སྟོན་འབྲས་ཁུར་དུ་དུད་པའི་དུས་ཚིགས་ཤིག་ལ་བདག་རྟའུ་ཞེས་པའི་ཡུལ་གྲུ་ཉམས་དགའ་བ། རྒྱ་ལྕང་གི་ལོ་མའི་བཀྲག་མདངས་ངོམ་ས། གྲོ་ནས་སྲན་གསུམ་གྱི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་མཛེས་པའི་ཞིང་ཚུགས་ཤིག་གི་བར་ནས་ལྷོ་ཕྱོགས་ཀྱི་ཡུལ་གྲུ་འདིར་འཕུར་བ་ཡིན།
ད་ལྟ་རྟའུ་ཞེས་པའི་བདག་གི་གནས་མལ་དེའི་མཁའ་དབུགས་དྲོ་གྲང་གི་རྒྱུ་བ་སྙོམ་ཞིང་། ལྗང་མྱུག་ཆུང་ཆུང་གིས་ས་གཤིན་རྟོལ་ཏེ་འབུས་བཞིན་ཡོད་ལ། ད་དུང་རྒྱ་ལྕང་གི་ཡལ་ག་དང་ལྕུག་ཕྲན་དག་ལ་གསོན་ཤུགས་རྒྱས་བཞིན་ཤེལ་ཆུའི་རྒྱུད་ཀྱི་ཡུལ་གྲུ་ཆུང་ཆུང་དེའི་ཕྱོགས་བཞི་མཚམས་བརྒྱད་ཀུན་སྣུམ་ཤིག་གེར་ཡོད་ངེས།
གོ་ཐོས་སུ་དགུན་གྱི་སྤོ་བོའི་གདུག་རྩུབ་ཀྱི་ལག་པས་ས་ཆེན་འཁྱག་པས་བསྡམས་པའི་དུས་ཤིག་ལ། འབྲི་ཆུའི་སྨད་རྒྱུད་ནས་མཆེད་པའི་ནད་ཡམས་ཤིག་གིས་བདག་གི་ཡུལ་མི་སྤུན་ཟླ་དག་ལ་ནད་དུག་གི་རྨ་ཁ་ཆེ་ཙམ་བཞག་སོང་སྐད།
དེ་ལྟར་བདག་གི་ལུས་འདི་ལྷོ་ཕྱོགས་ན་ཡོད་ཀྱང་རྣམ་ཤེས་ཕྲ་མོ་ནུབ་ཕྱོགས་ཀྱི་ཡུལ་གྲུ་དེར་དབང་མེད་དུ་ཤོར་སོང་། ད་ལྟ་བདག་གི་དྲན་འཛིན་གྱི་ཀློང་དུ་བསྟར་བ་ནི་གངས་དཀར་པོ་མི་ཉག་བཞག་བྲ་ལྷ་རྩེ། ཐང་ཡངས་པོ་ལུང་བསྟན་གེ་སར་རྩྭ་ཐང་། ད་དུང་རྫ་མཐོན་པོ།ཆུ་གཙང་བོ།སྤང་ཡངས་པོ་སོགས་རི་ཆུའི་མཛེས་སྡུག་གི་མངོན་པར་བརྒྱན་ཞིང་། མི་ཆོས་རིག་གནས་ཀྱི་སྙིང་སྟོབས་དགུང་དུ་འཕྱོ་བའི་རྟའུ་ནས་ཀྱི་བང་མཛོད་རེད།
ནམ་རྒྱུན་བདག་གི་གཤོག་འགྱུར་གྱི་འཕུར་རྩལ་ངོམ་ས་ནི་ནས་དེའུ་ཕྱུག་མོ་ནས་ཉི་མཚོ་དགོན་པའི་བར་གྱི་མཁའ་ལམ་ཕྲ་མོ་དེ་ཡིན་ལ། དེའི་གཡས་གཡོན་ཀུན་ཏུ་ལྷ་ཆེན་ཚངས་པའི་ཕོ་བྲང་གི་རྣམ་པ་མི་ཡུལ་དུ་འཕོས་འདྲའི་ཀ་བཞི་གདུང་བརྒྱད་ཀྱི་པང་ཁང་དག་བརྗིད་ཉམས་ཀྱི་དཔུང་དང་བཅས་ཏེ་བསྐྲུན་ཡོད། མི་རིགས་ཤིག་གི་བླ་སྲོག་ལ་འཐིམས་པའི་མཛེས་སྡུག་གི་བཟོ་བཀོད་དག་ལས་ཡབ་མེས་རྣམ་དཔྱོད་ཅན་གྱི་བློ་གྲོས་ལ་གས་ཆགས་ཤོར་མེད་ལ། མ་སྲུ་དལ་འཇམ་ཅན་གྱི་གཤིས་རྒྱུད་ལ་ལྷད་སྐྱོན་བྱུང་མེད་པར་སྔར་བཞིན་གནས་ཡོད། ད་ནི་བདག་གིས་རྣམ་ཤེས་ལ་བྱི་དོར་རྒྱག་སའི་རྟའུ་དྲན་གྱིན་འདུག་ལ། གཤོག་ཟུང་གི་འཕུར་རྩལ་ངོམ་རྟའུའི་བར་སྣང་ཡང་དྲན་གྱིན་འདུག དེའི་ཕྱིར། ང་རང་མྱུར་དུ་རྟའུ་ལ་ལོག་ན་འདོད། རྟའུའི་མཛེས་སྡུག་གི་རི་ལུང་ན་ངའི་འདས་མ་ད་གསུམ་ཡོད། རྟའུའི་བརྗིད་ཉམས་ཀྱི་པང་ཁང་ནང་ངའི་སྤུན་ཟླ་མིང་སྲིང་ཡོད། མ་གཞིར། ང་རང་བྱ་ཞིག་ཡིན་ཡང་སེམས་པ་མི་དང་འདྲིས་ཡོད། འཆམ་མཐུན་དང་འབག་བསླད་མེད་པའི་རྟའུ་ན་ངའི་ཕ་མེས་ཡང་མེས་ཀྱི་རྣམ་ཤེས་དྲོན་མོ་ཡོད་ལ། བུ་རབས་ཚ་རྒྱུད་ཀྱི་སྲོག་གི་སྐྱ་ཡ་ཡོད། དེའི་ཕྱིར་བདག་རྟའུ་ལ་དུངས་ཤིང་རྟའུ་ལ་དགའ། རྟའུ་ལ་གཞན་གྱི་ལྷད་མ་འདྲེས་པའི་ཡ་རབས་ཀྱི་གོམས་སྲོལ་ཞིག་ཡོད། རྟའུ་ལ་ཕ་ས་ཕ་ཡུལ་སྲུང་བའི་སྐད་ཆའི་བཙན་རྫོང་ཞིག་ཡོད། ད་དུང་རྟའུ་ན་བདག་དང་བདག་འདྲའི་རྣམ་ཤེས་ལ་སྐྱབས་བཅོལ་ཞུ་སའི་ཨ་མ་རྒན་མོ་འགའ་ཡོད།
རྟའུ་ལགས། ཉེ་ལམ་བདེ་བར་བཞུགས་དང་། ང་རང་ལྷོ་ནས་སླེབས་དུས་ནད་ཡམས་རྒྱང་ལ་དེངས་ངེས། སྐབས་དེར། ང་ལ་ཡང་བསྐྱར་ཀོས་ཀོས་རིས①ཞེས་འབོད་རོགས།
①མཆན། རྟའུ་སྐད་དེ་ཁུག་རྟ་ལ་གོ།