མི་དམངས་དྲ་བ་སོགས་ཀྱིས་གངས་ལྗོངས་ཉི་གཞོན་ཡག་མོ་རེད་ཅེས་བརྗོད་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-10





        སྤྱི་ཟླ་3པའི་ཚེས་9ཉིན།  ཀྲུང་གོ་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་ཚགས་པར་ཁང་གིས་《སི་ཁྲོན་ཏང་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་བོད་ཀྱི་ཡུལ་སྐད་20བཀོལ་ནས་བོད་ཁུལ་དུ་རིམས་འགོག་ཤེས་བྱ་བསྒྲགས་པས་མང་ཚོགས་ཀྱིས་བརྒྱུད་བསྐུར་དང་ཐེ་བོང་བསྒྲེངས་ནས་ཡག་མོ་རེད་ཅེས་བརྗོད་པ།》ཞེས་པའི་གསར་འགྱུར་བཀོད་རྗེས་མི་དམངས་དྲ་བ་དང་། རྒྱལ་སྟོབས་སློབ་སྦྱོང་སྟེགས་བུ། ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་དྲ་བ། ཀྲུང་གོའི་གསར་འགོད་པའི་དྲ་བ་སོགས་ཀྲུང་དབྱང་རིམ་པའི་གསར་འགྱུར་གཙོ་གྲས་ཁག་གིས་བརྒྱུད་བསྐུར་བྱས།


གཤམ་དུ་ནང་དོན་ཆ་ཚང་བཀོད་ཡོད།


        གངས་ལྗོངས་ཉི་གཞོན་གྱི་སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་ཐོག་རྟའུ་དང་རྒྱལ་རོང་།  དེ་མིན་མི་ཉག་དང་འབྲུག་ཆུ་སོགས་ཀྱི་ཡུལ་སྐད་20བཀོལ་ཏེ་སྒྲ་དང་བརྙན་ཀྱི་ལམ་ནས་རིམས་འགོག་གི་ཤེས་བྱ་བསྒྲགས་པ་འདི་ཡག་མོ་རེད།  ཚང་མས་བརྒྱུད་བསྐུར་ཡང་བྱེད་བཞིན་འདུག །ཅེས་དཀར་མཛེས་ཁུལ་རྟའུ་རྫོང་གི་དགེ་རྒན་ཐུབ་བསྟན་ཉི་མས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་སྤྱི་སྟེགས་འོག་ཏུ་མཆན་བཀོད་འདུག །
        སི་ཁྲོན་ཏང་གི་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནི་རྒྱལ་ཡོངས་སུ་བཙུགས་སྔ་ཤོས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཤིག་ཡིན།  རིམས་ནད་མཆེད་རྗེས་ལྟེ་གནས་དེས་འཕྲལ་དུ་ཏོག་གསར་གློ་ཚད་ཀྱི་ཆེད་བསྒྲིགས་ལེ་ཚན་བཟོས་ཤིང་།  སྤྱི་ཟླ་3པའི་ཚེས་8ཉིན་གྱི་བར། ཟླ་ངོ་གཅིག་ལྷག་གི་རིང་ལ་རིམ་བརྩིས་བྱས་ན་ལྟ་གྲངས་མི་ཐེངས་ཁྲི་1153ལ་སླེབས་པ་དང་།  སྐད་འཕྲིན་སྤྱི་སྟེགས་ཀྱི་ལྟ་གྲངས་མི་ཐེངས་ཁྲི་100ལ་སླེབས་ཡོད། 
        ཁྱད་པར་དུ་རྟའུ་རྫོང་དུ་རིམས་ནད་མཆེད་པའི་གནས་ཚུལ་ཐད།  གངས་ལྗོངས་ཉི་གཞོན་གྱིས་ཆེད་དུ་རྟའུ་ཡུལ་སྐད་ཀྱི་ཐོག་ནས་རིམས་འགོག་གི་རྒྱུན་ཤེས་སྒྲ་དང་བརྙན་གྱི་ལམ་ནས་ཐེངས་གསུམ་སྤེལ།  ད་དུང་དེའི་རྨང་གཞིའི་ཐོག །བོད་ལྗོངས་ཀྱི་ལྷ་ས་དང་ནགས་ཆུ།  ཀན་ལྷོའི་ཐེ་བོ་དང་འབྲུག་ཆུ།  ཡུན་ནན་གྱི་བདེ་ཆེན།  སི་ཁྲོན་གྱི་སྡེ་དགེ་དང་འབའ་ཐང་སོགས་ཀྱི་ཡུལ་སྐད་20བཀོལ་ནས་རིམས་འགོག་ཚོད་འཛིན་གྱི་ཤེས་བྱ་སྒྲ་དང་བརྙན་གྱི་ལམ་ནས་སྒྲིག་བཟོ་བྱས་ནས།  ཁྱབ་བསྒྲགས་ཀྱི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པ་རེད།
        སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་གིས་《ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་ཚགས་པར་ཁང་།》གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་སྐབས་ངོ་སྤྲོད་བྱས་པ་ལྟར་ན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཅུང་ཚབས་ཆེན་མཆེན་པའི་བོད་ཁུལ་གྱི་ས་གནས་སུ་གཏོགས་ཤིང་།  རིམས་ནད་བྱུང་རྗེས།  སི་ཁྲོན་ཏང་གི་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་དེ་འཕྲལ་དུ་དོ་སྣང་བྱས་སྟེ།  གནད་ལ་འཁེལ་ཞིང་རང་འགུལ་སྒོས་བོད་རིགས་ས་ཁུལ་དུ་ཀྲུང་དབྱང་དང་ཞིང་ཨུའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཇུས་གཞི་ཁྱབ་བསྒྲགས་བྱས་ཤིང་།  རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་སླད་དུ་རིམས་ནད་ཀྱི་གནས་ཚུལ་གསར་པ་དང་སྔོན་འགོག་རྒྱུན་ཤེས་དུས་ལྟར་ཡིག་བསྒྱུར་དང་གསར་སྣོན་བྱས་ཏེ།  བོད་རིགས་མི་དམངས་ཀྱིས་རིམས་ནད་ཀྱི་གནས་ཚུལ་སྔ་ཙམ་རྟོགས་ཤིང་སྔ་ནས་སྔོན་འགོག་བྱེད་པར་རོགས་རམ་བྱས།
        གསར་འགོད་པས་རྒྱུས་ལོན་བྱུང་ལྟར་ན།  སྤྱི་ཟླ་1པོའི་ཚེས་21ཉིན་ནས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་སྐད་འཕྲིན་སྤྱི་སྟེགས་དང་དྲ་བ།  འཇུག་སྒོ་སོགས་ནས་བོད་རྒྱ་སྐད་གཉིས་ཀྱི་རིམས་འགོག་དྲིལ་བསྒྲགས་ལས་དོན་སྒྲུབ་འགོ་བརྩམས་ཤིང་།  སྤྱི་ཟླ་1པོའི་ཚེས་24ཉིན་ཏོག་གསར་གློ་ཚད་ཀྱི་བོད་རྒྱ་སྐད་གཉིས་ཆེད་བསྒྲིགས་བཟོས་པ་དང་།  བོད་རྒྱ་སྐད་གཉིས་ཀྱི་གཞི་གྲངས་དུས་ཐོག་གསར་དུ་བརྗེ་བའི་འཕྲིན་སྟེགས་སྒོ་ཕྱེས་ནས།  སྟབས་བདེའི་ཆེད་སྒྲིག་དང་དྲིལ་བསྒྲགས་ཆུང་ངུའི་རྣམ་པའི་ཐོག་ནས་ཧུར་ཐག་སྒོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཁྱབ་བསྒྲགས་བྱས།  དུས་མཚུངས་སུ།  བོད་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་རོང་འབྲོག་མང་ཚོགས།  དེ་བཞིན་དགོན་སྡེའི་གྲྭ་བཙུན་སོགས་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་ལྟར་དུ།  གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གསར་འགོད་པས་སྔ་གཞུག་ཏུ་བོད་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་སྔར་གྱི་སུའོ་ཀྲང་གཞོན་པ་བསོད་ནམས་འཆི་མེད་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུང་མི་དང་དཀར་མཛེས་ཁུལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་གཉའ་རྒྱལ་མཚན།  ད་དུང་བོད་ཁུལ་གྱི་གཞི་རིམ་སྨན་བཅོས་མི་སྣ་དང་རོང་འབྲོག་གི་མི་སེར་དཀྱུས་མ་30ལྷག་ལ་བཅར་འདྲི་བྱས་ཏེ།  སྒྲ་དང་བརྙན་གྱི་ལམ་ནས་རིམས་འགོག་གི་རྒྱུན་ཤེས་ཐེངས་50ལྷག་སྒྲིག་བཟོ་བྱས་ནས་ཁྱབ་གདལ་དུ་བཏང་། 
        རོང་འབྲོག་མང་ཚོགས་ཀྱི་ཆེད་དུ།  གངས་ལྗོངས་ཉི་གཞོན་གྱིས་གེ་སར་སྒྲུང་ངག་དང་བོད་ཀྱི་གླུ་ཤགས།  ཟློས་གར།  སྙན་ངག་གྱེར་འདོན།  བོད་ཡིག་ཡིག་གཟུགས།  རི་མོ་སོགས་ལ་བརྟེན་ནས་གོ་བདེ་ཉོན་བདེ་ཡི་སྒྲ་དང་བརྙན་སྒྲིག་བཟོ་བགྱིས་ཏེ་རིམས་འགོག་རྒྱུན་ཤེས་ཁྱབ་བསྒྲགས་བྱས།  གཞན་ཡང་།  ཁྱིམ་དུ་བསྡད་ནས་གླུ་ལ་ཉན་དང་ཁྱིམ་དུ་བྲོ་འཁྲབ་སོགས་ཀྱི་ཁྱད་ལྡན་ལེ་ཚན་བཀོད་སྒྲིག་བྱས་ནས་བོད་ཁུལ་གྱི་གཞི་རིམ་རིམས་འགོག་ལ་རོགས་རམ་བྱས།
        སྤྱི་ཟླ་3པའི་ཚེས་5ཉིན།  གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ལེགས་ཆ་ལ་བརྟེན་ནས།  《སི་ཁྲོན་ཏང་གི་འཛུགས་སྐྲུན།》བོད་ཡིག་པར་མ་《གངས་ལྗོངས་ཉི་གཞོན།》སི་ཁྲོན་བོད་ཁུལ་གྱི་རིམས་འགོག་ཟིན་ཐོ་ཞེས་པའི་ཆེད་བསྒྲིགས་འགྲེམ་སྤེལ་བྱས།  ཆེད་སྒྲིག་ཏུ་ཏང་གི་མཛུབ་སྟོན་དང་མཐོ་སྒང་གི་རིམས་འགོག །བརྩེ་བའི་དཀར་མཛེས།  ཚན་རིག་རིམས་འགོག །པིར་རྩེའི་རིམས་འགོག་བཅས་ལེ་ཚན་ཆེན་མོ་ལྔ་རུ་དབྱེ་ནས།  བོད་རྒྱ་ཤན་སྦྱར་དང་པར་རིས་དང་ཡི་གེ་སྦྲགས་མའི་རྣམ་པའི་ཐོག་ནས་སི་ཁྲོན་བོད་ཁུལ་གྱི་ས་གནས་སོ་སོའི་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་རིམས་འགོག་གི་བརྗེད་དཀའ་བའི་སྐད་ཅིག་མ་དང་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་སོགས་ཅིག་ཅར་དུ་མངོན་པར་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1