[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་ཏུན་ཧོང་དང་ནུབ་རྒྱུད་ནས་རྙེད་པའི་བུན་ལེན་དང་། རྩིས་ཐོ། གན་རྒྱ། དོན་ཆེན་སོགས་ཀྱི་སྐོར་འཁོད་པའི་ཤོག་དྲིལ་དང་ཁྲམ་བྱང་སོགས་ལ་གཞི་བཅོལ་ཏེ་བཙན་པོའི་དུས་སུ་གཏན་འབེབས་བྱས་པའི་ཞིང་ཁྲལ་དང་འབྲོག་ཕྱུགས་ཀྱི་ཁྲལ། གསེར་དངུལ་དང་ཆང་ཁྲལ། སྒོ་ཁྲལ་དང་རྩྭ་ཁྲལ་སོགས་ཀྱི་ཁྲལ་དང་། ཁྲལ་རིགས་དེ་དག་གེ་འཇལ་བྱ་གང་ཡིན་སྐོར་ལ་དཔྱད་པ་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] བཙན་པོ། ཁྲལ་རིགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03 -040-07
གླེང་གཞི།
བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ཀྱི་དུས་སུ་བློན་ལྷ་བུ་མགོ་དཀར་གྱིས་ཐུལ་དང་དོར་གྱི་རྩིས་གཞི་གཏན་ལ་ཕབ་①ཅེས་འཁོད་པ་ལྟར་ན། དུས་རབས་དང་པོའི་ཡས་མས་སུ་ཡར་ཀླུང་གི་ཁུལ་དུ་ཞིང་གི་རྒྱ་ཁྱོན་དང་ཕྱུགས་གྲངས་ཀྱི་འཇལ་བྱེད་ཚད་གཞི་ཞིག་བྱུང་ཟིན་པ་ཤེས་ཐུབ་ལ། འཇལ་བྱེད་ཚད་གཞི་དར་ཟིན་ན་དངོས་ཟོག་བརྗེ་རེས་སམ་ཚོང་ལས་དར་ཡོད་པ་ནི་གདོན་མི་ཟ་ཞིང་། དེ་བསྟུན་གྱི་དཔྱ་ཁྲལ་ལམ་ལུགས་ངེས་ཅན་ཞིག་ཀྱང་ཆགས་གྲུབ་ཟིན་པར་རིགས་འདེད་བྱ་ཆོག འོན་ཀྱང་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ་བ་ལྟར་ན། བོད་ཀྱི་ལོ་རྒྱུས་སྟེང་ཅུང་འཐུས་སྒོ་ཚང་བའི་དཔྱ་ཁྲལ་ལམ་ལུགས་ནི་བོད་རྗེ་སྲོང་བཙན་སྐམ་པོའི་དུས་སུ་དངོས་སུ་བྱུང་བར་མངོན་ཏེ། དེ་དུས་འཇལ་ཤོར་འདེགས་གསུམ་གྱི་ཚད་གཞི་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་དང་། ཞིང་ལ་དོར་ཁ་དང་འབྲོག་ལ་ཐུལ་གྱི་ཚད་གཞི་བཀའ་གྲོས་ཆེན་པོ་དྲུག་གི་ནང་དུ་རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ་ཞེས་རྒྱལ་པོའི་སྐུ་འཚོ་བའི་སྲི་ཞུར་བློན་པོ་རྣམས་ཀྱིས་འབད་བརྩོན་བྱེད་དགོས་པ་དང་། འབངས་མི་སེར་རྣམས་ཀྱིས་རང་རང་གིས་བདག་གཉེར་ཐོན་སྐྱེད་བྱེད་པའི་ས་ཞིང་དང་། ཕྱུགས་རིགས་སོགས་ལ་འཁྲི་བའི་དཔྱའ་ཁྲལ་རྣམས་དུས་ཐོག་བླར་དབུལ་བ་སྟེ་གོང་དུ་རྒྱལ་པོར་འབུལ་དགོས་②པའི་སྐོར་སོགས་གཏན་འབེབས་བས་ཡོད་པ་ལས། སྐབས་དེ་དུས་དཔྱ་ཁྲལ་གྱི་ལམ་ལུགས་ཅུང་འཐུས་ཚང་ཞིག་ཡོད་པ་མཐོང་ཐུབ། མགར་སྟོང་བཙན་གྱིས་བཙན་པོའི་སྲིད་དབང་སྲ་བརྟན་གཏོང་ཆེད། ཞིང་ཕྱུགས་ལས་དང་ཚོང་ལས་སོགས་ལ་གང་འཚམ་དར་སྤེལ་བྱུང་བ་དང་བསྟུན་ནས་དཔྱ་ཁྲལ་གྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ས་ཆ་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཆ་རྐྱེན་ལ་དམིགས་ནས་དེ་བསྟུན་གྱིས་ཁྲལ་རིགས་མི་འདྲ་བ་བསྡུ་བའི་གཏན་འབེབས་བྱས་ཡོད་པ་རེད། སྤྱིར་བོད་བཙན་པོའི་རྒྱལ་རབས་སུ་དཔྱ་ཁྲལ་གྱི་སྒྲིག་གཞི་བཟོ་བ་དང་། དེ་ཉིད་ལག་བསྟར། དེར་བཟོ་བཅོས་བྱེད་པ་སོགས་ནི་དུས་སྐབས་སོ་སོའི་དགོས་མཁོ་དང་བསྟུན་ནས་སྤེལ་བ་ཞིག་ཡིན་ནའང་། རྩ་བའི་ཆར་བོད་རྗེ་སྲོང་བཙན་སྐམ་པོའི་དུས་གཏན་འབེབས་བས་པའི་ནོར་སྲིད་དང་དཔྱ་ཁྲལ་གྱི་ལམ་ལུགས་ཅུང་འཐུས་ཚང་ཡོད་པ་དེ་རང་རྒྱུན་བསྐྱངས་ཡོད་ལ། དེས་བགྲང་བ་ཉིས་བརྒྱ་ལྷག་གི་རིང་བཙན་པོའི་སྲིད་དབང་སྲ་བརྟན་དང་གོང་འཕེལ་གྱི་སླད་དུ་ཞབས་འདེགས་ཞུས་ཡོད། བོད་བཙན་པོའི་སྲིད་དབང་དེ་ཡང་རིམ་ཁག་དཔོན་རིགས་དང་གཞུང་ཞབས། དམག་མི་སོགས་དང་ཚོགས་པ་དུ་མ་ལས་གྲུབ་པ་ཞིག་ཡིན་པས། དེ་དག་གི་འཚོ་གནས་དང་བཙན་པོའི་སྲིད་དབང་གི་འཁོར་སྐྱོད་ལ་ནོར་སྲིད་ཀྱི་རྒྱབ་རྟེན་ཤུགས་ཆེན་ཞིག་དགོས་པ་ནི་བཤད་ཅི་དགོས། དེར་བརྟེན། བཙན་པོའི་རྒྱལ་རབས་སྐབས་ཐོག་མཐའ་བར་གསུམ་དུ་དཔྱ་ཁྲལ་གྱི་ལམ་ལུགས་དང་། ཁྲལ་བསྡུ་ཁྲིམས་གནོན་སོགས་ལ་ཤུགས་སྣོན་བརྒྱབ་ཡོད་པ་ནི་ལོ་རྒྱུས་ཀྱི་དེབ་ཐེར་དང་ཏུན་ཧོང་ཡིག་རྙིང་སོགས་ལས་གསལ་པོར་མཐོང་ཐུབ། དེ་ལྟར་བཙན་པོའི་རྒྱལ་རབས་དུས་དཔྱ་ཁྲལ་བསྡུ་ལེན་དང་ཁྲལ་འབངས་ཀྱི་དབྱེ་བ། དཔྱ་ཁྲལ་གསར་འགེལ་སོགས་ཀྱི་ལམ་ལུགས་ཅུང་འཐུས་ཚང་ཞིག་བཙུགས་ཡོད་པ་དེས་བཙན་པོའི་རྒྱལ་རབས་དེ་ཉིད་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྲིད་དབང་ཞིག་ཏུ་ཆགས་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་ནི་གོར་མ་ཆག ལོ་རྒྱུས་ཡིག་ཚགས་ཁག་ནང་འཁོད་པ་ལྟར་ན། བོད་བཙན་པོའི་དུས་སུ་ཞིང་ཁྲལ་དང་། ཕྱུགས་ཁྲལ། གསེར་དངུལ་གྱི་ཁྲལ། ཚོང་ཁྲལ། སྒོ་ཁྲལ། རྩྭ་ཁྲལ། ཆང་ཁྲལ་སོགས་ཁྲལ་རིགས་སྣ་ཚོགས་གཏན་འབེབས་བྱས་ཡོད་ཅིང་། དེ་དག་ཁྲོད་ལས་ཞིང་ཁྲལ་དང་། ཕྱུགས་ཁྲལ། སྒོ་ཁྲལ། གསེར་དངུལ་གྱི་ཁྲལ། རྩྭ་ཁྲལ་སོགས་ནི་བསྡུ་ལེན་གྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་། ཁྲལ་རིགས་གཞན་རྣམས་ནི་ཡུལ་དུས་ཀྱི་དགོས་དབང་དང་བསྟུན་ནས་འཇལ་དགོས་པ་ཞིག་ཡིན། གཤམ་ལ་བོད་བཙན་པོའི་སྐབས་ཀྱི་ཁྲལ་རིགས་གཙོ་ཆེ་བ་འགའ་རེའི་ནང་དོན་དང་འཇལ་བ་ཅི་ཡིན་སྐོར་རགས་ཙམ་གླེང་བར་བྱའོ།།
དང་པོ། ཞིང་ཁྲལ།
དེ་ཡང་《ལྡེའུ་ཆོས་འབྱུང་》དུ་སྲོང་བཙན་གྱི་དུས་སུ་འབྲོག་ཐུལ་གྱིས་བགོས། ཞིང་ཐེ་གུས་བཅད་③ཅེས་འཁོད་ཡོད་པ་ལས། སྐབས་དེ་དུས་ས་ཞིང་ལ་ཚད་འཇལ་ནས་ཁྲལ་བསྡུ་ལེན་བྱ་སྲོལ་ཡོད་པ་རིགས་འདེད་བ་ཐུབ་ཅིང་། ཏུན་ཧོང་ཡིག་ཆའི་ཁྲོད་ཀྱི་《དོན་ཆེན་གནད་བསྡུས་》སུ “གླང་གྱྀ་ལོ་ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ་གནག་ལྀངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གྱྀ་ཕྱིང་རིལ་བགྱྀས། ར་སང་རྗེའི་བློན་རིད་སྟག་རྷྱ་དང་ཞྀང་གི་ཚོང་ཆེན་སྦྱརད། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག་གྱྀམ་རྩན་རྨ་ཆུང་བཆུག མདོ་སྨདུ་ཀམ་ཁྲི་བཟང་བྱེ་འདའ་ཐོང་མྱིས་བཀུམ་སྟེ་ཤ་གཉརད་ཕར་ལོ་གཆྀག”④ཅེས་པ་ལྟར། གླང་གི་ལོ་སྟེ་སྤྱི་ལོ་༦༥༣ལོར་བཙན་པོའི་རྒྱལ་རབས་ཀྱིས་རྒྱ་ཁྱབ་ངང་ནས་ཕྱུགས་ཁྲལ་དང་། ཞིང་ཁྲལ། ཚོང་ཁྲལ་སོགས་གཏན་འབེབས་དང་ལག་བསྟར་བྱས་ཡོད་པ་མངོན་པར་གསལ་ཞིང་། དེ་ལྟ་བུའི་རྣམ་གྲངས་ཅུང་མང་བའི་ཁྲལ་རིགས་དང་ནོར་སྲིད་ལམ་ལུགས་གཏན་འབེབས་བྱས་པ་དེས་བཙན་པོའི་རྒྱལ་རབས་དེ་ཉིད་རིམ་བཞིན་སྟོབས་འབྱོར་ཅན་དུ་འགྱུར་རྒྱུར་རྨང་གཞིའི་ཆ་རྐྱེན་བསྐྲུན་ཡོད། གོང་གསལ་ཏུན་ཧོང་གི་ཡིག་ཚགས་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཞིང་ཁྲལ་ལག་བསྟར་བྱས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཐོག་མར་དེ་ཡིན། སྐབས་དེ་ཤེད་ནས་བཟུང་ཞིང་ཁྲལ་དེ་ཉིད་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་ཁྲལ་རིགས་ཤིག་ཏུ་གྱུར་ཡོད་པ་ནི་《དོན་ཆེན་གནད་བསྡུས་》ལས།
“ཁྱིའི་ལོ་(སྤྱི་ལོ་༦༨༦)ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། ......དགུན་བྲ་མ་ཐང་དུ་འདུ་སྟེ། ཤངས་མན་ཆད་དུ་ཞྀང་གྱྀ་ཕྱིང་རྀལད་བཏབ་ཕར་ལོ་གཆིག ཕགྀ་ལོ་(སྤྱི་ལོ་༦༨༧)ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། ......དགུན་རྩང་ཆེན་གྱི་ཕྱིང་རིལ་བཏབ་”⑤ཅེས་དང་། “སྟགི་ལོ་(སྤྱི་ལོ་༦༩༠) ལ་བབ་སྟེ། དབྱརད་བཙན་པོ་བལ་པོ་བཞུགས་ཤིང་། ......མགར་འབྲོང་རྩན། རྩང་སྟོན་དང་། པ་ཙབ་རྒྱལ་ཙན་ཐོམ་པོ་གཉྀས་གྱིས། གཡོ་རུའྀ་ཞིང་གྱི་ཕྱྀང་རིལ་བཏབ་ཕར་ལོ་གཆིག ཡོས་བུའྀ་ལོ་(སྤྱི་ལོ་༦༩༡)ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། ......ཕྱྀང་རིལད་དང་རབས་ཅད་གྱྀ་རྩིས་བགྱོས་”⑥ཞེས་པ། “རྟའྀ་(སྤྱི་ལོ་༧༡༨)ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། ......རུ་གསུམ་གྱྀ་རྗེ་ཞིང་གླྀངས་གྱྀ་པྱིང་རྀལ་དང་། རོག་རྀལད་བགྱིས། ལུགྀ་ལོ་(སྤྱི་ལོ་༧༡༩)ལ། བཙན་པོ་དབྱརད་བལ་པོ་ན་བཞུགས།་་་་་་རུ་གསུམ་གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ་གྱྀ་རྩིས་དང་། སོག་མའྀ་རྩིས་དང་། རུ་ཡོང་ཕྱྀ་གསེང་གུམ་སྟེ། བྲུང་པ་སེང་གོ་མོན་བུ་བཆུག་པའི་རྩིས་་བགྱྀས། ......དགུན་བཙན་པོ་བྲག་མར་ན་བཞུགས། རྩང་ཆེན་གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ་བཏབ། སྤྲེའུ་ལོ་(སྤྱི་ལོ་༧༢༠)ལ། བཙན་པོ་དུངས་གྱྀ་སྟག་ཙལ་ན་བཞུགས་ཤྀང་། ......རྩང་ཆེན་གྱོ་རྗེ་ཞིང་གློངས་གྱི་པྱྀང་རིལད་གྱྀ་རྩིས་བགྱྀས་”⑦ཞེས་པ། “ཕགྀ་ལོ་(སྤྱི་ལོ་༧༤༧)བབ་སྟེ། དབྱར་བཙན་ཕོ་ན་མར་ན་བཞུགས། ......འབྲོག་སོག་རྩིས་ཀྱི་མཇུག་བཅདེ། ཞིང་གྱི་རེག......”⑧ཅེས་བྱུང་ཡོད་པ་སོགས་ལས་མཐོང་ཐུབ།
གོང་གསལ་《དོན་ཆེན་གནད་བསྡུས་》ཁྲོད་འཁོད་པའི་བོད་བཙན་པོའི་དུས་ཀྱི་ཞིང་ཁྲལ་ལམ་ལུགས་དང་བྱེད་ཐབས་ལག་བསྟར་གྱི་སྐོར་ལས། བོད་བཙན་པོའི་དུས་སྐབས་སུ་སྐབས་རེར་དགོས་དབང་གིས་ས་ཆ་སོ་སོར་མཁོས་དང་འདུན་མ་བསྡུས་ནས་ཞིང་འབྲོག་གི་ཁྲལ་རིགས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ཕུད། ད་དུང་སྐབས་རེར་ཆེད་དུ་ཞིང་ཁྲལ་གྱི་གནད་དོན་ཐག་གཅོད་བྱེད་པའི་གྲོས་དང་ཇུས་གཞི་འདོན་པའི་སྲོལ་ཡང་ཆགས་ཡོད་པ་གསལ་པོར་མཐོང་ཐུབ་ཅིང་། བོད་ཡུལ་ལ་མཚོན་ན་སྐབས་དེར་ས་ཆ་མང་ཆེ་བར་འབྲུ་རིགས་གཙོ་བོ་ནི་གྲོ་དང་ནས། སྲན་མ་སོགས་⑨ཡིན་ཞིང་། ཀོང་དཀར་པོའམ་ད་ལྟའི་ཉིང་ཁྲིའི་ཡུལ་དུ་འབྲས་ཀྱང་འདེབས་པ་ཡིན་པས།⑩ ཞིང་ཁྲལ་ཡང་གཙོ་བོ་གྲོ་ནས་སྲན་གསུམ་སོགས་ཡིན་པར་གདོན་མི་ཟ།
གཉིས་པ། འབྲོག་ཕྱུགས་ཀྱི་ཁྲལ།
བོད་རྗེ་སྲོང་བཙན་གྱི་དུས་སུ་ཐུལ་གྱི་འཇལ་བྱེད་རྩིས་གཞི་གཏན་ལ་ཕབ་ཡོད་པས། སྐབས་དེར་ཕྱུགས་ལས་ལ་འཕེལ་རྒྱས་གང་འཚམ་བྱུང་ཡོད་པ་དང་། ཕྱུགས་ཁྲལ་ཡང་ལག་བསྟར་བྱས་ཡོད་པ་དཔྱད་པས་ཤེས་ཐུབ། འོན་ཀྱང་ཐུལ་གྱི་ཚད་གཞིར་གོ་བ་ལེན་སྟངས་མི་འདྲ་བ་ཡོད་པ་སྟེ། གཅིག་ནི་སློག་པ་གཅིག་བཟོ་བར་མཁོ་བའི་པགས་པའི་གྲངས་ལ་ཐུལ་ཟེར་བ་དང་།⑾ གཉིས་ནི་ཕྱུགས་གྲངས་བརྩི་བའི་རྩིས་གཞི་ཞིག་སྟེ།⑿ བོད་ཀྱི་འབྲོག་པའི་སྲོལ་ལ་ལུག་ལོ་གཅིག་ལ་སླེབས་ཚེ་ཐུལ་གཟན་དང་། རྟ་ལོ་གསུམ་ལ་སླེབས་ཚེ་ཐུལ་རུ་དང་། ནོར་ལོ་གཉིས་ལ་སླེབས་ཚེ་ཐུལ་བ་དང་ཐུལ་མ་ཟེར་བ་ལྟ་བུ་ཡིན། ཐུལ་གྱི་རྩིས་གཞི་འདི་བྱུང་སྔ་ཡང་བཙན་པོའི་དུས་ཀྱི་ཡིག་རྙིང་དག་ལ་བལྟས་ན། སྐབས་དེར་རྒྱ་ཁྱབ་ཏུ་བཀོལ་སྲོལ་མེད་པ་ལྟ་བུར་སྣང་ཞིང་། 《དོན་ཆེན་གནད་བསྡུས་》སུ་འཁོད་པར་གཞིགས་ན། སྐབས་དེར་འབྲོག་ཁུལ་དུ་བསྡུ་བའི་ཁྲལ་ལ་གནག་ལིངས་དང་ཤ་ལིངས་ཟེར་བ་དང་། དེ་ལས་ལིངས་ཞེས་པ་དེ་ནི་ད་ལྟའི་བར་དུ་བེད་སྤྱོད་གཏོང་བཞིན་ཡོད་ལ། ལིངས་གཅིག་ནི་ནོར་གྱི་རོའི་བཞི་ཆ་གཅིག་སྟེ་རྐང་ལག་ཡ་གཅིག་ལ་གོ་ཞིང་། སྐབས་དེ་དུས་ཀྱང་རྩི་གྲངས་འདི་ལྟར་བྱས་ནས་ཤ་ཁྲལ་བསྡུ་སྲོལ་ཡོད་པ་ཤེས་ཐུབ་པ་ཡིན། 《དོན་ཆེན་གནད་བསྡུས་》སུ་ལོ་སོ་སོར་ཕྱུགས་ཁྲལ་ཇི་ལྟར་བསྡུ་བའི་སྐོར་འཁོད་པ་འདི་ལྟར་སྟེ།
“གླང་གྱྀ་ལོ་(སྤྱི་ལོ་༦༥༣)ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ་གནག་ལྀངས་བཏབ་”⒀ཅེས་དང་། “འབྲུགྀ་ལོ་(སྤྱི་ལོ་༦༥༦)ལ་བབ་སྟེ། བཙན་པོ་མེར་ཀི་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱྀས། གཙམ་གྱི་ཡུལ་མར་དུའ་ཤ་ལྀངས་ཆེན་ཕོ་བཏབ་ཕར་ལོ་གཆོག་”⒁ཅེས་པ། “ཁྱི་ལོ་(སྤྱི་ལོ་༧༤༦)ལ། བཙན་པོ་དབྱར་ཕོ་བྲང་ན་མར་ན་བཞུགས། ......རུ་བཞིའི་འབྲོག་སོག་གི་མཁོས་བགྱིས། ཕགྀ་ལོ་ལ་(སྤྱི་ལོ་༧༤༧) བབ་སྟེ། དབྱར་བཙན་ཕོ་ན་མར་ན་བཞུགས། ......འབྲོག་སོག་རྩིས་ཀྱི་མཇུག་བཅདེ་”⒂ཞེས་པ་ལྟ་བུ་ཡིན།
འབྲོག་ཕྱུགས་ཀྱི་ཁྲལ་ལ་གཙོ་བོ་ཤ་ཁྲལ་བསྡུ་བ་ཕུད། ད་དུང་བལ་རྩིད་དང་པགས་པ་སོགས་ཀྱི་ཁྲལ་རིགས་ཀྱང་ཡོད་པའི་སྐོར་ལ་《བཙན་པོའི་དུས་ཀྱི་ཁྲམ་ཤིང་ཕྱོགས་བསྒྲིགས་》ཞེས་པའི་ནང་གི་ཁྲམ་ཤིང་ཨང་༩༩ལས “རྐྱང་ལྭོ་གཉའ་བ་ཅན་ལྔ། རྐྱང་ཕུགི་ཀོ་བ་གཅིག རྐྱང་ལྭོ་གཉིའ་བ་མ་མཆིས་པ་དགུ་”⒃ཞེས་རྐྱང་ཕྲུག་གི་ཀོ་བ་ཇི་ཙམ་ཡོད་པའི་ཐོ་ཡིག་ཅིག་ཡོད་པ་དེ་ལས་སྐབས་དེ་དུས་པགས་ཁྲལ་གྱི་རིགས་ཤིག་ཡོད་པར་བསྟན་ཡོད། ཡང་མུ་རན་ནས་ཐོན་པའི་ཁྲམ་ཤིང་ཞིག་གི་ནང་དུ། “ཇོ་ཅོ་བཙན་ཐ་དང་། ཀླུ་སྒྲ་ལ་ཡུལ་མཐོང་གི་མཆིས་གསོལ་པ། ། སླར་ཡང་སྙན་སྙུང་གསོལ་པ་ལགས། ནོབ་ཆེད་པའི་རྩེ་རྒོད་ཀྱི་ལོ་ཐང་ཕུལ་བའི་བུལ། ལྷ་ཧེལ་ནོད་ཅིང་མཆིས་ན། བུལ་སྩོལ་པར་གསོལ་བདག་ཅག་གི་ལོ་ཐང་ཅི་ལུས་པ་དང་། བོང་ན་ཁག ལི་བལ་པོ་རེ་གང་གཟིག འདིར་ནམས་ཤུལ་དུ་འབུལ་བར། བློན་ལྷ་བཟང་ལ་ཡང་གསོལ་ཏེ། སྤུ་བལ་ཅི་མ་ཕུལ་པ། འདི་བཞིན་ལྷག་ཚད་མ་མཆིས། སུ་ལ་ཞིང་མཆིས་ན། ། བདག་གི་སུག་རྒྱ་ཡངཡ། ། དངོས་ཀྱིས་གསོལ་པ་ལགས་ན། དེ་ལས་ཐུགས་མཛད་དུ་གསོལ་”⒄ཞེས་འཁོད་ཡོད་པ་དེ་ནི་ནོབ་ཆུང་ས་ཆའི་ཡུལ་དཔོན་ཞིག་གིས་དཔོན་བཙན་ཐ་དང་ཀླུ་སྒྲ་ལ་སྤྲིངས་པའི་སྤུ་བལ་གྱི་ལོ་ཐང་ངམ་ལོ་ཁྲལ་སྐོར་གྱི་འཕྲིན་ཞིག་ཡིན་པར་གདོན་མི་ཟ་ཞིང་། དེ་ལས་སྐབས་དེར་བོད་བཙན་པོས་ནོབ་ཆུང་ས་ཆར་དབང་བསྒྱུར་བྱས་རྗེས་དེ་ཁུལ་ནས་སྤུ་བལ་གྱི་ཁྲལ་བསྡུས་ཡོད་པ་གསལ་པོར་མངོན་ནོ།
གསུམ་པ། གསེར་དངུལ་གྱི་ཁྲལ།
མིའི་རིགས་ཀྱི་ལོ་རྒྱུས་སུ་གསེར་དངུལ་རིན་ཆེན་དུ་བརྩི་བའི་འདུ་ཤེས་ནི་ལྕགས་རིགས་བཀོལ་བའི་དུས་རབས་ནས་བྱུང་ཞིང་། ལྷག་པར་དུ་གསེར་ལ་མཚོན་ན། སྲེག་བཅད་བརྡར་གསུམ་གྱིས་གནོད་མི་ཐུབ་པ་དང་བཙའ་གཡའ་ཡིས་མི་ཐུབ་པའི་ཁྱད་ཆོས་ལྡན་པས། དེ་ཉིད་མིའི་རིགས་ཀྱིས་གནའ་སྔ་མོ་ནས་རིན་ཆེན་དང་པོར་བརྩི་བ་མ་ཟད། དངོས་པོའི་རིན་ཐང་གཞལ་བྱེད་དུ་བརྩི་སྲོལ་བྱུང་བ་ལྟར། བོད་བཙན་པོའི་རྒྱལ་རབས་སུའང་གསེར་དངུལ་དེ་ཉིད་རྒྱུ་ནོར་གྱི་མཚོན་རྟགས་དང་། དངོས་པོའི་རིན་ཐང་གཞལ་བྱེད། འཁོར་རྒྱུག་དངུལ་ལོར་སོགས་ཀྱི་ནུས་པ་ཐོན་པའི་སྲ་དངུལ་(硬通货)དུ་ཆགས་ཡོད་པ་ནི་ལོ་རྒྱུས་དེབ་ཐེར་ཁག་ནང་སྐབས་དེར་གསེར་བྱེ་དང་གསེར་གྱི་དོང་ཙེ་སོགས་ལེགས་སྐྱེས་དང་མཚམས་རྟགས་སུ་བསྐུར་ཡོད་སྐོར་འཁོད་པ་ལས་མཐོང་ཐུབ་པ་མ་ཟད། སྐབས་དེར་བྲེ་དང་། སྲང་། ཞོ། སྐར། ནམ། སེ་སོགས་གསེར་དངུལ་གྱི་རིན་ཐང་གཞལ་བྱེད་ཀྱི་རྩི་གྲངས་ཀྱང་དར་སྤེལ་བྱུང་ཡོད་པ་⒅ལས་ཤེས་ཐུབ། བོད་བཙན་པོའི་དུས་སུ་གསེར་དངུལ་གྱི་བཀོལ་སྤྱོད་རིན་ཐང་ཤིན་ཏུ་ཆེ་སྟབས། དེ་ཉིད་ཁྲལ་རིགས་ཀྱི་ཁོངས་སུ་གཏོགས་ཡོད་པ་ནི་《དོན་ཆེན་གནད་བསྡུས་》སུ “སྤྲེའུ་ལོ་(སྤྱི་ལོ་༧༠༨ལོ་) བབ་སྟེ། བཙན་པོ་དབྱརད་བལ་པོ་ཤ་རུ་མཁར་ན་བཞུགས། ......འབངས་ལ་གསེར་ཁྲལ་མང་པོ་བསྡུས་”⒆ཞེས་འབངས་ནས་གསེར་ཁྲལ་བསྡུ་བའི་སྐོར་དང་། ཡང་《བཙན་པོའི་དུས་ཀྱི་ཁྲམ་ཤིང་ཕྱོགས་བསྒྲིགས་》ཞེས་པའི་ཁྲོད་ཀྱི་ཁྲམ་ཤིང་ཨང་༡༠༠ལས། “ནས་ཁལ་བདུན་བཅུ་རྩ་ལྔ་དང་དར་ཡུག་སྟོང་རྔུལ་སྲང་དགུ་བརྒྱ་དང་གསེར་སྲང་དྲུག་བརྒྱ་མར་དང་གཉནད་གྱི་མེན་ཏོག་དང་སྤྱིང་དང་སྣམ་བུ་”⒇ཞེས་འཁོད་པའི་ཁྲལ་གྱི་ཐོ་ཡིག་ཐོར་བུ་དེ་ལས་གསེར་དངུལ་ནི་སྤྱོད་གོ་ཆེ་བའི་རྒྱུ་ནོར་ཞིག་ཡིན་པར་བདེན་དཔང་བྱ་ཐུབ་ཁར། སྐབས་དེར་གསེར་དངུལ་གྱི་ཁྲལ་རིགས་བསྡུ་བའི་དགོས་པའང་ཤིན་ཏུ་ཆེ་བ་ཡིན་པ་རིགས་འདེད་བྱ་ཐུབ།
བཞི་པ། ཆང་ཁྲལ།
བོད་ལ་ཆང་ག་དུས་དར་མིན་ཐད་ལོ་རྒྱུས་དཔྱད་ཡིག་ཁག་ནང་གཅིག་མཐུན་གྱི་འདོད་ཚུལ་ཞིག་མེད་རུང་། ཏུན་ཧོང་ནས་ཐོན་པའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་སེང་གོ་མྱི་ཆེན་གྱིས་དྭགས་པོ་དམག་གིས་ཕབ་རྗེས་དགྱེས་སྟོན་བྱས་པའི་དུམ་བུ་ཞིག་ཡོད་པའི་ནང་། “འུང་གྀ་རྗེས་ལའ། ། བཙན་པོ་རྗེས་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་ལོ། འུང་གྀ་ཚེ་ཁྱུང་པོ་སྤུང་སད་ཀྱིས་གླུ་བླངས་པ་འྀ་ཚིག་ལ་”(21)ཞེས་དང་། ཡང་《དོན་ཆེན་གནད་བསྡུས་》སུ། “རྟའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤོང་། བྲུང་པ་ལྷོ་འབྲྀང་པོ་རྒྱལ་སུམ་སྲེགས་གྱྀས། ཉེན་ཀར་དུ་འབུལ་སྐྱེམས་གསོལད་ཕར་ལོ་གཅིག་” (22)ཅེས་དང་། རྒྱའི་ཡིག་ཚང་《ཐང་ཡིག་གསར་མ་ཐུ་བྷོད་ཀྱི་རབས་》ཞེས་པའི་ནང་དུའང་། “ཤིང་གཅུས་ནས་ཞབས་སྐྱོམ་བཟོ་ཞིང་། ཕྱིང་བས་སྡེར་མའི་དོད་བྱེད་པ་དང་། ཕྱེ་ཡིས་བཟོས་པའི་དཀར་ཡོལ་གྱི་ནང་དུ་ཐང་དང་ཞོ་བླུགས་ནས་མཉམ་དུ་བཟའ་ཞིང་། ཁྱོར་བའི་ནང་དུ་ཆང་བླུགས་ནས་བཏུང་བར་བྱེད་”(其器屈木而韦底,或氈为盘,凝面为碗,实羹酪并食之,手捧酒浆以饮) (24)ཅེས་འཁོད་པ་སོགས་ལ་གཞིགས་ན། སྐབས་དེ་ཤེད་ནས་བོད་ལ་ཆང་དར་ཡོད་པ་གསལ་པོར་རྟོགས་ཐུབ། དེང་སྐབས་ཞིབ་འཇུག་པ་འགའ་རེས་བོད་བཙན་པོའི་དུས་སུ་ཆང་གི་རིགས་ལ་ནས་ཆང་དང་། འབྲས་ཆང་། རྒུན་འབྲུམ་གྱི་ཆང་བཅས་གསུམ་ཡོད་ཅིང་། དེ་ལས་ནས་ཆང་ནི་བོད་དབུས་ནས་ཐོན་པ་དང་། འབྲས་ཆང་ནི་ཀོང་དཀར་པོ་སྟེ་ད་ལྟའི་ཉིང་ཁྲི་དང་སྨིན་གླིང་གི་ས་ཆ་ནས་ཐོན་པ། རྒུན་འབྲུམ་གྱི་ཆང་ནི་ནུབ་རྒྱུད་ནས་བོད་ལ་དྲངས་པ་རེད་(24)ཅེས་གསུངས་པར་བདེན་པའི་གཏིང་མཐའ་གཅོད་དཀའ་ནའང་། དེར་གནས་ལུགས་རྒྱུ་མཚན་གང་འཚམ་ཞིག་ཡོད་པར་སྙམ། ཏུན་ཧོང་གི་《ཁྲམ་བྱང་ཕྱོགས་བསྒྲིགས་》ཞེས་པའི་ནང་གི་ཁྲམ་ཤིང་ཨང་༥༦ལས། “ལོ་སར་གི་བག་ཕྱེ་དང་ཆངས་དེ་། ཆད་ཏེ་སླད་སྡོམ་ཏེ་ཆད་པ་ཆང་བག་པྱེ་ཁྲམ་བུར་བགོས་ཏེ་བུ་ཡང་ཡང་སྤའ་ས་དེ་ལ་སྩལད་” (25)ཅེས་ཆང་དང་གྲོ་ཕྱེ་ཆད་པའི་ཐོ་ཁྲམ་ཤིང་ལ་བྲིས་ནས་ས་གནས་དཔོན་པོ་ཞིག་ལ་སྤྲད་པའི་སྐོར་བཀོད་ཡོད་པ་དེ་ལས་ཆང་ཁྲལ་བསྡུ་དགོས་ཚུལ་གསལ་པོར་བསྟན་མེད་རུང་། ཆང་གི་ཡོང་ཁུངས་ནི་སྤྱིར་མི་སྒེར་གྱི་བཙག་སྣོན་ལས་བྱུང་བ་ཡིན་རྐྱེན། ཆང་ཁྲལ་འཇལ་དགོས་པ་ཡང་དོན་གྱིས་གྲུབ་བོ།
ལྔ་པ། སྒོ་ཁྲལ།
བོད་བཙན་པོའི་རྒྱལ་རབས་དུས་སྒོ་ཁྲལ་བསྡུ་བའི་སྐོར་ལ་《དོན་ཆེན་གནད་བསྡུས་》 སུ། “འབྲུགྀ་ལོ་(སྤྱི་ལོ་༦༩༢ལོ་)ལ་བབསྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། དབྱར་འདུན་ཤོང་སྣར་འདུསྟེ། མངན་ཆེན་པོ་དྲུག་དུ་བསྐོས། ......སུམ་པའྀ་ཤོ་ཚིགས་བཟུང་བར་ལོ་གཅིག་” (26)ཅེས་འཁོད་པའི་ཤོ་ཚིགས་ཞེས་པ་ནི་སྒོ་ཁྲལ་དུ་གོ་བ་ཡིན་པས། དེ་ལས་བོད་བཙན་པོའི་དུས་སུ་སྲིད་གཞུང་གིས་ས་མཚམས་སུ་སྒོ་ཁྲལ་བསྡུ་སྲོལ་ཡོད་པ་དོན་གྱིས་རྟོགས་ཐུབ། བོད་བཙན་པོའི་ས་ཁོངས་རྒྱ་བསྐྱེད་པ་དང་དུས་མཚུངས་ཕྱོགས་བཞིར་ཚོང་ལས་ཀྱི་འབྲེལ་བ་ཡང་ཇེ་འཁྲུག་ཇེ་དམ་དུ་སོང་ཡོད་ཅིང་། སྐབས་དེར་བོད་ཀྱི་ཕྱོགས་བཞིར་ཁ་བརྒྱད་ཁེ་བརྒྱད་ཅེས་ཁྲོམ་ར་བཙུགས་ནས་(27)ཕྱི་ཕྱོགས་དང་ཉོ་ཚོང་འཁྲུག་པོ་ཡོད་ཁར་འཕེལ་རྒྱས་ཀྱང་ཧ་ཅང་ཆེན་པོ་བྱུང་ཡོད། དེ་ཡང་《དོན་ཆེན་གནད་བསྡུས་》ལས། “གླང་གི་ལོ་(སྤྱི་ལོ་༦༥༣ལོ་)ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ་གནག་ལྀངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གྱྀ་ཕྱིང་རིལ་བགྱིས། ར་སང་རྗེའི་བློན་རིང་སྟག་རྷྱ་དང་ཞྀང་གྱི་ཚོང་ཆེན་སྦྱརད་” (28)ཅེས་བྱུང་བ་ལྟར། སྐབས་དེར་ཕྱི་ཕྱོགས་དང་ཚོང་གཉེར་རྒྱ་ཆེན་པོ་བྱས་ཡོད་ཅིང་། སུམ་པའི་ཤོ་ཚིགས་བཟུང་བའང་བོད་བཙན་པོའི་ས་རྒྱ་བྱང་དུ་བསྐྱེད་པ་ལས་གྲུ་གུ་དང་། ལི་ཡུལ། བྲུ་ཞ་སོགས་དང་འབྲེལ་འདྲིས་བྱུང་བའི་མཇུག་འབྲས་ཤིག་ཡིན་ངེས་ཤིང་། ཤོ་ཚིགས་བཙུགས་པའི་དམིགས་ཡུལ་ནི་གཅིག་གྱུར་གྱིས་ཕྱི་ཕྱོགས་ཉོ་ཚོང་ལ་དོ་དམ་དང་། ཚོང་ཁྲལ་བསྡུ་བའི་དགོས་པའི་ཆེད་དུ་ཡིན་ངེས། དེ་ལས་ཀྱང་སྐབས་དེར་བོད་བཙན་པོའི་སྲིད་དབང་དང་བྱང་ཕྱོགས་རྒྱལ་ཕྲན་དང་མི་རིགས་ཁག་དབར་འབྲེལ་འདྲིས་དམ་པོ་ཡོད་པ་གསལ་པོར་རྟོགས་ཐུབ།
དྲུག་པ། རྩྭ་ཁྲལ།
《དོན་ཆེན་གནད་བསྡུས་》སུ “རྟའྀ་ལོ་(སྤྱི་ལོ་༧༡༨ལོ་) ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། ......རུ་གསུམ་གྱྀ་རྗེ་ཞིང་གླྀངས་གྱྀ་པྱིང་རྀལ་དང་། སོག་རྀལད་བགྱྀས། ......ལུགྀ་ལོ་(སྤྱི་ལོ་༧༡༩ལོ་)ལ། བཙན་པོ་དབྱར་བལ་པོ་ན་བཞུགས། ......རུ་གསུམ་གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ་གྱྀ་རྩིས་དང་། སོག་མའི་རྩིས་དང་” (29)ཞེས་འཁོད་པའི་སོག་རིལ་དང་སོག་མ་ཞེས་པ་ནི་རྩྭ་ཁྲལ་ལ་གོ་བ་ཡིན། སྐབས་དེར་རྩྭ་ཁྲལ་ཇི་ལྟར་བསྡུ་བའི་ཞིབ་ཕྲའི་གནས་ཚུལ་འཁོད་པའི་དཔྱད་གཞི་རྙེད་དཀའ་རུང་། 《དོན་ཆེན་གནད་བསྡུས་》སུ། “སྤྲེའུ་ལོ་(སྤྱི་ལོ་༧༢༠ལོ་)ལ། བཙན་པོ་དུངས་གྱྀ་སྟག་ཙལ་ན་བཞུགས་ཤྀང་། ......ཞང་ལོན་གཙང་ལ་ཆིབས་གྱི་ཆས་ཕབ་” (30)ཅེས་ཆིབས་ཀྱི་ཆས་ཏེ། གཟན་རྩྭ་བསྡུ་བའི་བཀའ་ཕབ་ཡོད་པར་གཞིགས་ན། བཙན་པོའི་དུས་དམག་དོན་གྱི་དགོས་མཁོའི་དབང་གིས་དམག་རྟའི་གྲངས་འབོར་ཧ་ཅང་ཆེ་བས། གཟན་རྩྭ་དམིགས་སུ་བསྡུ་བའི་ཁྲལ་རིགས་ཤིག་གཏན་འབེབས་བྱས་ཡོད་པ་ངེས་ཤེས་རྙེད་ཐུབ།
བདུན་པ། དཔྱ་འཇལ་བའི་ཁྲལ།
གནའ་བོའི་ཆབ་སྲིད་ཀྱི་ལོ་རྒྱུས་སྟེང་སྲིད་དབང་ཕན་ཚུན་དབར་གདོང་གཏུག་བྱུང་རྗེས་ཕམ་པར་གྱུར་བའི་ཕྱོགས་ཀྱིས་རྒྱལ་ཕྱོགས་ལ་དཔྱ་འཇལ་དགོས་པའི་ལུགས་སྲོལ་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ཡོད་པ་དེ་བཞིན་དུ། བོད་བཙན་པོའི་དུས་སུའང་བཙན་པོའི་མངའ་འོག་ཏུ་བསྡུས་པའི་ས་མཐའི་རྒྱལ་ཕྲན་ནམ་ས་གནས་སྲིད་དབང་གིས་བོད་བཙན་པོ་ལ་དུས་ལྟར་དཔྱ་འཇལ་དགོས་པའི་འགན་འཁྲི་ཡོད་པ་དེ་ཡང་དཔྱ་ཁྲལ་གྱི་ཁོངས་སུ་གཏོགས་ཏེ།(31)རྒྱུ་མཚན་ནི་ས་མཐའི་རྒྱལ་ཕྲན་ནམ་ས་གནས་སྲིད་དབང་གིས་དུས་དང་མང་ཉུང་གི་བཅད་པ་ལྟར་རྒྱུ་ནོར་སོགས་གོང་འབུལ་ཞུ་བ་ནི་དཔྱ་ཁྲལ་གྱི་རང་བཞིན་ཉིད་དུ་ངེས་པས་ཡིན། དེ་ཡང་《དོན་ཆེན་གནད་བསྡུས་》སུ “བཙན་པོ་ཁྲྀ་སྲོང་རྩན་གྱྀས། ཤུལད་བྱང་ལམ་དུ་པྱུང་སྟེ། འ་ཞ་དང་རྒྱ་ལའ་ ......དང་འ་ཞ་གཉྀས་གྱིས་དཔྱའ་གཅལ་ཏོ་” (32)ཞེས་འཁོད་པ་ལྟར། སྐབས་དེར་འ་ཞས་བོད་བཙན་པོ་ལ་དཔྱ་འཇལ་དགོས་པ་ནི་བོད་བཙན་པོས་སྤྱི་ལོ་༦༤༣ལོར་ཐོག་མར་འ་ཞར་དམག་དྲངས་ཏེ་ཕམ་པར་བྱས་རྗེས་འ་ཞའི་རྒྱལ་པོར་བཀལ་བའི་དཔྱ་ཁྲལ་དུ་ངེས་ཤིང་། ཡང་། ཏུན་ཧོང་ཡིག་ཚགས་ཁྲོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐོར་ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། “བཙན་པོ་འི་ཞ་སྔ་ནས། ཐུགས་སྐམ་པའི་རླབས་དང་། དབུ་རྨོག་བརྩན་པོ་འི་བྱིན་ཀྱིས། ། ཉི་ངོག་རྒྱལ་པོ་གཞན་དཔྱའ་ཕབ་པ་དང་། རྒྱལ་ཕྲན་འབངས་སུ་བཀུག་པ་ལ་སྩོགས་པ་པྱིར། །” (33)ཞེས་འཁོད་ཡོད་པ་སོགས་ལས་ཀྱང་སྐབས་དེར་བོད་བཙན་པོས་དཔྱ་ཁྲལ་ཇི་ལྟར་བསྡུ་མིན་སྐོར་ལམ་ཙམ་ཤེས་རྟོགས་བ་ཐུབ།
བརྒྱད་པ། ཁྲལ་རིགས་གཞན་དག
དེ་ལྟར་གོང་གསལ་གྱི་ཁྲལ་རིགས་དེ་དག་ཕུད། བོད་བཙན་པོས་ད་དུང་དུས་དང་སྐབས་ངེས་མེད་དུ་དགོས་མཁོ་མཆིས་པའི་དངོས་ཟོག་གཞན་གྱི་ཁྲལ་རིགས་ཀྱང་བསྡུས་ཡོད་པ་ནི་རྩིས་ཐོའི་ཁྲམ་ཤིང་ཁག་ལས་མཐོང་ཐུབ། དེ་ལ་ཏུན་ཧོང་རིག་པའི་ཞིབ་འཇུག་མཁས་པ་ཐའོ་མཱ་ཟིས། ལོ་ཐང་ལ་ཞིང་ཁྲལ་ཕུད་ད་དུང་དཔྱ་ཁྲལ་གཞན་དག་གཏོགས་ཡོད་ལ། ལོ་ཐང་གི་རྩིས་ཐོའི་ཡིག་ཧྲུལ་ཁྲོད་དུ་ལི་ཡུལ་གྱི་བལ་དང་། སྐྲ། ཕྱིང་བ་སོགས་ཀྱི་སྐོར་འཁོད་ཡོད། ད་དུང་རྟ་ཁྲལ་དང་དུད་ཁྲལ་ཀྱང་བསྡུས་པའི་སྐོར། དེ་མིན་གསེར་གྱི་གཏེར་ཁུང་དང་ཟངས་ཀྱི་གཏེར་ཁུང་ནས་བསྡུས་པའི་ཁྲལ་དང་། མེན་དྲེ་དར་སྐུད་དང་། སྲིང་བལ། ཀོ་བ། ལུག་བལ་གྱི་སྐུད་པ་དང་གདན་སོགས་ཀྱི་ཁྲལ་ཡོད་པ་མ་ཟད། གཡུ་ཡི་བཟོ་སྣོན་གྱི་ཁྲལ་ལམ་ཚོང་ཟོག་དང་དངོས་པོ་སྐྱེལ་འདྲེན་གྱི་དབོར་ཁྲལ་ཞེས་པ་སོགས་ཀྱི་སྐོར་ཡང་འཁོད་ཡོད་(34)ཅེས་བསྟན་ཡོད་པ་ལས། བོད་བཙན་པོའི་དབང་བསྒྱུར་གྱི་ས་ཁོངས་ཇེ་ཆེར་སོང་བ་དང་བསྟུན་ཁུལ་དེའི་དབང་བསྒྱུར་དང་ཐོན་སྐྱེད་ཀྱི་དགོས་མཁོ་ལྟར་ཁྲལ་རིགས་སྣ་ཚོགས་བསྡུས་ཡོད་པ་ཤེས་རྟོགས་བྱ་ཐུབ།
མདོར་ན་བོད་བཙན་པོའི་དུས་སུ་བྱུང་བའི་ཁྲལ་རིགས་སྣ་ཚོགས་དེ་དག་ནི་བཙན་པོའི་སྲིད་དབང་གི་ནོར་སྲིད་ཀྱི་ཡོང་ཁུངས་གལ་ཆེན་ཞིག་ཡིན་ལ། དེས་བཙན་པོའི་སྲིད་དབང་དེ་བཞིན་ཕྱི་ཕྱོགས་ལ་རྒྱ་སྐྱེད་དང་ནང་ཁུལ་དུས་བདེ་ཞི་འཇགས་ཡོང་རྒྱུར་འགན་སྲུང་ཐུབ་ཡོད་པས། དེ་ལྟ་བུའི་ཅུང་འཐུས་སྒོ་ཚང་བའི་དཔྱ་ཁྲལ་ལམ་ལུགས་ནི་བོད་བཙན་པོའི་སྲིད་དབང་སྲ་བརྟན་ཡོང་བའི་རྨང་རྡོ་ལྟ་བུར་འགྱུར་ཡོད་དོ། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
① དཔའ་བོ་གཙུག་ལག་ཕྲེང་བ། 《མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོ། ཤོག་གྲངས་༡༦༥ན་གསལ།
②ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༨༩ལོ། ཤོག་གྲངས་༡༤༥ན་གསལ།
③(27)《ལྡེའུ་ཆོས་འབྱུང་རྒྱས་པ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོ། ཤོག་གྲངས་༢༥༤ ༢༦༤ན་གསལ།
④(5)(6)(7)(8)(13)(14)(15)(19)(21)(22)(26)(28)(29)(30)(32)(33)《王尧学文集•敦煌吐蕃历史文书•吐蕃制度文化研究》,中国藏学出版社,2012年,第 12、17、18、24-25、32、12、13、32、52、16、85、12、24-25、25、11、64页。
⑨(23)《新唐书》卷一百四一•吐蕃上。
⑩(25)《王尧藏学文集•吐蕃金石录•藏文碑刻考释》,中国藏学出版社,2012年,第101、第101、30页。
(11)(18)《བོད་གནའ་རབས་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་སྐོར་གླེང་བ་》ཞེས་པ་ནི་《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཅ་པའི་ནང་འཁོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་གྲངས་༩༡ན་གསལ།
(12)སྐལ་བཟང་ཚེ་རིང་།《བཙན་པོའི་རྒྱལ་རབས་དུས་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞིའི་སྐོར་གླེང་བ་》ཞེས་པ་ནི་《བོད་ལྗོངས་ཞིབ་འཇུག་》༢༠༡༤ལོའི་བོད་ཡིག་དུས་དེབ་གསུམ་པར་འཁོད།
(16)(20)《王尧藏学文集•吐蕃简犊综录•藏语文研究,中国藏学出版社,2012 年,第44页。
(17)(34)托马斯编著,刘忠、杨铭译注:《敦煌吐蕃古藏文社会历史文献》,民族出版社,第138,315页。(24)才让:《吐蕃史稿》,人民出版社,2010 年,第261页。
(31)次旦扎西、杨永红:《西藏古近代军事史研究》,西藏人民出版社,2012年,第120页。