[ནང་དོན་གཙོ་བཏུས] དཔྱད་རྩོམ་འདིའི་ནང་དུ་རྐྱེན་གྱི་ཡི་གེ་བྱུང་ཚུལ་དང་སྦྱོར་སྟངས་སྐོར་གླེང་སྟེ། བོད་ཡིག་གི་དག་ཆ་འདོན་ཚུལ་དང་། དབུ་ཁྱུད་དང་ཤད་སོགས་ཀྱིས་རྐྱེན་བྱས་ཏེ། གཞུང་ཡིག་བྲི་སྟངས་སྐོར་རགས་ཙམ་གླེང་ཡོད་དོ།།
[གནད་འགག་མིང་བརྡ] རྐྱེན་གྱི་ཡི་གེ བྱུང་ཚུལ། སྦྱོར་སྟངས།
གླེང་སློང་བའི་གཏམ།
དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་ཐོན་མིའི་སྒྲ་སྦྱོར་ཡི་གེ་དར་བ་ནས། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། དུས་ཡུན་འདིའི་ནང་དུ་སྤྱི་ཚོགས་ཀྱི་དགོས་མཁོའི་དབང་གིས། བོད་ཀྱི་ཡི་གེ་བཙན་པོའི་ཕོ་བྲང་དང་། དགོན་པ་ནས་དམངས་ཁྲོད་དུ་དར་ཅིང་། ལྷག་པར་ཉེ་བའི་ལོ་འགའི་རིང་ལ་བོད་ཀྱི་པར་སྐྲུན་ལས་རིགས་ཀྱང་དགོན་པ་ནས་གྲོང་དུ་ཕེབས་ནས། ཤིང་པར་ནས་སྣུམ་པར་དང་། དེ་ནས་ལྕགས་པར་དུ་བསྒྱུར་ཏེ། སྔོན་བྱོན་སྐྱེས་ཆེན་དམ་པ་དག་གི་གསུང་རྩོམ་དང་དེང་གི་ཤེས་ལྡན་ཚོགས་ཀྱི་བརྩམས་ཆོས་དག་པར་དུ་བསྐྲུན་ནས། ཀློག་པ་པོ་རྣམས་ལ་སྟབས་བདེ་གང་ལེགས་དང་དགོས་མཁོ་ཅི་ཡོད་སྐོང་ཐུབ་པ་ནི། རང་རེའི་མི་རིགས་འདིར་མཚོན་ན་དགའ་འོས་པའི་གྲུབ་འབྲས་ཤིག་ཏུ་རྩི་ཆོག་མོད། པར་སྐྲུན་ལས་རིགས་ལ་རྒྱ་རིགས་ལྟ་བུའི་ཚད་གཞི་གསལ་བོ་ཞིག་མེད་སྟབས། ཉེས་སྐྱོན་དུ་མ་བྱུང་དང་འབྱུང་བཞིན་ཡོད་པས། འདིར་དེ་དང་སྦྲེལ་ཏེ་རྐྱེན་གྱི་ཡི་གེའི་བྱུང་ཚུལ་དང་སྦྱོར་སྟངས་སྐོར་ རགས་ཙམ་གླེང་བར་བྱའོ།།
དང་པོ། རྐྱེན་གྱི་ཡི་གེ་ལས་དབུ་ཁྱུད་བཤད་པ།
ཀ དབུ་ཁྱུད་ཀྱི་བྱུང་བ་བཤད་པ།
ཡི་གེའི་མགོ་རྒྱན་དབུ་ཁྱུད་དེ། །དང་ཀྱོག་བེརྒ་ཞེས་ཀྱང་ཟེར། །[1]ཞེས་པའི་དང་ཀྱོག་གམ་དབུ་ཁྱུད་ནི། རྐྱེན་གྱི་ཡི་གེ་ལ་དང་ཀྱོག་དང་ཤད་གཉིས་ཡོད་པ་ལས་སྔ་མ་སྟེ།ཡིག་མགོ་འདྲེན་པ་ལ་ཨོཾ་ཡིག་འབྲི་བའི་སྲོལ་ལས་བྱུང་བ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།"ཨོམ་རིང་གི་གཟུགས་རྒྱ་ཡིག་ལ༼ ༽འདི་ཡིན་ཞིང་། དཔེ་རྙིང་འགའ་ལ་ཡིག་མགོའི་ཏིང་ཀྱོག་ཀྱང༼ ༽འདི་ལྟར་བྲིས་པ་མཐོང་བས་འདི་ཨོམ་ཡིག་གི་གཟུགས་འགྱུར་བ་ཡིན་ནོ"[2]ཞེས་གསུངས་ཡོད་ཀྱང་། ཏུང་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་དག་ལས། ཡིག་མགོ་འདྲེན་པ་ལ་ཕྱེད་ཁྱུད་ལས་ཚང་ཁྱུད་གཅིག་ཀྱང་བྱུང་མེད་པ་དང་། བཀའ་གཙིགས་ཀྱི་ཡི་གེ་ལས་ཀྱང་། ཇོ་མོ་རྒྱལ་མོ་བརྩན་གྱིས་བཞེངས་པའི་བསམ་ཡས་ཅོང་ཡིག་ལས་ཐོག་མར་ཚང་ཁྱུད་བྱུང་བར་གཞིགས་ན། རྗེ་འཇིགས་མེད་རིག་པའི་བློ་གྲོས་མཆོག་གིས།"དབུ་ཁྱུད་ནི་སྔགས་ཀྱི་གཟུངས་མང་པོར་ཨོཾ་ཡིག་གི་མགོ་འདྲེན་པ་ལྟར་ཝརྟུའི་ཨོཾ་ཡིག་གི་གཟུགས༼འུཾ༽བྲིས་པ་རིམ་གྱིས་འགྱུར་ནས༼༄༽ད་ལྟའི་དབྱུ་ཁྱུད་འབྲི་སྲོལ་འདི་དར་བར་གྲགས་སོ"[3]ཞེས་གསུངས་པ་ལ་རྒྱུ་མཚན་ངེས་ཅན་ཞིག་ལྡན་པར་འདུག ཅིའི་ཕྱིར་ཞེ་ན། ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ནས།ཇོ་མོ་རྒྱལ་མོ་བརྩན་གྱིས་བསམ་ཡས་གཙུག་ལག་ཁང་གི་ཅོང་ཡིག་བཞེངས་པའི་བར་དུ་ཕལ་ཆེར་ལོ་ངོ་བརྒྱ་ཕྲག་ལྷག་འདས་ཟིན་པ་ལ། རྒྱ་ཡིག་རང་ལ་ཡིག་མགོ་འདྲེན་པར་སྔར་ནས་ཚང་ཁྱུད་འབྲི་བའི་སྲོལ་བྱུང་ཡོད་ན། ཞོལ་རྡོ་རིང་དང་བསམ་ཡས་རྡོ་རིང་གཉིས་ཀྱི་སྟེང་དུ་ཕྱེད་ཁྱུད་ལས་ཚང་ཁྱུད་མ་བྱུང་བའི་རྒྱུ་མཚན་རྟོགས་དཀའ། དེ་བས། རང་རེའི་བོད་དུ་ཡིག་མགོ་འདྲེན་པར་ཚང་ཁྱུད་འབྲི་བའི་སྲོལ་ནི་བསམ་ཡས་ཅོང་ཡིག་ལས། "༄༅།། ཇོ་མོ་རྒྱལ་མོ་བརྩན་ཡུམ"[4]ཞེས་བཙན་མོའི་མཚན་གྱི་སྔོན་དུ་འཁོད་ཡོད་པ་དང་། ཡང་ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་བཀའ་གཙིགས་དང་པོ་དང་། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་གི་ཡི་གེ་གཉིས་ལས།"༄༅།། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ།"[5]ཞེས་པ་དང་། ཡང་"༄༅།། བཙན་པོ་ལྷ་སྲས། ཁྲི་ལྡེ་སྲོང་བརྩན།"[6]ཞེས་དང་། གཞན་ཡང་མཚུར་ཕུའི་རྡོ་རིང་གི་ཡི་གེ་ལས།"༄༅།། ཞང་ཚེས་པོང"[7]ཞེས་རྒྱལ་བློན་བཙུན་མོ་དག་གི་མཚན་གྱི་སྔོན་ཁོ་ནར་བྱུང་ཡོད་པར་གཞིགས་ན། ཕལ་ཆེར་ཐོན་མིའི་བོད་ཡིག་གསར་བཟོ་མཛད་པ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་བར་དུ་བྱུང་མེད་པ་དང་། མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་ནས། སད་མི་མི་བདུན་རབ་ཏུ་བྱུང་སྟེ་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་བ་ནས་བཟུང་། ཡིག་མགོ་འདྲེན་པ་ལའང་རྟེན་འབྲེལ་དང་བཀྲ་ཤིས་པའི་མཚོན་རྟགས་སུ།རྒྱལ་བློན་བཙན་མོ་དག་གི་མཚན་གྱི་སྔོན་དུ་ཚང་ཁྱུད་འབྲི་བའི་སྲོལ་ཐོག་མར་བྱུང་བ་ལ། རིམ་གྱིས་དར་ཁྱབ་ཏུ་སོང་ནས་སུམ་ཁྱུད་ཀྱང་བྱུང་ཡོད་པ་ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་ལོ་པཎ་དག་གིས་གཏན་འབེབས་མཛད་པའི་སྒྲ་སྦྱོར་བམ་པོ་གཉིས་པའི་མགོར། "༄༅ ༅།། ན་མོ་བུད་དྷཱ་ཡ།"[8]ཞེས་འཁོད་ཡོད་པ་ལྟ་བུའི་ངེས་ཐུབ་པའོ།།
ཁ། དབུ་ཁྱུད་ཀྱི་རྗེས་སུ་ཤད་འཇུག་ཚུལ་བཤད་པ།
དུས་ཀྱི་དབང་གིས་དེང་སྐབས་དབུ་ཁྱུད་ལ ༄༅། ། དང་། ༄ ། རིགས་གཉིས་དང་། མཛེས་རིས་སོགས་སུ༄༅༅།། །།སྤྱོད་ཀྱིན་ཡོད་ལ། དེ་ལས་སྔ་མ་དབུ་ཅན་དང་བར་མ་དབུ་མེད་ཀྱི་སྐབས་སུ་གཙོ་བོར་བཀོལ་པའི་སྲོལ་ཞིག་ཆགས་ཡོད་ཀྱང་། སོ་སོའི་རྗེས་སུ་ཤད་ཀྱི་འཇུག་ཚུལ་ནི་སྔ་མ་ཚང་ཁྱུད་ལ་ཉིས་ཤད་དང་། ཕྱི་མ་ཕྱེད་ཁྱུད་ལ་ཆིག་ཤད་སྦྱར་བ་ནི་མཛེས་པའི་ཕྱིར་ཡིན་ཞེས་པའི་བཞེད་སྲོལ་ལ། ཞིབ་ཏུ་བསམ་ན་གསལ་ཁ་ཐོན་མེད་པར་སྙམ། ཅིའི་ཕྱིར་ཞེ་ན། ཕྱེད་ཁྱུད་ཡིན་པའི་ཆ་ནས་ཆིག་ཤད་དང་། ཚང་ཁྱུད་ཡིན་པའི་ཆ་ནས་ཉིས་ཤད་སྦྱོར་བ་ནི་མཛེས་པའི་ཕྱིར་ཡིན་ཞེ་ན། བཀའ་གཙིགས་ཀྱི་ཡི་གེ་དང་ཏུང་ཧོང་ཡིག་རྙིང་སོགས་ལས། ཕྱེད་ཁྱུད་ཀྱི་རྗེས་སུ"༄ ། བཙན་པོ་བཞི་མེས་ཁྲི་སྲོང་བཙན་གྱི་རིང་ལ།"[9]ཞེས་པ་ལྟ་བུར་ཆིག་ཤད་དང་། "༄ ། ། བློན་སྟག་སྒྲ་ཀླུ་ཁོང།"[10]ཞེས་པར་ཉིས་ཤད། "༄ ། ། ། ཀར་པོ་མང་པོ་རྗེ་དང་།།བློན་པོ་གྱའྀ་རུང་ཙྀས"[11]ཞེས་པར་སུམ་ཤད། ཡང་"༄ ། ཿ།།བཙན་པོ་ལྡེ་པྲུ་བོ་གནམ་གཞུང་རྩན་གྱྀ་རིང་"[12]ཞེས་པར་བཞི་ཤད་ལྟ་བུའི་སྦྱོར་སྲོལ་བྱུང་ཡོད་པ་དང་། གཞན་ཡང་སུམ་ཁྱུད་ཀྱི་སྦྱོར་སྲོལ་ཆོས་ཅན། ད་ལྟ་སྤྱོད་སྒོ་ཡངས་པའི་སྒོ་ནས་བཀོལ་བ་ཡིན་ན། སུམ་ཤད་ཐོབ་པའི་སྐྱོན་འབྱུང་སླ་བས། མཚན་ཉིད་དུ་མ་གྲུབ་པའི་ཕྱིར། འོ་ན་དབུ་ཁྱུད་རིགས་མི་འདྲ་བའི་རྗེས་སུ་ཤད་ཀྱི་འཇུག་ཚུལ་ག་འདྲ་བྱས་ན་ལེགས་ཟེར་ན།ཕྱེད་ཁྱུད་ཀྱི་རྗེས་སུ་ཡིག་རྙིང་དག་ལས་ངེས་གཏན་མེད་པར་ཆིག་ཤད་དང་། ཉིས་ཤད། སུམ་ཤད། བཞི་ཤད་སོགས་སྦྱོར་སྲོལ་ཡོད་ཀྱང་། དེ་དག་ལས་ཅུང་ཟད་གཏན་ཆགས་སུ་གྲུབ་ཡོད་པ་ནི་ཉིས་ཤད་ཡིན་པས། དབུ་ཅན་གྱི་སྐབས་སུ་ཉིས་ཤད་ཀྱི་སྦྱོར་སྲོལ་མ་ཉམས་པར་སོར་བཞག་དང་། དབུ་མེད་ལ་ཆིག་ཤད་སྦྱར་ན་མཛེས་རིས་ལ་སྨན་ནོ།། ཡིན་ཡང་ཚང་ཁྱུད་ལ་ཕྱེད་ཁྱུད་ལྟར་གང་འདོད་དུ་མི་སྦྱོར་བ་ནི། བཀའ་གཙིགས་ཀྱི་ཡི་གེ་ལས། ཚང་ཁྱུད་སྔ་ཕྱིར་ཐེངས་བཞི་ནས་ལྔ་མ་གཏོགས་བྱུང་མེད་ལ། སོ་སོའི་མཇུག་ཏུ"༄༅།། ཇོ་མོ་རྒྱལ་མོ་བརྩན་ཡུམ"[13]དང་། "༄༅།། བཙན་པོ་ཁྲི་སྲོང་ལྡེ་བཙན"[14]ཞེས་པ་ལྟ་བུར་ཉིས་ཤད་སྦྱར་ཡོད་པ་ལས། སུམ་ཁྱུད་ཡིན་པའི་ཆ་ནས་སུམ་ཤད་མི་སྦྱོར་བར་ཚང་ཁྱུད་ལྟར་ཉིས་ཤད་སྦྱོར་བའམ། ཡང་ན་བཞི་ཤད་སྦྱོར་བ་ནི་དམིགས་གསལ་ལམ་མཛེས་པའི་ཕྱིར་ཡིན་ཞེས་པའི་དམིགས་གསལ་གྱི་ཆ་མེད་ལ། བསྟན་པ་ཕྱི་དར་ཀྱི་སྐབས་སུ་བྱུང་བའི་བཀའ་བསྟན་དང་། གསུང་རབ་ཀྱི་པར་གཞི་དག་ལས་ཅིང་དེ་བཞིན་ནོ།། གཞན་ཡང་དུས་ཀྱི་དབང་གིས་དེང་སྐབས་དབུ་ཁྱུད་ལ་ཚད་བཀག་མེད་པར་གང་དྲན་དུ་སྦྱོར་བའམ། ཡང་ན་མི་སྦྱོར་བའི་སྣང་ཚུལ་བྱུང་དང་འབྱུང་བཞིན་ཡོད་མོད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱི་དགོངས་པ་ལྟར་ན། འདུན་ཡིག་དང་བསྔོ་ཡིག་འབྲི་དུས་ཚེ་འདས་ཀྱི་མིང་གི་སྔོན་དུ་དབུ་ཁྱུད་མི་འབྲི་བ་ནི་ལེགས་བཤད་དུ་འཁུམས་སོ།།
གཉིས་པ། རྐྱེན་གྱི་ཡི་གེ་ལས་ཤད་བཤད་པ།
ཀ ཤད་ཀྱི་བྱུང་ཚུལ་བཤད་པ།
ཤད་ཅེས་པ་ནི་ཚིག་གི་སྤུ་རིས་འབྱེད་པ་དང་། སྣང་བ་གཟུགས་ཀྱི་མཛེས་ཆ་བཏོན་པའི་སླད་དུ་བྲིས་རིས་སྒྱུ་རྩལ་ལས་བྱུང་བའི་ཡིག་ཐོག་གི་རྐྱེན་ཞིག་ཡིན་པ་དང་། དེ་ལ་དབྱེ་ན་ལྔ་དང་། དྲུག བདུན་དུ་འདོད་པ་སོགས་མི་མཐུན་པ་རེ་གཉིས་ཡོད་ཀྱང་། ཆིག་ཤད་དང་། ཉིས་ཤད། བཞི་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད་བཅས་ལྔ་གྲགས་ཆེ་ཞིང་། དྲུག་ཏུ་འདོད་པ་དག་གིས་འཕུལ་ཤད་དམ་དབུ་ཤད་འདྲེན་པ་དང་། བདུན་དུ་བགྲེང་མཁན་རྣམས་ཀྱིས་ཚེག་ཤད་དང་གཏེར་ཚེག་གཉིས་འཇོག་མོད། ལག་ལེན་གྱི་སྐབས་སུ་ཕྱི་མ་གཙོར་བཟུང་བ་ཡིན་ནོ།། དེ་ཉིད་ཇི་ལྟར་བྱུང་བའི་ཐད་ལ་གསལ་ཁ་ཞིག་མེད་ཀྱང་། ཚེག་གི་བྱུང་ཚུལ་ལ་སྔོན་གྱི་ཡི་གེར་གོར་ཐིག་གཉིས་སྟེང་འོག་ཏུཿབརྩེགས་པ་ལ། རིམ་གྱིས་གོར་གཅིག0དང་གྲུ་གསུམ་དུ་འགྱུར་ཞེས་པ་ལྟ་བུའི་བཞེད་སྲོལ་ཡོད་པ་ནི། དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་གི་ཡི་གེ་ལས།"རབས་ཆད་དཾ། བྐཿ"[15]ཞེས་པ་ལྟ་བུ་བྱུང་བ་དང་། ཕྱིས་སུ་མཚུར་ཕུའི་རྡོ་རིང་དུ་ཚིག་རྐང་གཅིག་གི་མཐའ་མའི་གནས་སུ་ཡོད་པ་ནི"དམ་པའྀ་ཆོས་བརྙེས་ནས།། གདུང་རབསཿ"[16]ཞེས་དང་། ཡང་"བཙན་པོ་སྐུ་ཡོན་དུ་བསྔོས་ཏེ། སྨོན་ལམཿ"[17]ཞེས་པ་ལྟ་བུ་ཡིན་པས། ཚེག་གི་གྲུབ་ལུགས་ནི་ དེ་འདྲ་མིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་སྐབས་ཀྱི་དོན་ཆེན་གནད་བསྡུས་ལས། "བཙན་པོ་གཅེན:སྲོང་རྩན་དྔ། གཅུང:བཙན:སྲོང་གཉིས:"[18]ཞེས་དང་། ཡང་"མྱེས:ཁྲི:སྲོང་རྩན་གྱྀ་སྤུར:ཕྱྀང:བའྀ:རིང:ཁང:ནའ"[19]ཞེས་པ་ལྟ་བུ་ཡིག་འབྲུ་ཕན་ཚུན་གྱི་བར་གཅོད་པའི་རྟགས་ལ ":"འདི་བཞིན་ནག་ཐིག་ཉིས་བརྩེགས་སུ་བྲིས་འདུག་པ་མ་ཟད། བསམ་ཡས་རྡོ་རིང་གི་ཡི་གེ་ལས་ཀྱང་། "གདུང:རབས:རེ:རེ:"[20]ཞེས་དང་། ཡང་"མནའ:ཁ:དབུད:པ:དག:ཀྱང།"[21]ཞེས་པ་ལྟ་བུ་མང་དུ་བྱུང་ཡོད་པས། ཚེག་གི་གྲུབ་ཚུལ་ནི་ཐོག་མར་གོར་ཐིག་ཉིས་བརྩེགས་སུ་འབྲི་པ་ལས། རིམ་གྱིས་གོར་གཅིག་དང་གྲུ་གསུམ་དུ་འགྱུར་པ་མ་ཡིན་པར། ནག་ཐིག་ཉིས་བརྩེགས་སུ་བྲིས་པ་ལས་རིམ་གྱིས་ཚེག་ཐིག་གཅིག་གམ་གྲུ་ གསུམ་དུ་གྱུར་པ་ཡིན་པ་ལུང་གིས་གྲུབ། དེ་ན་ཡིག་རྙིང་དག་ལས་གོར་ཐིག་ཉིས་བརྩེགས་སུ་བྲིས་པ་མང་དུ་འདུག་པ་དེའི་ཅི་ཡིན་ཞེ་ན། འདིའོ་ཞེས་གསལ་ཁ་ཆོད་པ་ཞིག་བཤད་དཀའ་ཡང་། ཏུང་ཧོང་ཡིག་རྙིང་ལས། "༄ །ཿ༎བཙན་པོ་ལྡེ་པྲུ་བོ་གནམ་གཞུང་རྩན་གྱྀ་རིང་།"[22]ཞེས་པ་ལྟ་བུ་ཤད་ཀྱི་བར་དུ་གོར་ཐིག་ཉིས་བརྩེགས་སུ་བྲིས་པ་ཆེས་ཐོག་མར་བྱུང་བ་དང་། རིམ་གྱིས་ཁྲིམས་ཡིག་གི་སྐོར་དང་རྩིས་ཐོ་སོགས་ལས་ཀྱང་མང་དུ་བྱུང་ཡོད་པ་ནི།"སག་པྱྀག་ཆི་འུ་རྣམས་ལ་གཏད་ཿ།"ཞེས་དང་།"ཟང་ཤིང་ཅེང་འབུན་ཀྱུན་ལ་གཏད།ཿཡང་དེ་འྀ་གདུགས་ལ།"[23]ཞེས་པ་ལྟ་བུར་ཆིག་ཤད་ཀྱི་གཡས་གཡོན་གཉིས་སུ་ཡོད་པ་དང་། ཡང་"ཁོང་ཏ་འགོ་ཤྀ་ཙེ་དངོས་ལ་གཏད།ཿ།"ཞེས་པ་དང་། ཡང་"ཁྲིམས་ཡིག་གཅིག། དུགནང་ངོ:། །ཿ༎"ཞེས་དང་། གཞན་ཡང་"ཐོང་མྱིའི་སྐུར་པ་ཟ་ན་དང་ཁྲིམས་གཅིག་དུ་དབངོ:།།། ཿ།།"[24]ཞེས་པ་ལྟ་བུར་ཉིས་ཤད་དང་། བཞི་ཤད། ལྔ་ཤད་སོགས་ཀྱི་བར་དུ་བྲིས་ཡོད་པ། གཞན་ཡང་"ཐོང:མྱི་སྐུར:པ:ཟན་དང་ཐང:གཆིག:དུ:དབངོ་།ཿཿ།"ཞེས་པ་དང་། "གུམ་པ་དང་མ་གུམ:། པའི་ཁྲིམས་ལ། ཿཿ༎"ཞེས་དང་། "ཁྲིམས་གཆིག:དུ:དབངོ༎ཿཿ།།"[25]ཞེས་པ་ལྟ་བུར་ཉིས་ཤད་དང་། སུམ་ཤད། བཞི་ཤད་སོགས་ཀྱི་བར་དུ་གཉིས་རེ་བྲིས་འདུག དེ་དག་ལ་གཞིགས་ན་སྔོན་གྱི་ཡི་གེར་ཤད་ཀྱི་སྟེང་གནོན་དུ་གོར་ཐིག་ཉིས་བརྩེགས་སུ་འབྲི་བའི་སྲོལ་ཞིག་བྱུང་ཡོད་པ་བསྙོན་དུ་མེད་མོད།མཚུར་ཕུའི་རྡོ་རིང་གི་ཡི་གེ་ལས།"རྡོ་རིངས་ལ་བྲྀ་བར།༔། བཙན༔པོའི་བཀའས་གནང་སྟེ་བྲིས་པའ།༔།"[26]ཞེས་གོར་གཉིས་ཀྱི་བར་དུ་འཕྲེད་ཚེག་གིས་ཕྱེ་བ་ཆེས་ཐོག་མར་བྱུང་བ་དང་། རིམ་གྱིས་སློབ་དཔོན་པདྨ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན་ལ་སོགས་ཀྱི་རྣམ་ཐར་གཏེར་བཏོན་དག་གིས་གཙོས་པའི《བར་དོ་ཐོས་གྲོལ་ཆེན་མོ》སོགས་ལས་ཀྱང་། ཚིག་བཅད་ལྷུག་ལ་ཁྱད་པར་མེད་པར་ཚིག་མཐར་ཤད་ཀྱི་ཚུལ་དུ"༔"འདི་ལྟ་བུར་བྲིས་ཡོད་པ་ནི།རྣམ་བཅད་ཀྱི་རྟགས་དང་ཁྱད་འབྱེད་སླད་དུ་བྱུང་བར་བཤད་ཀྱང་། ཤད་ལ་བདུན་དུ་འདོད་པའི་གཏེར་ཚེག་གི་བྱུང་བ་ལྟར་བྱས་ན་ལོ་རྒྱུས་ཀྱི་འགྲོས་དང་མཐུན་པ་ཡིན་ནོ།། འོ་ན་གཏེར་ཚེག་ལས་འདས་པའི་ཤད་གཞན་དག་ཇི་ལྟར་བྱུང་བ་ཡིན་ཞེ་ན། ཡིག་རྙིང་དག་ལས་ཆིག་ཤད་དང་། ཚེག་ཤད། ཉིས་ཤད། སུམ་ཤད། བཞི་ཤད། ལྔ་ཤད་ལ་སོགས་མང་དུ་མཐོང་རྒྱུ་ཡོད་པ་དང་།《ལེགས་བཤད་ལྗོན་པའི་དབང་པོ》ལས། སྦྲུལ་ཤད་དང་། རིན་ཆེན་སྤུངས་ཤད་སོགས་དངོས་སུ་མ་བསྟན་པར་ཤུགས་བསྟན་སོགས་སྒྲའི་ནང་དུ་བསྡུས་ཡོད་པར་གཞིགས་ན། སྔོན་གྱི་ཡི་གེར་ཆིག་ཤད་སོགས་ཇི་ལྟར་བྱུང་བར་བཤད་དཀའ་ཡང་། སྦྱོར་སྲོལ་གཏན་ཆགས་སུ་གྲུབ་མེད་ལ། སྦྲུལ་ཤད་དང་རིན་ཆེན་སྤུངས་ཤད་གཉིས་ནི། བསྟན་པ་ཕྱི་དར་གྱི་སྐབས་སུ་ཤིང་དཔར་གྱི་བཟོ་རྩལ་དང་། ཤོག་གུ་མི་གྲོན་པའི་དགོས་མཁོ་ལས་བྱུང་བ་ལ། རིམ་གྱིས་གཏན་སྲོལ་ཅན་དུ་ཆགས་པ་ཡིན་པར་འདོད་དོ།།
ཁ། ཤད་ཀྱི་བཀོལ་སྟངས་བཤད་པ།
བོད་ཡིག་གི་ཡི་གེ་རྐྱེན་ལ་དང་ཀྱོག་གམ་དབུ་ཁྱུད་དང་། ཤད་གཉིས་ཡོད་པའི་ཕྱི་མ་ཤད་ཀྱི་བཀོལ་སྟངས་ཐད་ལ། ཏུང་ཧོང་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་སོགས་ལས་ངེས་གཏན་མེད་པར་གང་བྱུང་དུ་སྦྱོར་གྱིན་ཡོད་པ་དང་། ཕྱིས་འབྱུང་མཁས་པའི་དབང་པོ་ དག་གི་གསུང་ལས་ཀྱང"ཡིག་འབྲུའི་མཐའ་སྣེ་མི་འཆོལ་བའི་ཆེད་དུ་མཐའ་ཐིག"[27]ཅེས་པ་དང་། ཡང"ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ།"[28]ཞེས་དང་། གཞན་ཡང་"ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིག་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་མཚམས་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །"[29]ཅེས་པ་སོགས་ཀྱིས་བསྟན་ཀྱང་། དེང་གི་པར་སྐྲུན་ལས་རིགས་ཀྱིས་གཙོས་པའི་སྨྱུག་ཐོགས་པ་དག་ལ་གཅིག་མཐུན་གྱི་ཚད་གཞི་ཞིག་མེད་པར། གང་དྲན་དུ་ཚིག་མཐར་ཤད་སྦྱོར་བ་དང་མི་སྦྱོར་བ་སོགས་འདོད་མོས་ལྟར་བྱེད་བཞིན་ཡོད་པ་ནི། དཔེར་ན། དཔེ་མིང་ལས་ནོར་སྐྱོན་ཐོན་ཚུལ་ནི"བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ"[30]དང་།"ཤར་པའི་ཆོས་འབྱུང་དང་མེས་རབས་བཞུགས་སོ།"[31]ཞེས་པ་ལྟ་བུར་དཔེ་མིང་གི་མཐར་ཆིག་ཤད་དང་ཉིས་ཤད་སྦྱོར་དགོས་པ་ལ་མི་སྦྱོར་བར་ཆད་ལྷག་གི་སྐྱོན་བྱུང་ཡོད་པ་དང་། ཡང་"༄༅། །དགའ་ལྡན་ཆོས་འབྱུང་བཻཌཱུཡྱ་སེར་པོ། །"[32]དང་། "བསྟོད་སྨོན་ཕྱོགས་བསྒྲིགས། །"[33]"༄༅། ། སྨྲ་སྒོ་མཚོན་ཆ། །"[34]" བཀའ་ཆེམས་ཀ་ཁོལ་མ། །"[35]"མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག།"[36]ལྟ་བུར་ཉིས་ཤད་སྦྱོར་བའམ། ཕྱི་རྐང་ལ་དོ་སྣང་མ་བྱས་པར་ལྷག་མ་སྦྱར་བའི་སྐྱོན་བྱུང་ཡོད། ཡང་རྩོམ་པ་པོའི་མིང་ལས་ནོར་སྐྱོན་ཐོན་ཚུལ་ནི"དོར་ཞི་གདོང་དྲུག་སྙེམས་བློས་བརྩམས"[37]ཞེས་པ་དང་། "དགེ་འདུན་ཆོས་འཕེལ་གྱིས་བརྩམས།།"[38]ལྟ་བུའོ།། གཞན་ཡང་གཞུང་དངོས་ལས"རྒྱ་གར་སྐད་དུ། ། ཨ་མ་ཛྙ྄་ན་ནཱ་མ། ། བོད་སྐད་དུ། ལྷ་འདྲེ་བཀའ་ཡི་ཐང་ཡིག་ཅེས་བྱ་བ"[38]ཞེས་དང་། ཡང"གསང་སྔགས་རྒྱུད་སྡེ་ལས་བཀའ་སྩལ་ཏོ།"[39]ཞེས་པ་ལྟ་བུ་ཡང་གོང་མཚུངས་ལྟར་ཆད་པ་དང་ལྷག་མ་སྦྱར་བའི་སྐྱོན་བྱུང་ཡོད་པ་ནི། ཕལ་ཆེར་བོད་ཁམས་ཀྱི་དཔེ་སྐྲུན་ལས་རིགས་ཡོད་ཚད་དང་།ཕྱི་རྒྱལ་དུ་དཔར་བའི་བོད་ཡིག་གི་དཔེ་དེབ་དག་ལས་ཀྱང་མང་དུ་མཐོང་རྒྱུ་ཡོད་མོད། འདིར་ཚིག་ཚོགས་ཆེ་བ་ལ་བསམས་ནས་མ་བཀོད་པ་ལ་ཀུན་གྱིས་སྣང་ཆུང་མི་བྱེད་པར་གཟབ་གཟབ་བྱ་རྒྱུ་ནི་གནད་དུ་ཆེའོ།། གཞན་ཡང་སྦྲུལ་ཤད་དང་རིན་ཆེན་སྤུངས་ཤད།གཏེར་ཚེག་གསུམ་ནི་དུས་ཀྱི་དབང་གིས་སྤྱོད་སྒོ་མི་ཆེ་ཡང་།"བོད་ཡིག་འདི་སྟེང་འོག་ཏུ་བརྐྱངས་པའི་རྣམ་པ་དང་བསྟུན་ཏེ་དཀྱུས་རིང་བར་བྱས་པས། ཤད་ཀྱི་གཟུགས་རང་སྟེང་ན་མཛེས་རྩལ་གྱི་ཁྱད་ཆོས་མཐོ"[40]བར་མ་ཟད། ཚིག་བཅད་ལྷུག་གང་ཡིན་ ཡང་ཚིག་རྐང་སྔ་ཕྱི་དག་གི་རྐང་པ་དོ་མཉམ་པ་ལ་ནུས་པ་ཆེན་པོ་ལྡན་པས། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས་གསུངས་པ་ལྟར་གནད་དུ་འཛིན་རྒྱུ་ནི་ལྟ་ཅི་སྨོས། གཞན་ཡང་དོ་སྣང་བྱེད་དགོས་པ་ཞིག་ནི་ཆིག་ཤད་ཀྱི་སྐབས་སུ་ཚིག་མཐའི་ཤད་དང་། ཚིག་རྐང་རྗེས་མའི་ཚིག་མགོ་གཉིས་ཀྱི་བར་དུ"ཐེག་ཆེན་གྱི་མཐོང་ལམ།ས་དང་པོ་ཐོབ། སང་གནས་ཀྱི་རྩ་འཁོར་རྫོགས་པར་ཁེངས་པ་ན། འཁྲིག་དུས་ཀྱི་ཐིག་ལེའི་སྟེང་གི་སྒྲིབ་པ་དག ས་གཉིས་པ་ཐོབ། དེ་ཡན་ཆད་ནི་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་ཡིག་ཆ་ལ་བལྟ་བར་བྱའོ།།"[41]ཞེས་པ་ལྟ་བུར་དོ་མཉམ་མིན་པའི་སྟོང་ཆ་མི་འཇོག་པར།གཞུང་ཧྲིལ་པོར་གཅིག་མཐུན་དུ་སྦྱར་རྒྱུ་དང་། ཉིས་ཤད་ལ་རྐང་རིང་ཅན་གྱི་ཡི་གེར་དབྱངས་བཞི་ལས་ཞབས་ཀྱུ་མ་སྦྱར་བ་ཕུད་པའི་ཚིགས་བཅད་ལྷུག་དང་། རྫོགས་ཚིག་བཅས་སོ་སོར་གཅིག་མཐུན་གྱིས་ཤད་གཉིས་ལྷན་དུ་སྦྲེལ་ནས་མི་སྦྱོར་བར། བར་དུ་སྟོང་ཆ་འཇོག་རྒྱུ་དང་། གཞུང་དངོས་སུ་ཚིགས་བཅད་བྱུང་ཚེ།"སྡུག་པ་རྣམས་ལས་མྱ་ངན་སྐྱེ།། སྡུག་པ་རྣམས་ལས་འཇིགས་པ་སྐྱེ།། སྡུག་པ་རྣམས་ནི་ཡོངས་སྤངས་ནི།། མྱ་ངན་མེད་ཅིང་འཇིགས་པ་མེད།།"[42]ཅེས་པ་དང་། ཡང་"བོད་རྒྱལ་སྲོང་བཙན་སྒམ་པོའི་བློན།།སློབ་དཔོན་ཐོན་མིའི་སཾ་བྷོ་ཊས།།རྒྱ་གར་ཡིག་གཟུགས་དཔེར་བླངས་ནས།།བོད་ཡིག་དབྱངས་གསལ་གཏན་ལ་ཕབ།།"[43]ཅེས་པའི་དཔེ་གཉིས་ཀའི་རྗེས་སུ་མི་འབྲང་བར་ཚིག་རྐང་སྔ་མའི་མཇུག་དང་། ཕྱི་མའི་མགོར་སྦྱར་ཏེ་བར་དུ་སྟོང་ཆ་བསྐྱུར་བ་ནི་དམིགས་གསལ་ལམ་མཛེས་པའི་ཕྱིར་ཡིན་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། ༢༠༠༨ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར》དང་། 《མི་ལ་རས་པའི་རྣམ་ཐར་མཛོད་ནག་མ》ལྟ་བུ་དག་ལ་གཟིགས་དང་བློ་བསྐྱེད་ཆེན་པོ་ཡོད་དོ། །
ཟུར་མཆན།
[2][38]མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1991ལོར། P.210 P.མདུན་ངོས།
[3][41]བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། ལྕགས་ཐར་རྒྱལ་གྱིས་བརྩམས། ཀན་སུའུ་མི་ རིགས་དཔེ་སྐྲུན་ཁང་། 2000ལོར། P.471 P.467
[4]ནས[26]བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་། གཉའ་གོང་དཀོན་མཆོག་ཚེ་བརྟན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོར། P.112-224
27][28]དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར། P.584 P.585
[39]བཀའ་ཐང་སྡེ་ལྔ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། 1985ལོར། P.1
[40]ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མའི་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988ལོར། P.29
[43]གསར་བསྒྱུར་རཱ་མ་ཡཱ་ཎའི་རྟོགས་བརྗོད། དགེ་འདུན་ཆོས་འཕེལ་དང་རག་ར་བཀྲས་མཐོང་གཉིས་ཀྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 2005ལོར། P.9
[30][37]བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོར། P.མདུན་ངོས།
[31]ཤར་པའི་ཆོས་འབྱུང་དང་མེས་རབས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2003ལོར། P.མདུན་ངོས།
[32]དགའ་ལྡན་ཆོས་འབྱུར་བཻཌཱུ་ཡྱ་སེར་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོར། P.མདུན་ངོས།
[33] བསྟོད་སྨོན་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2001ལོར། P.མདུན་ངོས།
[34]སྨྲ་སྒོ་མཚོན་ཆ། སློབ་དཔོན་སྨྲི་ཏིས་མཛད། མི་རིགས་དཔེ་སྐྲུན་ཁང་། 2006ལོར། P.མདུན་ངོས།
35]བཀའ་ཆེམས་ཀ་ཁོལ་མ། ཇོ་བོ་རྗེས་གཏེར་ནས་བཏོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོར། P.མདུན་ངོས།
[42]ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ། (གླེགས་བམ་དང་པོ) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོར། P.174
[1][29][44]ཤེས་བྱའི་ལྡེ་མིག གུང་ཧོ་རྫོང་མི་རིགས་སློབ་འབྲིང་། P.6 P.13 P.3