༄༅།། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོའི་སྤྲིན་གྱི་གདུང་རྟེན་ལས་འཕྲོས་ཏེ་ཁོང་གི་མཛད་རྣམ་རོབ་ཙམ་གླེང་བ།

པ་ཕན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-13



པ་ཕན།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་ཅོ་ནེ་དགེ་བཤེས་རིན་པོ་ཆེའི་གདུང་རྟེན་གྱི་བཞུགས་ཡུལ་ཕོ་བྲང་པོ་ཏ་ལའི་གྲྭ་ཤག་ཁང་སེར་གྱི་མཚན་གྱི་སྐོར་དང་། གདུང་རྟེན་དེ་ཉིད་དམ་པ་གང་དེའི་གདུང་རྟེན་འཁྲུལ་མེད་ཡིན་པའི་སྐོར་ལས་འཕྲོས་ཏེ། དམ་པ་གང་དེའི་མཛད་རྣམ་མདོར་བསྡུས་དང་། མཚན་གྱི་རྣམ་གྲངས་གླེང་ཞིང་། དེ་མིན་ལོ་ཚིགས་བཅས་ཀྱི་སྐོར་ལ་ཁུངས་ལྡན་ངག་སྒྲོས་དང་ལོ་རྒྱུས་ཀྱི་དཔྱད་ཡིག་གཞིར་བཟུང་ནས་དཔྱད་གླེང་རགས་ཙམ་བགྱིས་ཡོད། 
[བརྡ་ཆད་གཙོ་བོ།] ཅོ་ནེ་དགེ་བཤེས། གདུང་རྟེན། ལོ་ཚིགས། 
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   K81 [ཡིག་ཚང་མཚོན་བྱང་།]  A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-946X(2018)01 -100-09   
        དང་པོ། གདུང་རྟེན་བཞུགས་ཡུལ་དང་གདུང་རྟེན་དེ་ཉིད་ཀྱི་སྐོར།
  
        དེ་ཡང་ཕོ་བྲང་པོ་ཏ་ལར་བཞུགས་སུ་གསོལ་བའི་ཅོ་ནེ་དགེ་བཤེས་རིན་པོ་ཆེའི་གདུང་རྟེན་གྱི་བཞུགས་ཡུལ་གྲྭ་ཤག་ཁང་སེར་རམ་བྱམས་ཁང་གསར་པ་ཞུ་བ་དེ་ཉིད་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དགོངས་པ་ཞི་བར་གཤེགས་པའི་ཕྱི་ལོ་སྟེ། ཤིང་ཁྱི་སྤྱི་ལོ་༡༩༣༤ལོར། རྗེ་བཙུན་མི་ཕམ་མགོན་པོའི་སྐུའི་སྣང་བརྙན་ཏེ། གཙུག་གཏོར་དང་རིགས་ལྔས་བརྒྱན་ཅིང་། སྙན་རྒྱན་གཡས་གཡོན་གྱི་སྟེང་དུ་མེ་ཏོག་གི་ཟེའུ་འབྲུའི་བཀོད་པ། རིགས་ལྔའི་ཆིངས་བར་ལཉྫའི་ཡིག་རིས། ན་བཟའི་རྒྱན་རིས། ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་དྲ་བས་སྦྲེལ་བའི་ཕྱག་ཞབས་གཉིས་བྱ་ངང་པའི་རྐང་ལག་བཞིན་གཅིག་ནས་གཅིག་ཏུ་འབྲེལ་བ་སོགས་བཟོ་རྩལ་གྱི་ཁྱད་ཆོས་མངོན་པར་འཕགས་པའི་སྣང་བརྙན་དེ་ཉིད་ཀྱི་བཞུགས་ཡུལ་དུ་གསར་བཞེངས་གནང་བ་ཞིག་ཡིན། ལྷ་ཁང་དེའི་མཚན་བྱམས་ཁང་གསར་པ་ཞེས་པ་ནི། ཕོ་བྲང་དམར་པོའི་ནང་དུ་དེ་སྔོན་གཟིམ་ཆུང་དགའ་ལྡན་ཕུན་ཚོགས་འཁྱིལ་ཞེས་པ་ཞིག་ཡོད་པ་དེ་ཉིད་རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐུ་ཚེའི་སྨད་དུ་བྱམས་ཁང་དུ་བསྒྱུར་གནང་བ་དེར་བལྟོས་ནས་ཐོགས་པར་གྲགས་ཤིང་། གྲྭ་ཤག་ཁང་སེར་ཞེས་པའི་མཚན་གྱི་སྐོར་ལ་རྣམ་གྲྭ་དུས་འཁོར་དབུ་མཛད་བྱམས་པ་སྐལ་བཟང་མཆོག་ལ་བཅར་འདྲི་ཞུ་སྐབས་ཁོང་གིས། “དུས་ཕྱིས་སྲིད་སྐྱོང་སྟག་བྲག་སྐབས་ནས་ལྷ་ཁང་དེ་ཉིད་སྐུའི་གམ་བཅར་བ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དུས་འཁོར་བསྙེན་མཚམས་པའི་མཚམས་ཁང་དུ་གྱུར་བས། དེར་དཔལ་དུས་ཀྱི་འཁོར་ལོའི་སྐུ་མདོག་དང་འཚམ་པར་སེར་རྩི་གསོལ་བས་ཡོངས་གྲགས་སུ་གྲྭ་ཤག་ཁང་སེར་ཞེས་བརྗོད་ཀྱི་ཡོད། གུས་པ་ཡང་དེ་སྔོན་དེའི་ནང་མཚམས་ལ་ཕྱག་རོགས་གཉིས་དང་བཅས་ཟླ་བ་དྲུག་རིང་སྡོད་མྱོང་”①ཞེས་གསུངས། ཁང་སེར་དེའི་ནང་བྱང་ཆུབ་མཆོད་རྟེན་སྐུ་རྒྱུ་དངུལ་ལས་གྲུབ་པ་ཞིག་བཞུགས་སུ་གསོལ་ཡོད་པ་དེ་ཉིད་ཀྱི་མཐོ་ཚད་ལ་སྨི་གཅིག་དང་ཕྱེད་ཀ་ཞེང་ཚད་ལ་ལིའི་སྨི་བརྒྱད་ཅུ་གྱ་ལྔ་ཡོད་ལ། ཆོས་འཁོར་བཅུ་གསུམ་དང་། གདུགས། ཉི་ཟླ། ཏོག སྒོ་ཁྱིམ། བུམ་གདན། པད་མ། བང་རིམ་རྣམས་ཀྱི་མཐའ་བཅིངས་དང་། དེ་བཞིན་རྒྱན་སྤྲོས་རྣམས་གསེར་ཟངས་ལས་གྲུབ་ཅིང་སྒོ་ཁྱིམ་སོགས་བཟོ་ཁྱད་ལ་གཞིགས་པའི་ཕྲ་ཚོམ་གྱིས་བརྒྱན་པ། སྒོ་ཁྱིམ་ནང་དུ་བཟོ་སྤུས་ཤིན་ཏུ་དག་པའི་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྣང་བརྙན་མཐོ་གང་ཞིག་བཞུགས་པ། ཁྲི་འདེགས་སེང་གེའི་གཟུགས་བརྙན་དཀྲོལ་ཚགས་དང་བཅས་པ་དང་། དེ་མིན་མཆོད་རྟེན་སྤྱིའི་བཟོ་བཀོད་སོགས་ལ་ཞིབ་པར་བལྟས་ཚེ། སྤྱིའི་ཆ་ནས་དུས་རབས་བཅུ་དགུ་དང་ཉི་ཤུའི་སྐབས་ཀྱི་ཞོལ་འདོད་དཔལ་ལས་ཁུངས་ཀྱི་ལག་ཤེས་བཟོ་རྩལ་གྱི་ཁྱད་ཆོས་འབུར་དུ་མངོན་ཡོད། མཆོད་རྟེན་དེ་ཉིད་ཡང་སྙིང་སྐྱེས་བུ་དམ་པ་སུ་ཞིག་གི་གདུང་རྟེན་ཡིན་མིན་སྐོར་ད་ཕན་ལོ་རྒྱུས་དེབ་ཐེར་སོགས་ཀྱི་སྟེང་དུ་འཁོད་པ་ཞིག་ཁོ་མོས་མ་མཐོང་ཡང་། ཕོ་བྲང་པོ་ཏ་ལའི་ཞིབ་འཇུག་ཁང་གི་མཁས་དབང་དོམ་པོ་ཐུབ་བསྟན་རྒྱལ་མཚན་མཆོག་ནས། “དེ་སྔའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་བགྲེས་གྲས་ཁག་དང་ཕོ་བྲང་འདི་གའི་སྐུ་གཉེར་རྒྱུས་མངའ་ཅན་རྣམས་ཀྱིས་མ་གྲོས་གཅིག་མཐུན་གྱི་སྒོ་ནས་ཅོ་ནེ་དགེ་བཤེས་རིན་པོ་ཆེའི་གདུང་རྟེན་ཡིན་པར་བཞེད་”②ཅེས་གསུངས་ལ། ད་ལྟའི་རྣམ་གྲྭ་དུས་འཁོར་ལྷ་ཁང་གི་དབུ་མཛད་བྱམས་པ་སྐལ་བཟང་མཆོག་གིས། ཁོང་དེ་སྔ་རྩེ་ཕོ་བྲང་དུ་བཞུགས་སྐབས་“ཨ་མདོ་ཅོ་ནེའི་ཕྱོགས་ཀྱི་གནས་མཇལ་བ་མང་པོས། ང་ཚོའི་བླ་མ་ཅོ་ནེ་རིན་པོ་ཆེ་ཞུ་བ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནོར་གླིང་དུ་སྐུ་གཤེགས་ནས་དེའི་སྐུ་གདུང་ཕོ་བྲང་པོ་ཏ་ལར་བཞུགས་ཚུལ་ཕ་ཡུལ་ནས་གོ་བས། གདུང་མཇལ་དུ་གཏོང་རོགས་ཟེར་མཁན་ཐེངས་མང་སླེབས་བྱུང་”③ཞེས་གསུངས་ཤིང་། ཁྱད་པར་ཕ་བོང་ཁ་བདེ་ཆེན་སྙིང་པོའི་རྣམ་ཐར་ནང་དུ་ཡང་། “འདིའི་སྔོན་ལོ་ཞིག་ནས་ཅོ་ནེ་དགེ་བཤེས་རིན་པོ་ཆེར་རྗེ་འདི་པས་④བཀུར་བསྟི་བླ་ན་མེད་པ་མཛད་དེ་ཆུ་བཟང་དུ་བཞུགས་ཚུལ་གོང་ས་རིན་པོ་ཆེས་གསན་པས། སྐབས་ཤིག་གློ་བུར་དུ་ཅོ་ནེ་དགེ་བཤེས་བྱ་བ་ཆུ་བཟང་དུ་ཡོད་འདུག་པ་ཁྱེད་མཁས་པ་ཡིན་ན་ས་ཆ་ཁུག་ཀྱོག་ཏུ་བསྡད་པས་མི་འཐུས་པར་ནོར་གླིང་དུ་ཕྲལ་ཕེབས་ཀྱིས་བཀའ་འགྱུར་དཀར་ཆག་རྩོམ་པ་བྱ་དགོས་ཞེས་པའི་བཀའ་ཚ་བརྗིད་ཆེ་བ་ཕེབས་པའི་སྐབས།” “ཆུ་བཟང་དུ་ཡོད་པའི་དགེ་བཤེས་རིན་པོ་ཆེ་དེ་ཉིད་ཀྱིས་གཟིམ་ཤག་ཕྱི་ནང་སྣོད་བཅུད་ཕལ་ཆེར་ཅམ་འཇོག་མཛད་དེ་འཕྲལ་མར་ནོར་གླིང་དུ་བྱོན་ནས། གཏན་བཞུགས་མཛད་དགོས་པ་བྱུང་ཞིང་། དེར་གོང་གི་བཀའ་བཞིན་དཀར་ཆག་དབུ་ནས་བཟུང་། ཤོག་དྲིལ་ཆེ་བ་བཞི་ཙམ་གསུང་རྩོམ་གྲུབ་རིམ་གྱིས་གོང་དུ་ལྗགས་ཞུར་འབུལ་དགོས་ཚུལ་ཕེབས་པ་ལྟར་ཕུལ་བ་གོང་ནས་ཕྱིར་མ་བསྩལ་བར་ཡུན་རིང་ལུས་ཤིང་། གོང་ས་མཆོག་དང་དངོས་མཇལ་གྱི་དུས་འགར་ཡང་དགེ་བཤེས་རིན་པོ་ཆེ་རང་ཉིད་སྙན་དབང་ཆེར་མི་གསལ་བའི་སྟབས་གསུང་ལན་དྲི་རྨེད་སོགས་མཛད་དཀའ་ཡུལ་གཉན་སྐུ་ཚེགས་ཀྱི་རྣམ་པ་ཆེ་བར་གྱུར་ཏེ་ཐེངས་གཅིག་གི་དུས། ཁོང་རང་གིས་ཞུས་དག་ཀྱང་གནང་དགོས་ཀྱི་མ་རེད། ངས་རྩོམ་པ་ཡང་བྱ་དགོས་ཀྱི་མ་རེད་ཅེས་གསུང་དགོས་བྱུང་བར་གྲགས། དེ་ནས་རིང་མིན་ཅོ་ནེ་རིན་པོ་ཆེས་བསྙུན་ཚུལ་ཆེ་ཙམ་བཞེས་པར་རྗེ་ཉིད་⑤ནོར་གླིང་དུ་ཆེད་ཕེབས་ཀྱིས་བརྟན་བཞུགས་འབུལ་བཞེས་དང་། ཆུ་བཟང་དུའང་ཞབས་རིམ་རྒྱ་ཆེར་སྒྲུབ་པར་མཛད་ཀྱང་བསྙུན་གཞི་དྭངས་ཚུལ་བཞེས་པའི་སྒོ་མ་དོད་ཅིང་། དེ་ནས་དུས་རིང་མིན་ཞིག་ནས་ནོར་གླིང་དུ་ཞི་བར་གཤེགས་པའི་ཚུལ་བསྟན་”⑥ཞེས་གསལ་བས། དེ་ལས་གོང་ཞུས་ཨ་མདོ་ཅོ་ནེའི་ཕྱོགས་ཀྱི་གནས་མཇལ་བ་རྣམས་ཀྱི་ངག་སྒྲོས་དེར་གཞི་བཅོལ་སའི་རྒྱབ་རྟེན་གང་ལེགས་ཤིག་བྱུང་བ་མ་ཟད། ཅོ་ནེ་དགེ་བཤེས་རིན་པོ་ཆེས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་མཚན་ཞབས་དང་ཡོངས་འཛིན་གནང་བར གྲགས་པའི་བཤད་རྒྱུན་དེ་ཡང་རང་བཞིན་རྣལ་མའི་གཏམ་ཞིག་མ་ཡིན་པ་གསལ་པོར་རྟོགས་ཐུབ། ཅོ་ནེ་དགེ་བཤེས་རིན་པོ་ཆེ་ལ་མཚན་གྱི་རྣམ་གྲངས་མང་དུ་བྱུང་ཡོད་པ་ནི་གཤམ་གྱི་རེའུ་མིག་ལས་ཤེས་པར་བྱའོ།

        གཉིས་པ།  གང་དེའི་མཛད་རྣམ་མདོར་བསྡུས།  
        དམ་པ་གང་ཉིད་ནི་ཡུལ་མདོ་སྨད་ཀྱི་སའི་བྱེ་བྲག་ཅོ་ནེ་དཔལ་གྱི་ཡོངས་འདུ་ཆོས་དཔལ་ཞིང་ཞེས་པར་གོང་ཆོའི་དཔོན་རིགས་ཤིག་གི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་སྟེ། སྤྱི་ལོ་༡༨༧༠ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས་⑺ཤིང་། དགུང་ལོ་བརྒྱད་ཀྱི་སྐབས་ནས་ཞང་ལྷ་པ་ཆེན་པོ་རྗེ་ངག་དབང་མཚན་ཅན་གྱི་མདུན་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་བྱང་བར་མཛད་ཅིང་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས།⑧ དགུང་ལོ་བཅུ་གསུམ་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཆོས་གྲྭར་བཞུགས་⑨ཏེ་དགེ་བའི་བཤེས་གཉེན་ངག་གི་དབང་ཕྱུག་དང་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ངག་དབང་མཁས་གྲུབ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་སོགས་བསྟེན་ནས་མི་ལོ་བཅུ་ཕྲག་གསུམ་ཙམ་རིང་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིས་གཙོས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་པར་མཛད། དེར་བཞུགས་རིང་ཅོ་ནེའི་དབུ་བླ་མངའ་རིས་མཁན་སྤྲུལ་ནམ་མཁའ་རྒྱལ་མཚན་དང་ཐུའུ་བཀྭན་སྐལ་བཟང་དམ་ཆོས་ཉི་མ་སོགས་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྐོར་ཇི་སྙེད་ཅིག་གསན་པས་མཚོན།

དམ་པ་དུ་མའིལེགས་བཤད་ཀྱི་བདུད་རྩི་ངོམས་མེད་དུ་བཞེས་པས།  བློ་གྲོས་ཀྱི་ལུས་སྟོབས་ཡོངས་སུ་རྒྱས་པར་གྱུར། དཔལ་གྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭ་ཆེན་པོར་མདོ་སྔགས་གཞུང་ལུགས་ཀྱི་འཆད་ཉན་མང་དུ་བསྐྱངས་པ་ལ། དེར་འདུས་མཁས་དབང་རྣམས་གང་དེའི་རྨད་དུ་བྱུང་བའི་མཁྱེན་དཔྱོད་ལ་ངོ་མཚར་སྐྱེས་པས། ཅོ་ནེ་པཎྜི་ཏ་ཞེས་པའི་མཚན་གྱིས་མངོན་པར་བསྟོད་ཅིང་བཀུར། དེ་ལྟར་དམ་པའི་རང་བཞིན་ནི་འགོག་ཏུ་མེད་པས་ཁོང་ཉིད་ཀྱི་མཁས་གྲགས་གངས་ཅན་འཛིན་མའི་ཁྱོན་ཀུན་ཏུ་ཁྱབ་པས། ཀུན་གཟིགས་མི་ཡི་ཉི་མ་པཎ་ཆེན་སྐུ་ཕྲེང་དགུ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་པར་རྒྱལ་བ་ཡང་ཐུགས་ཡིད་རབ་ཏུ་འཕྲོག་སྟེ། གདན་འདྲེན་གྱི་ཕོ་ཉ་ཡང་ཡང་མངགས་ནས་གདན་ས་ཆེན་པོ་བཀྲས་ལྷུན་དགོན་གྱི་ཆོས་གྲྭ་ཆེན་པོར་སྐལ་ལྡན་གདུལ་བྱའི་ཞིང་སར་དམ་ཆོས་བདུད་རྩིའི་དགའ་སྟོན་དགྱེད་པར་ཅི་ནས་ཀྱང་ཕེབས་དགོས་པའི་སྙན་སྐུལ་མཛད། སྙན་སྐུལ་གྱི་ཡི་གེ་ལས། “བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྒྱ་མཚོར་ཕུལ་བའི་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་ལས། མདོ་སྔགས་རབ་འབྱམས་གཞུང་བརྒྱའི་གདྒའི་ཆབ། །ལྟོ་བར་འཁྱིལ་བའི་ཛ་ན་ཧུ་ཁྱོད་ཀྱིས། །འཆད་རྩོད་རྩོམ་པའི་ཡན་ལག་བརྒྱད་ལྡན་རྒྱུན།  །སྐལ་ལྡན་ཞིང་སའི་གསོས་སུ་སྐྱུགས་པར་སྨོན། །”⑩ཞེས་བྱུང་བ་ལྟར། དམ་པ་གང་ཉིད་ནས་ཀྱང་ཀུན་གཟིགས་མི་ཡི་ཉི་མ་ཆེན་པོའི་བཀའ་བསྩལ་བཟློག་མེད་དང་དབུས་གཙང་ཀདུལ་བྱའི་ཞིང་ས་ཆེན་པོར་སྨན་འགྱུར་གྱི་དགོངས་བཞེད་བླ་མེད་བཞེས་ཏེ་ཞུ་ལན་དུ། “ཡིག་ལན་མི་ཕྱེད་དད་པའི་ཟློས་གར་ལས། །ཐུགས་བཞེད་བཞིན་དུ་འཆད་ཉན་གནའ་བོའི་སྲོལ། །ཆད་འཐུད་དྲི་མེད་གསེར་དུ་འབར་བ་ལ། །དཀར་བའི་སེམས་ཀྱི་རྟ་ཕོ་དཀྱུས་བརྟས་བཞིན། །རྒྱུག་པའི་མེལ་ཚེ་མགོན་པོ་ཉིད་ཀྱིས་མཛོད། །”(11)ཅེས་བསྲིངས་ཏེ། དགུང་གྲངས་སོ་དགུར་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་སྟེ། སྤྱི་ལོ་༡༩༠༩ལོར་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་(12)པ་དང་། དེར་བཞུགས་རིང་འཆད་ཉན་རྒྱ་ཆེར་མཛད་དེ་སྔ་རྗེས་སུ་གཞུང་ལུགས་རབ་འབྱམས་སྨྲ་བའི་སློབ་དཔོན་དང་ཀུན་གཟིགས་མི་ཡི་ཉི་མ་མཆོག་གི་མཚན་ཞབས་སོགས་ཀྱི་འགན་བཞེས།   
        གཞན་ཡང་། 《པཎ་ཆེན་རིན་པོ་ཆེའི་རྣམ་ཐར་རིན་ཆེན་དབང་གི་རྒྱལ་པོའི་ཕྲེང་བ་》ཞེས་པ་ལས། ཆུ་ཕག་སྟེ་སྤྱི་ལོ་༡༩༢༤ལོར་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་སོག་གི་ཡུལ་གྲུར་གསང་བྲོས་སུ་ཕེབས་སྐབས། དམ་པ་དེ་ཉིད་མཚན་ཞབས་ཀྱི་འགན་བཞེས་མུར། གཞིས་རྫོང་མཁན་ཆུང་བསྟན་པ་སྐལ་བཟང་དང་། རིམ་བཞི་མུ་བྱ་བ་གཉིས་ནས་བཀྲས་ལྷུན་ཟུར་བཞི་རྣམས་བསྡུས་ནས་འདྲི་ཞིབ་བྱེད་སྐབས། “དགེ་བཤེས་ལགས། ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེ་ཕེབས་པ་ཤེས་བྱུང་ངམ་ཞེས་དྲིས་པས་ཤེས་བྱུང་། ག་དུས་ཤེས་བྱུང་ངམ་ཞེས་དྲིས་པར། མདང་ནུབ་ཤེས་བྱུང་། དེ་གོང་ཤེས་མ་བྱུང་ངམ་ཞེས་དྲིས་པར། དེ་གོང་ཤེས་ན་ང་ཡང་འགྲོ་ཡེ་རེད། འོ་ན་དེའི་གོང་ནས་ཤེས་མཁན་ཡོད་དམ་ཞེས་དྲིས་པར། ཡོད་པ་རེད། སུ་དང་སུ་རེད་ཅེས་དྲིས་པར། ཆིབས་ཞབས་པ་རྣམས་ཀྱིས་ཤེས་ཀྱི་རེད། ཤེས་མཁན་རྣམས་ཕྱིན་པ་རེད། མ་ཤེས་པ་རྣམས་ལུས་པ་རེད་ཅེས་གསུངས་པར་བརྟེན་ཁོ་ཚོ་གཉིས་ལ་ལན་རྒྱག་ཡས་བྱུང་མེད།”(13)ཅེས་པའི་སྐོར་ཞིག་ཀྱང་འཁོད་འདུག་ཅིང་། དེ་རྗེས་རྗེ་ཉིད་དགུང་གྲངས་ལྔ་བཅུ་ང་དྲུག་པ་མེ་སྟག་སྟེ། སྤྱི་ལོ་༡༩༢༦ལོར་དབུས་སུ་ཕེབས་པར་ཕ་བོང་ཁ་བྱམས་པ་བསྟན་འཛིན་མཆོག་ནས་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས་ཤིང་།(14) དེར་དཔལ་གསང་བ་འདུས་པའི་བསྐྱེད་རིམ་ཆེན་མོ་དངོས་གྲུབ་རྒྱ་མཚོ་དང་རྫོགས་རིམ་ཆེན་མོ་རིམ་ལྔ་གསལ་བའི་སྒྲོན་མེ་གཉིས་ཀྱི་བཤད་ཁྲིད་ཞིབ་རྒྱས་སུ་གནང་།(15) ཡང་ལོ་དེའི་ཟླ་བ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་གི་སྟེང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད། མ་ཏིའི་ལུགས་ཀྱི་འཇམ་དབྱངས་དཀར་པོ་དང་། རི་ཁྲོད་ལོ་མ་གྱོན་པ་ཉིད་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ལུང་ཁྲིད། དབྱངས་ཅན་མའི་སྒྲུབ་ཐབས་ཀྱི་ཟབ་ཁྲིད་བཅས་གནང(16)བ་དང་། དེ་རྗེས་ཟླ་བ་བཅུ་པའི་ཚེས་ཉེར་གཅིག་ནས་མདོ་སྡུད་པ་དང་མངོན་རྟོགས་རྒྱན་སྦྱར་བའི་བཤད་ལུང་། དབུ་མ་འཇུག་པའི་བཤད་ལུང་མཇུག་ཏུ་འཇམ་བཞད་གསུང་འཇུག་པའི་སྨོན་ལམ་ལུང་དང་བཅས་པ། དེ་བཞིན་མེ་ཡོས་ཏེ། སྤྱི་ལོ་༡༩༢༧ལོའི་ཟླ་བ་བཅུ་གཅིག་པའི་ཚེས་གཉིས་ནས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོའི་བཤད་ཁྲིད། སྤྱོད་འཇུག་ཆེན་མོའི་བཤད་ལུང་། གཞན་ཡང་རྗེའི་གསུང་རྟེན་འབྲེལ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་དང་། འཇམ་བཞད་གསུང་གྲུབ་མཐའ་རྩ་བ། བླ་མ་ལྔ་བཅུ་པ། སྔགས་ཀྱི་རྩ་ལྟུང་སྦོམ་པོ། སྡོམ་པ་ཉི་ཤུ་པ། ཐུན་དྲུག་བླ་མའི་རྣལ་འབྱོར་བཅས་ཀྱི་བཤད་ཁྲིད། བླ་མ་མཆོད་པ་ལ་བརྟེན་པའི་འོད་དཔག་མེད་ཀྱི་འཕོ་བ་ཞག་གཅིག་མའི་ཉམས་ཁྲིད། གཏོར་མ་བརྒྱ་རྩའི་ཕྱག་ཁྲིད་མན་ངག་དང་བཅས་པ། འཇམ་དབྱངས་བཞད་པའི་གསུང་ཀླུའི་གཏེར་བུམ་སྒྲུབ་ཚུལ་བཅས་ཀྱི་བཤད་ལུང་ཟབ་རྒྱས་དང་ཕྱག་ཁྲིད་གནད་དུ་སྨིན་པ་བསྩལ་(17)ཞིང་།  ས་འབྲུག་སྟེ་སྤྱི་ལོ་༡༩༢༨ལོར་སྐྱབས་རྗེ་ཕ་བོང་ཁས་ཐུགས་འཁུར་ཆེར་བཞེས་ཏེ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་བཞུགས་ཡུལ་ཁོ་ནར་དགོངས་ཏེ། ཆུ་བཟང་རི་ཁྲོད་ཀྱི་བླ་བྲང་གཟིམ་ཤག་ཤར་རྒྱུད་དུ་གཟིམ་ཁང་ཐོག་སོ་ཉིས་བརྩེགས་ཅན་ལ་གཟིམ་ཆུང་། གསོལ་དཔོན་ཁང་། གཉེར་ཚང་། གསོལ་ཐབ། བར་འཁྱམས། ཕྱི་རོལ་ཐོག་ཡངས་སུ་མེ་ཏོག་བུམ་པ་བསྒྲིག་ཡུལ་འགྲམ་སྐྱོར་སོགས་ལ་ཉ་རྒྱབ། པུ་ཤུ། ལྡེབས་ཞལ་སོགས་ཀྱིས་མཚོན། ཕྱི་ནང་ཀུན་ཏུ་བཀོད་ལེགས་སྲ་བརྟན། ཚོན་རྩི་སོགས་ཕུན་སུམ་ཚོགས་པ། འོག་ཤག་རྣམས་སུ་ཐུགས་མཁོའི་ཉེར་སྤྱད་ཅི་རིགས་འཇོག་ཡུལ་ཁང་མིག་འགའ་ཞིག་བཅས་དགོངས་བསྟུན་གྱི་སྒོ་ནས་ལེགས་བཞེངས་ཐོག་གཟིམ་ཆུང་དང་། རྟེན་གསུམ་བཞུགས་ཡུལ། མཆོད་ཆས། བཞུགས་སྒྲོམ། གསོལ་ལྕོག བཞུགས་འབོལ་སོགས་དང་། གསོལ་དཔོན་ཁང་དང་། གསོལ་ཐབ་སོགས་སུ་གསོལ་ལྡིར་ཞུགས་སླང་། ཐབ་ཆས། ཆུ་སྣོད་ཚུན་གྱི་ཡོ་བྱད་གང་ན་ཅི་དགོས་དངོས་དག་གསར་སྐྲུན་ཕུན་སུམ་ཚོགས་པ་གནང་།(18) ལོ་དེའི་ཟླ་བ་བཞི་པའི་ཚེས་བཅུ་གཉིས་ནས་ཅོ་ནེ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་ཆུ་བཟང་འདུ་ཁང་དུ་སྔགས་རིམ་ཆེན་མོ་དང་། ངན་སོང་སྦྱོང་རྒྱུད་མཆན་དང་བཅས་པ། ཀུན་རིག་རྒྱུད་དོན་གསལ་བ། བཤེས་པའི་སྤྲིངས་ཡིག་བཅས་ཀྱི་བཤད་ལུང་། བདེ་མཆོག་རྩ་རྒྱུད་དང་། རྒྱུད་འགྲེལ་སྦས་དོན་ཀུན་གསལ། དེའི་ས་བཅད་བསྡུས་དོན་གསུམ་སྦྲགས་ཀྱི་བཤད་ཁྲིད། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་གི་སྟེང་ནས་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ། ཅོ་ནེ་རིན་པོ་ཆེ་ཉིད་ཀྱི་གསུང་རྟེན་འབྲེལ་བསྟོད་པའི་སྤེལ་བསྟོད་བཅས་ཀྱི་བཤད་ལུང་། སྦས་དོན་ཀུན་གསལ་གྱི་རྒྱུད་འདེབས། ཞང་བསྟན་པ་རྒྱ་མཆོའི་ལྟ་མགུར་གྱི་ལུང་སོགས་རྒྱ་ཆེར་བསྩལ་(19)བ་དང་། ཆུ་བཟང་རི་ཁྲོད་དུ་བཞུགས་རིང་ཕ་བོང་ཁའི་གདན་ཞུས་ལྟར་བཀའ་གདམས་གོང་མ་རིམ་བྱོན་གྱི་གདན་ས་འཕན་ཡུལ་གྱི་རྟེན་གནས་ཁྱད་པར་ཅན་རྣམས་སུ་གནས་མཇལ་ཞབས་སྐོར་སོགས་ཆེད་གཉེར་ཐོག་གནས་རྟེན་སོ་སོར་གནས་གཟིགས་དང་། མཆོད་འབུལ། བཀའ་གདམས་གོང་མའི་སྒྲུབ་གནས་དང་། གདུང་རྟེན་ཁྱད་པར་ཅན་གང་ཡོད་ཀྱི་ས་ཕལ་མོ་ཆེ་རྣམས་ཞབས་ཀྱིས་བཅགས་ཏེ་སོ་སོར་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་དང་།  ཞབས་སྐོར་སོགས་གནད་སྨིན་བསྐྱངས་ཤིང་། རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པ་དང་། སྐྱེ་དགུའི་བསོད་ནམས་ཀྱི་ཞིང་མཆོག་དེ་དག་ཀྱང་རྒྱལ་བསྟན་ཇི་སྲིད་བར་གཞན་དུ་མི་གཡོ་བ་དང་། འགྲོ་རྣམས་བྱང་ཆུབ་སེམས་རྣམ་པ་གཉིས་ཀྱིས་སྨིན་ཅིང་གྲོལ་བའི་སྐལ་བ་ཅན་དུ་སྒྲུབ་པ་བཅས་ཀྱི་ཐུགས་སྨོན་བདེན་ཚིག་ཟབ་མོ་ཡུན་རིང་ལ་ཤུགས་དྲག་པ་ཡང་དང་ཡང་དུ་གནང་ཞིང་། ལྷག་དོན་ཕུ་ཆུང་བའི་སྒྲུབ་གནས་སོགས་སུ་ཕེབས་སྐབས་ད་དུང་“རྟེན་གནས་འདི་དག་བྱིན་རླབས་མ་ཉམས་པར་བཞུགས་འདུག་པ་ཤིན་ཏུ་ལེགས་པོ་བྱུང་” ཞེས་བསྔགས་བརྗོད་དང་དགྱེས་ཚོར་ཆེན་པོའི་གསུང་ཡང་ཡང་བྱོན།(20)གཞན་ཡང་སྔར་ཨ་མདོར་བཞུགས་སྐབས་སྐུ་འབུམ་བྱམས་པ་གླིང་དུ་མཇལ་སྐོར་ཐེངས་གསུམ་དང་། སོག་ཡུལ་གོ་དན་གྱི་གདན་སའི་ཕག་མོའི་གནས་ཁང་། རྒྱ་ནག་རི་བོ་རྩེ་ལྔ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་བྲག་རྒྱ་རྡོ་རྗེའི་ཕོ་བྲང་། གསང་བདག་སྡེ་ཁྲི་རིན་པོ་ཆེའི་སྒྲུབ་ཕུག དེ་བཞིན་དབུས་གཙང་དུ་བཞུགས་རིང་སེ་ར་ཆོས་སྡིངས་དང་། བྱང་གནམ་མཚོ། རྗེ་མི་ལའི་སྒྲུབ་གནས་སྟོད་ཀྱི་ལ་ཕྱི་གངས། ཞ་ལུ་རི་ཕུག འདར་གྲང་མོ་ཆེ།  དཔལ་ལྡན་ས་སྐྱ། བཞད་བཀྲ་ཤིས་དགེ་འཕེལ་སོགས་གནས་ངེས་མེད་རྣམས་སུ་ཞབས་ཀྱིས་བཅགས་ནས་གནས་འབྲེལ་དང་ཐུགས་དམ་ཉམས་བཞེས་བསྐྱངས་ཏེ་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས། གསུང་ལས་སྐྱེས་པའི་སློབ་བུའི་ཚོགས་ཀྱང་ཕ་བོང་ཁ་བདེ་ཆེན་སྙིང་པོ་དང་། སྡེ་ཁྲི་རིན་པོ་ཆེ་སྐལ་བཟང་མཁྱེན་རབ་དཔལ་བཟང་པོ། དངུལ་ཆུའི་ཡོངས་འཛིན་བློ་བཟང་ཆོས་འཕེལ་གསང་བདག་བསྟན་པའི་རྒྱལ་མཚན།  ཞབས་དྲུང་ངག་དབང་རྒྱ་མཚོ། མཁན་ཆེན་མཆོག་སྤྲུལ་སྐལ་བཟང་མཁས་གྲུབ་རྒྱ་མཚོ་སོགས་གྲགས་ཅན་གྱི་སློབ་མ་མང་དུ་བྱོན་པས་མདོ་དབུས་ཁམས་གསུམ་དུ་ཁྱབ་པར་གྱུར།
        དམ་པ་གང་དེའི་གསུང་རྩོམ་སྐོར་ལ་《གསུང་གི་དབང་ཕྱུག་མ་ལ་བསྟོད་ཅིང་འདོད་དོན་གསོལ་བ་》ཞེས་པ་དང་།《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བསྡུས་དོན་གཏེར་གྱི་ཁ་བྱང་》《ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་》《ཟབ་དོན་དབྱངས་སུ་གྱེར་བ་འཕྲོ་འདུའི་གླུ་དབྱངས་》  ལྷག་ལྷ་འགའི་བསྟོད་པ་དང་འཇམ་མགོན་དགྱེས་དགུར་རྩེན་པ་རང་ཉིད་དགེ་བར་བསྐུལ་བའི་གཏམ་ཚོགས་མགུར་མ་འགའ་ཞིག 《བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོར་ཕུལ་བ་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་》《ཆབ་ཤོག་སྙན་ངག་འགའ་ཞིག་ཕྱོགས་སུ་བཀོད་པ་དགའ་བའི་ཟློས་གར་》བཅས་བཞུགས་པའི་དཔེ་ཐུང་དཔར་མ་པོད་གཅིག་དང་བཅས་པ་དེ་དག་ད་ལྟ་ཕོ་བྲང་པོ་ཏ་ལའི་དཔེ་མཇོད་ཁང་དང་པེ་ཅིང་མི་རིགས་དཔེ་མཇོད་ཁང་བཅས་སུ་བཞུགས་ཡོད།   
        གསུམ་པ། ལོ་ཚིགས་འགར་དཔྱད་དེ་སྐབས་དོན་མཇུག་བསྡུ་བ།   
        དེ་ལྟར་སྒྲ་སྙན་སྡེབ་སྦྱོར་མངོན་བརྗོད་སོགས་ཐུན་མོང་བའི་རིག་གནས་སྤྱི་དང་། ཐུན་མོང་མ་ཡིན་པའི་ཟབ་རྒྱས་ཆོས་ཚུལ་མཐའ་ཡས་པ་དང་། ཁྱད་པར་མཉམ་མེད་རི་བོ་དགའ་ལྡན་པའི་མདོ་རྒྱུད་ཀྱི་ཆོས་བཀའ་རྒྱ་ཆེར་གསན་ནས་མདོ་སྔགས་ཀྱི་བསྟན་པའི་བདག་པོར་གྱུར་པའི་བདག་ཉིད་ཆེན་པོ་དེ་ཉིད་ནི། ཕ་བོང་ཁའི་རྣམ་ཐར་ལས། “མེ་སྟག་སྤྱི་ལོ་༡༩༢༦ལོར་སྟག་ཕུ་རྡོ་རྗེ་འཆང་ལ་ཕུལ་བའི་ཕྱག་བྲིས་སུ་ཨ་མདོ་ཅོ་ནེ་དགེ་བཤེས་རིན་པོ་ཆེ་ཞུ་བ་བཀྲ་ཤིས་འཁྱིལ་གྱི་སྡེ་ཁྲི་རིན་པོ་ཆེའི་ཡོངས་འཛིན་མཛད་པ་པཎ་ཆེན་ཐམས་ཅད་མཁྱེན་པས་གཙང་དུ་གདན་ཞུ་མཛད་ཅིང་། འདི་ལོར་དབུས་གྱུར་ཏུ་ཕེབས་ཏེ་འདི་ཕྱོགས་སུ་བཞུགས་མུས་ཀྱིས་མདོ་སྔགས་ཀྱི་ཆོས་རྒྱུན་གསན་རྒྱ་ཆེ་ཞིང་མཁས་བཙུན་བཟང་ལྡན་སྙིགས་དུས་ཀྱི་མ་ཧཱ་པཎྜི་ཏ་ལྟ་བུར་མ་ཟད། མཆོག་གི་གསང་ལུང་ཞིག་ཏུའང་བྱང་ཕྱོགས་ནས་ནུས་ལྡན་སྐྱེས་བུ་ཞིག་འབྱུང་བ་ལས་གདམས་ཟབ་ལེན་པ་དང་སྙན་བརྒྱུད་གདམས་པ་རྒྱ་མཚོའི་གཏེར་མཛོད་མཁས་གྲུབ་ཆེན་པོ་ཅོ་ནེ་མ་ཧཱ་པཎྜི་ཏ་བློ་བཟང་རྒྱ་མཆོའི་སྤྲིན་གཙུག་ལག་ཆོས་ཀྱི་འདོད་འཇོ་དཔལ་བཟང་པོ་” (21)ཞེས་སོགས་བསྔགས་བརྗོད་མཛད་པ་ལྟར་དང་། དེ་བཞིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་སྦིས་ཤེས་རབ་རྒྱ་མཚོ་མཆོག་ནས་ཀྱང་། “བློ་གཏེར་ལས་འོངས་གཉིས་སུ་མེད་བློ་དང་། །བཟང་པོའི་བརྟུལ་ཞུགས་སྡོམ་གསུམ་གྲོགས་བཟང་བས། །རྒྱ་ཆེའི་ས་ལམ་གཅོད་པའི་གོམ་རྒྱ་ཅན། །མཚོ་བྱུང་ངང་མོ་རོལ་བའི་འོ་མཚོ་དེར །” (22)ཞེས་གསུངས་པ་སོགས་ལྟར། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་ནི་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་ཞིག་ཡིན་པ་ནི་བསྙོན་དུ་མེད། འོན་ཀྱང་དམ་པ་གང་དེའི་མཛད་རྣམ་ཁྲོད་ཀྱི་ལོ་ཚིགས་འགའ་རེའི་ཐད་བཞེད་པ་མི་མཐུན་པ་མངོན་རྒྱུ་འདུག་པ་འདི་ལྟ་སྟེ། ཀུན་གཟིགས་མཆོག་དགུང་གྲངས་སོ་བརྒྱད་དུ་བཞེས་པ་ལྕགས་སྤྲེལ་ཏེ་སྤྱི་ལོ་༡༩༢༠ལོ་དེར་བཀྲས་ལྷུན་གདན་སར་སྔོན་མེད་གཞུང་ཆེན་པོད་ལྔའི་བཤད་གྲྭ་ཆ་ཚང་གསར་འཛུགས་བཀའ་དྲིན་སྐྱོང་སྐབས། “མདོ་སྨད་ཁུལ་ནས་དགེ་བའི་བཤེས་གཉེན་ཆེན་པོ་ཅོ་ནེ་བློ་བཟང་ལུང་རྟོགས་རྒྱ་མཚོ་དང་། བསམ་བློ་དགེ་བཤེས་བློ་བཟང་ཡོན་ཏན། མཚན་ཞབས་པ་(23)སོག་པོ་རྡོ་རྗེ་སོགས་གདན་དྲངས་ནས་དེ་དག་དགེ་རྒན་དུ་བསྐོ་བཞག་དང་འབྲེལ་” (24)ཞེས་《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》ཞེས་པའི་ནང་གསལ་ཡང་། ཅོ་ནེ་དགེ་བཤེས་རིན་པོ་ཆེ་བཀྲས་ལྷུན་དགོན་དུ་གདན་དྲངས་པའི་ལོ་དུས་ནི་མཆོག་ཉིད་དགུང་གྲངས་སོ་དགུར་ཕེབས་པ་བོད་རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ལོ་སྟེ། སྤྱི་ལོ་༡༩༠༩ལོར་ཡིན་པ་གོང་གསལ་རྣམ་ཐར་ནང་ཞིབ་གསལ་ཞུས་ཟིན་པ་མ་ཟད། དེ་ནི་ཡོངས་གྲགས་ཀྱི་བཞེད་ཚུལ་རྣལ་མ་ཞིག་ཡིན། ཡང་《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》ཞེས་པའི་ནང་། “གོང་ས་མཆོག་དགུང་གྲངས་༤༦ལ་ཕེབས་པ་ལྕགས་བྱ་ལོ་སྟེ་སྤྱི་ལོ་༡༩༢༡ལོར་རྒྱལ་བའི་བཀའ་འགྱུར་པར་བརྐོའི་ཞབས་སྐུལ་ཞུས་དོན་ལྟར་ལོ་འདིར་དོ་དམ་མི་སྣ་ཆེད་བསྐོས་ཀྱིས་ལས་གྲྭ་ཆེད་འཛུགས་བསྐྱངས་པ་དང་འབྲེལ་བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས་དང་། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོ། སྒོ་མང་ཀླུ་འབུམ་ལྷ་རམས་པ་ཤེས་རབ་རྒྱ་མཚོ། མཚན་ཞབས་སྟག་བྲག་ངག་དབང་གསུང་རབ། སེར་སྨད་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན། སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན། སེར་བྱེས་ལྷོ་པ་དགེ་སློང་ཐུབ་བསྟན་གསུང་རབ་སོགས་ཞུས་དག་བྱེད་པོར་བཀོད་མངགས་བསྐྱངས་” (25)ཞེས་འཁོད་འདུག་ཀྱང་། སྐབས་དེར་ཅོ་ནེ་དགེ་བཤེས་རིན་པོ་ཆེ་མཆོག་ནི་བཀྲས་ལྷུན་དགོན་དུ་འཆད་ཉན་གནང་མུས་ཐོག་སྤྱི་ལོ་༡༩༢༣ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་རྒྱ་སོག་ཡུལ་གྲུར་གསང་བྲོས་ཕེབས་མཚམས་སུ་མཚན་ཞབས་ཀྱི་ཐུགས་འགན་སྔར་རྒྱུན་བཞིན་བཞེས་མུར་བཀྲས་ལྷུན་དུ་བཞུགས་ཡོད་པ་གོང་གི་མཛད་རྣམ་ནང་ཞུས་ཟིན་པ་ལྟར་དང་། གཞན་ཡང་སྐབས་དེ་ཤེད་དུ་མཁས་དབང་རྡོ་སྦིས་ཤེས་རབ་རྒྱ་མཚོ་ནོར་གླིང་དུ་བུ་སྟོན་གསུང་འབུམ་ཞུས་དག་གནང་བཞིན་པའི་སྐབས་ཡིན་པ་དགེ་བཤེས་སྐལ་བཟང་རྒྱ་མཚོས་མཛད་པའི་དམ་པ་གང་དེའི་རྣམ་ཐར་གསལ་བསྡུས་ཀྱི་ལོ་ཚིགས་ནང་བསྟན་ཡོད་པས་ཀྱང་ར་སྤྲོད་གསལ་པོར་བྱ་ཐུབ།   
        ཅོ་ནེ་དགེ་བཤེས་རིན་པོ་ཆེ་མཆོག་ནོར་གླིང་དུ་ཇི་ལྟར་ངོ་ཕེབས་གནང་བའི་སྐོར་ལ། 《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》ཞེས་པ་ལས།“དེ་རྗེས་སླར་ཡང་ཞོལ་དཔར་ཁང་གསར་བཞེངས་དང་འབྲེལ་བཀའ་འགྱུར་རིན་པོ་ཆེ་དཔར་སྐྲུན་མཛད་དེ་ཞུས་དག་མཛད་པོར་དགེ་བཤེས་རིན་པོ་ཆེ་ཉིད་(26)དང་། ཕྱག་རོགས་མཛད་པོ་མཚན་ཞབས་ཡེར་པ། སྟག་བྲག་རྒྱལ་དབང་སོགས་དང་ལྷན་ཅིག་ཏུ་ཞུགས་དགོས་པའི་བཀའ་ཕབ་པ་ལྟར་ཞུས་དག་མང་ཆེ་བ་ལེགས་པར་གྲུབ་ཅིང་། མཇུག་སྐྱོང་གི་སྐབས་སུ་རྙིང་མ་རྒྱུད་འབུམ་དེ་བཀའ་འགྱུར་གྱི་གྲངས་སུ་འཇུག་དགོས་མེད་ཀྱི་བཀའ་མོལ་ཞིག་ཡོད་པའི་མཚམས་སུ་དགེ་བཤེས་རིན་པོ་ཆེ་ཉིད་ཀྱང་སྐབས་དེར་ཕོ་བའི་བསྙུན་གཞི་ཕོག་པ་དུས་མཚུངས། གློ་བུར་དུ་རྒྱལ་བ་རིན་པོ་ཆེས་ཤེས་རབ་རྒྱ་མཚོ་གནས་སྐབས་འབྲས་སྤུངས་སུ་ངལ་གསོར་བཞུགས་དགོས་པའི་བཀའ་ཕབ་ནས་ཞུས་དག་མཇུག་སྐྱོང་མཛད་པོར་བཀྲ་ཤིས་ལྷུན་པོ་ནས་ཅོ་ནེ་རིན་པོ་ཆེ་གདན་ཞུ་མཛད་” (27)ཅེས་དང་། ཕ་བོང་ཁའི་རྣམ་ཐར་ལས། “སྐུ་ཚེའི་མཐའ་མར་ཏཱ་ལའི་བླ་མ་བཅུ་གསུམ་པས་བཀའ་འགྱུར་ཞུས་དག་མཛད་པོར་ཡོང་དགོས་ཀྱི་བཀའ་ཕེབས་ལྟར་གཙང་ནས་དབུས་ལྷ་ལྡན་དུ་བྱོན། ཤེས་རབ་རྒྱ་མཚོ་རྐྱེན་དབང་གིས་མདོ་སྨད་དུ་ཕེབས་ནས་བཀའ་འགྱུར་ཞུས་དག་མཛད་འཕྲོར་ལུས་པ་དེའི་རྒྱུན་བསྐྱངས་” (28)ཞེས་དང་།  དེ་བཞིན་《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་》ཅེས་པ་ལས། “དགུང་ལོ་དྲུག་ཅུ་ཐམ་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ནོར་བུ་གླིང་ཁར་གདན་འདྲེན་ཞུས་ཏེ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་མཛད་པའི་ཐུགས་འགན་བཞེས་ནས་ལོ་གཉིས་ཀྱི་རིང་དུ་བཞུགས་ཤིང་དགོངས་པ་ཆོས་དབྱིངས་སུ་གཤེགས་” (29)ཞེས་པ་སོགས་ལྟར། ཅོ་ནེ་དགེ་བཤེས་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ཅུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟའི་ལོ་སྟེ། སྤྱི་ལོ་༡༩༣༠ལོར་གོང་ས་བཅུ་གསུམ་པ་ཆེན་པོས་ནོར་གླིང་དུ་འཕྲལ་ཕེབས་ཀྱིས་བཀའ་འགྱུར་དཀར་ཆག་རྩོམ་འབྲི་དགོས་པའི་བཀའ་བསྒྱུར་བ་བཞིན་ནོར་གླིང་དུ་འཕྲལ་ཕེབས་བསྐྱངས་ཏེ་དེ་གར་གཏན་བཞུགས་ཐོག དེ་སྔོན་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་རྐྱེན་དབང་ལས་བཀའ་འགྱུར་ཞུས་དག་མཛད་འཕྲོར་ལུས་པ་དེའི་རྒྱུན་བསྐྱངས་པ་དང་། བཀའ་འགྱུར་དཀར་ཆག་རྩོམ་འབྲི་མཛད་རྒྱུའི་ཐུགས་འགན་བཞེས་ནས་བགྲང་བྱ་གཉིས་ཙམ་སོང་བ་སྟེ། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྤྱི་ལོ་༡༩༣༢ལོར་བཀའ་འགྱུར་དཀར་ཆག་རྩོམ་འབྲིའི་མཛད་འཕྲིན་བསྐྱངས་མུས་ཐོག་ནོར་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཞིག་ཡིན་ནོ །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①③རྣམ་གྲྭ་དུས་འཁོར་དབུ་མཛད་བྱམས་པ་སྐལ་བཟང་མཆོག་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།
②དོམ་པོ་ཐུབ་བསྟན་རྒྱལ་མཚན་དང་དུས་འཁོར་དབུ་མཛད་བྱམས་པ་སྐལ་བཟང་། ཐུབ་བསྟན་བྱམས་པ། རིག་འཛིན་རྡོ་རྗེ། ངག་དབང་བཟོད་པ་བཅས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།
④རྗེ་འདི་པ་ཞེས་པ་ཕ་བོང་ཁ་ལ་གོ
⑤རྗེ་ཉིད་ཅེས་པ་ཕ་བོང་ཁ་ལ་གོ
⑥⒂⒃⒄⒅⒆⒇(21)(28)འདན་མ་བློ་ཆོས། 《རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ་དཔལ་ངུར་སྨྲིག་གར་རོལ་སྐྱབས་གཅིག་ཕ་བོང་ཁ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་རྣམ་པར་ཐར་པ་དོན་ལྡན་ཚངས་པའི་དབྱངས་སྙན་ཞེས་བྱ་བ་》 དཔར་མ་དཔེ་རིང་། ཤོག་གྲངས་༤༦༠ ༤༢༡ ༤༢༢ ༤༢༤ ༤༢༥ ༤༢༤སོགས་ན་གསལ།
⑦(12)《དུང་དཀར་ཚིག་མཛོད་ཆེན་མོ་》《གངས་ཅན་མཁན་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་》དེབ་དང་པོ། 《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་》བཅས་སུ་གསལ།
⑧(14)(29)གོ་ཤུལ་གྲགས་པ་འབྱུང་གནས་སོགས། 《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོ ཤོག་གྲངས་༤༩༤ ༤༩༥ན་གསལ།
⑨མི་ཉག་མགོན་པོ 《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་》དེབ་དང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༦ལོ ཤོག་གྲངས་༧༩༠ན་གསལ།
⑩《བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྒྱ་མཚོར་ཕུལ་བའི་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་》 དཔེ་ཐུང་དཔར་མ། ཤོག་གྲངས་༣ན་གསལ།
⑾《ཡིག་ལན་མི་ཕྱེད་དད་པའི་ཟློས་གར》 དཔེ་ཐུང་དཔར་མ། ཤོག་གྲངས་༦ན་གསལ།
⒀བཀྲས་ལྷུན་ལོ་རྒྱུས་རྩོམ་སྒྲིག་ཁང་། 《པཎ་ཆེན་རིན་པོ་ཆེའི་རྣམ་ཐར་རིན་ཆེན་དབང་གི་རྒྱལ་པོའི་ཕྲེང་བ་》འཕྲུལ་དཔར་སྣ་རིང་། ཤོག་གྲངས་༢༦༥ན་གསལ།
(22)《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༢༤༦ན་གསལ།
(23)མཚན་ཞབས་འདི་ནི་ཏཱ་ལའི་བླ་མའི་མཚན་ཞབས་ལ་གོ
(24)《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》 སྤྱིའི་འདོན་ཐེངས་༢༢པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོ། ཤོག་གྲངས་༡༦༠ན་གསལ།
(25)《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》 སྤྱིའི་འདོན་ཐེངས་༡༡པ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོ། ཤོག་གྲངས༢༦༣ན་གསལ།
(26)དགེ་བཤེས་རིན་པོ་ཆེ་ཉིད་ཅེས་པ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ལ་གོ
(27)《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ལོ། ཤོག་གྲངས་༣༤༧ན་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1