《བོད་ཡིག་ཚིག་གཏེར་རྒྱ་མཚོ》(དག་བཅོས་མ་པོད་གསུམ་ཅན)ཞེས་པ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ་དཀའ་སྤྱོད་འབད་བརྩོན་ལྷོད་མེད་སྒོས་རྩོམ་སྒྲིག་གནང་ཞིང་། བོད་ཀྱི་རིག་གནས་དང་ལོ་རྒྱུས་སྐོར་གྱི་ཚིག་མཛོད་ཆེན་མོ་ཞིག་ཡིན། ཚིག་མཛོད་ཆེན་མོ་འདིའི་པར་གཞི་རྙིང་པ་སྔ་མོ་ནས་དཔེ་སྐྲུན་བྱས་ཏེ་བཀྲམ་པ་དང་། དེའི་རྗེས་ཀྱི་ལོ་ངོ་དུ་མའི་རིང་དགེ་རྒན་མཆོག་གིས་ཡང་བསྐྱར་འབད་པ་ཆེན་མོས་སྔར་གྱི་མིང་རྐྱང་གི་འགྲེལ་བཤད་ཆ་མ་ཚང་བ་དང་། ཁ་གསལ་མེད་པ། ཟློས་སྐྱོན་ཤོར་བ། ནོར་འཛོལ་ཤོར་བ་སོགས་ལ་དག་བཅོས་དང་། མཁས་པ་མང་པོར་འདྲི་གཏུགས་དང་དཔེ་གཟིགས་རྒྱ་ཆེན་གནང་སྟེ་སྔར་མེད་པའི་ཐ་སྙད་གསར་བ་མང་པོ་ཁ་སྐོང་གྱིས་རྩ་བའི་ཆ་ནས། སྔོན་གྱི་པར་གཞི་ལ་དག་བསྒྲིགས་ཞིབ་ཆ་གནང་སྟེ་པར་གཞི་གཉིས་པ་དཔེ་སྐྲུན་བྱས་པ་རེད།
ཀུན་གྱིས་མཁྱེན་གསལ་ལྟར། བོད་ཀྱི་རིག་གནས་དང་ལོ་རྒྱུས་སྐོར་གྱི་ཚིག་མཛོད་ཆ་ཚང་ལ་སྤུས་དག་ཅིང་། ནོར་འཛོལ་མེད་པ་ཞིག་བསྒྲིག་རྒྱུ་ནི་དུས་ཡུན་ཐུང་ངུའི་ནང་འགྲུབ་ཐུབ་པའི་ལས་ཀ་ཞིག་གཏན་ནས་མིན་ལ། དེ་ནི་སྔར་བཟོས་ཟིན་པ་ལ་ཁ་གསབ་དང་དག་བཅོས། བསྐྱར་སྒྲིག་ཡང་ནས་ཡང་དང་བསྐྱར་ནས་བསྐྱར་བྱས་ན་ད་གཟོད་འཐུས་ཚང་དང་སྤུས་ལེགས་པའི་ཚིག་མཛོད་དུ་གྲུབ་ཐུབ་པས། སླད་མར་ཡང་མིང་རྐྱང་གི་འགྲེལ་བཤད་ཆ་མ་ཚང་བ་དང་། ཁ་གསལ་མེད་པ། ཟློས་སྐྱོན་ཤོར་བ། པར་གཞི་སྒྲིག་སྐབས་ཞིབ་ཆ་མ་ཐོན་པ་སོགས་ཀྱི་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་ངེས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དག་བཅོས་དང་། དགོངས་འཆར་ལྷུག་པོར་སྩོལ་གནང་ཡོང་པའི་རེ་འདུན་སྙིང་ཐག་པ་ནས་ཞུའོ། །
《བོད་ཡིག་ཚིག་གཏེར་རྒྱ་མཚོ》དང་དེའི་རྩོམ་སྒྲིག་འགན་འཁུར་བ།