡོད་པ་རེད།
ཧྲན་ཤིའི་ཧྥན་ཧྲེ་རྫོང་གི་དབུལ་སྐྱོར་བཟོ་གྲྭའི་འཁོར་ཁང་གིས་ས་གནས་དེར་དབུལ་སྐྱོར་གནས་སྤོ་བྱས་པའི་དུད་ཚང་ནས་ལས་མི་100ལྷག་ཙམ་བསྡུས་ཡོད། ཧྥན་ཧྲེ་རྫོང་གི་ལག་ཤེས་བཟོ་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་ལེ་ཡིས། ས་གནས་དེས་འཁོར་ཁང་ལ་དུག་སེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་རེས་ལམ་ལུགས་བཟོ་བ་སོགས་བྱ་ཐབས་སྤྱད་ནས། དབུལ་ཕོངས་མང་ཚོགས་རྣམས་ཉེ་འགྲམ་དུ་ལས་ཞུགས་ཐུབ་པ་དང་། རིམས་འགོག་དང་འབབ་འཕར་གཉིས་ཀར་འགན་ལེན་བྱེད་བཞིན་ཡོད་ཅེས་གསུངས་འདུག
ནད་ཡམས་ཐོན་རྗེས། ཧོ་པེ་ཞིང་ཆེན་ཧྥུ་ཕིང་རྫོང་གི་ཤ་མོ་འདེབས་འཛུགས་དུད་ཚང་ལ་བར་སྐབས་ཤིག་རིང་ཤ་མོ་འཚོང་ཐུབ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཆེན་པོ་བྱུང་། འོན་ཀྱང་ཧྥུ་ཕིང་རྫོང་གིས་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག ཁེ་ལས་ཀྱིས་གན་རྒྱའི་རིན་གོང་ལྟར་ཉོ་སྒྲུབ་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
ཅང་ཤིའི་ཞིང་ཆེན་ནན་ཁྲང་རྫོང་ཧོ་ཧྲན་གྲོང་ཚོར་ཉ་རྫིང་མུའུ་110ཡོད། ཡིན་ནའང་ཟ་ཁང་ཁ་ཤས་གནས་སྐབས་ཚོང་གཉེར་བྱེད་མཚམས་བཞག་པ་དང་། གྲོང་གསེབ་ཀྱི་ཚོང་འདུས་གནས་སྐབས་སྒོ་ཕྱེ་མཚམས་བཞག་པ་དེས་རྐྱེན་པས་ཁོ་ཚོར་སེམས་ཁྲལ་ཆེན་པོ་བྱུང་། དེ་ནས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པས་དྲ་སྦྲེལ་སྟེགས་བུ་སོགས་བརྒྱུད་ཚོང་ལམ་བཙལ་བ་དང་། ཀྲེ་ཅང་དང་ཁྲུང་ཆིང་གི་ཚོང་དུད་གཉིས་དང་འབྲེལ་བ་བྱས་རྗེས། འཚོང་མ་ཐུབ་པར་ལུས་པའི་ཉ་རྒྱ་མ་ཁྲི་17བདེ་བླག་ངང་འཚོང་ཐུབ་ཡོད།
ནང་སོག་ཤིང་ཨན་ས་ཁུལ་ཀྲ་ལའེ་ཐེ་རྫོང་ཐུ་མན་གྲོང་ཚོ་ནི་བ་གླང་གསོ་ཚགས་ལ་གཙོ་བོར་བརྟེན་མཁན་ཞིག་ཡིན། མིག་སྔར་བེའུ་སྐྱེ་མང་ཤོས་ཀྱི་དུས་ཚིགས་ཡིན་པས། གྲོང་སྡོད་ལས་དོན་རུ་ཁག་གི་ཐོན་ལས་མཛུབ་ཁྲིད་པ་ཁྱིམ་ཚང་ཁག་ནང་བསྐྱོད་ནས་ལྷས་རའི་འཛུགས་བསྐྲུན་དང་། གཟན་རྩྭའི་མཁོ་སྤྲོད་སོགས་ཀྱི་ཐད་མཛུབ་ཁྲིད་བྱས་ཡོད་པ་རེད།
ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་བྱེད་པ་དང་ཆབས་ཅིག ཧེ་ལུང་ཅང་ཅི་ཏུང་རྫོང་ཧ་ཏ་གྲོང་རྡལ་གྱིས་གྲོང་རྡལ་དེའི་དབུལ་གྲོལ་ཐུབ་ཀྱང་སྲིད་ཇུས་མུ་མཐུད་ལོངས་སྤྱོད་བྱེད་བཞིན་པའི་དུད་ཚང་233གྱི་དཔྱིད་རྨོས་ཀྱི་དཀའ་གནད་སེལ་རོགས་བྱས་པ་དང་། དམིགས་འབེན་འགན་འཁྲི་ལག་བསྟར་བྱེད་དུ་བཅུག་ནས། དབུལ་ཕོངས་དུད་ཚང་མས་དུས་ཐོག་ཏུ་ཞིང་ཁ་འདེབས་པ་དང་། ཞིང་ཁ་ཡག་པོ་འདེབ་རྒྱུར་འགན་སྲུང་བྱས་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནད་ཡམས་ཀྱི་རྐྱེན་ལས་དབུལ་ཕོངས་ལ་གྱུར་བའི་མི་སྣར་ཟུར་སྐྱོར་ཡག་པོ་བྱ་དགོས་པ་དང་། མ་མཐའི་འཚོ་རྟེན་འགན་སྲུང་སོགས་ཟུར་སྐྱོར་བྱ་ཐབས་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱས་ནས། ཁོ་ཚོའི་གཞི་རྩའི་འཚོ་བར་ཤུགས་རྐྱེན་མ་ཐེབས་པ་བྱ་དགོས་ཞེས་བསྟན་གནང་ཡོད། ཧྲན་ཏུང་གི་དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་དཀའ་ཚེགས་ཆེ་ཤོས་ཡིན་པའི་ཡི་མོང་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དུ། ཧྲན་ཏུང་ལིན་ཡི་རིམ་ཁག་སྡེ་ཁག་གིས་དབུལ་གྲོལ་ཐུབ་ཀྱང་སྲིད་ཇུས་མུ་མཐུད་ལོངས་སྤྱོད་བྱེད་པའི་མི་ཁྲི་32.3གི་དབུལ་གྲོལ་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཐོག དབུལ་སྒྲོལ་གྱི་ཡུན་རིང་གོ་ཆོད་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་མི་དམངས་རྒྱལ་ཡོངས་མི་དམངས་ལ་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་ནང་སྐྱོད་ཐུབ་པ་བྱེད་བཞིན་ཡོད།
ཧོ་ནན་ལན་ཁའོ་རྫོང་ཨུད་ཧྲུའུ་ཅི་ཚའི་སུང་ཐའོ་ཡིས། སླད་ཀྱི་ལས་དོན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་སྔར་ལས་ལྷག་པ་བྱས་ནས། ནད་ཡམས་ཀྱི་ཤུགས་རྐྱེན་ཁྱད་བསད་དང་། ཐོན་སྐྱེད་སླར་གསོ་མགྱོགས་སུ་བཏང་ཐོག འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་དམིགས་འབེན་ལ་གཞིགས་ནས། མི་འདང་བའི་ཆ་གསབ་དང་། ཞན་ཆ་སྐོང་བ། དབུལ་སྒྲོལ་འགག་གཏོར་དང་ཤང་གྲོང་དར་རྒྱས་སྦྲེལ་མཐུད་ཐུབ་པ་བཅས་བྱས་ནས། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ཅེས་གསུངས་འདུག