——འགན་འཁྲི་དགེ་རྒན་གྱིས་ཐེག་དགོས་མོད། བུ་ཕྲུག་གི་བདག་པོ་ཕ་མ་ཡིན་པ་ཤེས་པར་གྱིས།
མཚོ་ལྷོ། སྟག་རིག་འབྲུག་ཐར་གྱིས་བསྒྱུར།
ང་ཚོའི་འཚོ་བའི་ཁྲོད་དུ་སྣང་ཚུལ་འདི་འདྲ་རྒྱུན་དུ་མཐོང་འོངས་ཏེ། བུ་ཕྲུག་གིས་མ་རབས་པྲ་ཆལ་བྱེད་པ་དང་།ཡང་ན། སྒྱིད་ལུག་དང་ལེ་ལོའི་དབང་དུ་སོང་སྟེ།ཕ་མའི་ཁར་མི་ཉན་ཚེ།ཕ་མས་སློབ་གྲྭར་བསྐྱལ་ནས་དགེ་རྒན་ལ་བཅོལ་ཆོག་སྙམ་པའི་གཞན་བརྟེན་གྱི་བསམ་བློ་ཞིག་འཆང་བ་རེད། གལ་ཏེ་བུ་ཕྲུག་གི་སྦྱངས་འབྲས་ཞན་པ་དང་སློབ་སྦྱོང་གི་རྗེས་མ་ཆོད་ཚེ་སློབ་གྲྭའི་དགེ་རྒན་ལ་འགན་ཁག་དཀྲིས་ཏེ་དགེ་རྒན་གྱི་ཆུ་ཚད་ཞན་པའམ་ཡང་ན་དགེ་རྒན་བརྗེ་སྤོར་བྱེད་དགོས་པར་རེ་བ་འདོན་པ་རེད། མཐར་གཏུགས་ན། ཁྱིམ་བདག་མང་ཆེ་བའི་བློ་ངོར་བུ་ཕྲུག་སློབ་གྲྭར་བསྐྱལ་རྗེས་བུ་ཕྲུག་གི་ཡོད་ཚད་དགེ་རྒན་གྱི་འགན་འཁྲི་ཡིན་པའི་ངེས་ཤེས་ཤིག་སྐྱེ་བཞིན་འདུག ཁྱིམ་བདག་ཕལ་ཆེ་བའི་ཁ་གཡོར་ས་ནི། རིག་གནས་ཀྱི་ཆུ་ཚད་ཞན་པས་བུ་ཕྲུག་ལ་སློབ་གསོ་གཏོང་མི་ཤེས་པ་དང་། ཉིན་གང་པོར་བྱ་བའི་བྲེལ་ཟིང་གི་བར་ནས་བྱིས་པར་བདག་སྐྱོང་ལེགས་པོ་བྱེད་མི་ཐུབ་པ། བུ་ཕྲུག་ཚོ་སློབ་གྲྭར་མིང་ཐོ་བཀོད་རྗེས་སློབ་སྦྱོང་གི་བྱ་བ་མཐའ་དག་སློབ་གྲྭ་ཁོ་ནའི་འགན་ཁུར་ཞིག་ཏུ་བསམ་པ་བཅས་སོ། །འོན་ཀྱང་། ང་ཚོས་ཤེས་དགོས་པ་ཞིག་ལ། དགེ་རྒན་གྱིས་སློབ་མར་འགན་འཁུར་དགོས་ནའང་། བུ་ཕྲུག་གི་ཁྱིམ་བདག་ནི་ཕ་མ་ཁྱེད་ཚོ་ཡིན་པ་མ་བརྗེད་ཅིག
གཅིག དཔེ་ཁྲིད་ཀྱི་འགན་ཁུར་དགེ་རྒན་ལ་ཡོད་ཀྱང་། བུ་ཕྲུག་སྐྱོང་མཁན་ནི་ཕ་མའོ། །
ཞེན་ཏུང་ཧྥུང་གི་གསར་འབྱེད་པ་ཡུའུ་མའེ་ཧོང་གིས“ཁོས་རང་གི་ཡབ་ཆེན་གྱི་དྲུང་ནས་ཁོག་རྒྱ་བསྐྱེད་ཚུལ་བསླབས་ཤིང་། ཡུམ་ཆེན་དང་འགྲོགས་ནས་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་བསླབས་པས་ཕ་མ་གཉི་གས་ང་རང་ལེགས་ལམ་དུ་ཁྲིད་པ་ཡིན”ཞེས་གསུངས་མྱོང་། དེ་བས་ཕ་མའི་སྤྱོད་བཟང་གིས་བུ་ཕྲུག་གི་ཚེ་གང་པོའི་སྤྱོད་ལམ་གསལ་རྗེན་དུ་མངོན་པ་རེད། དགེ་རྒན་ནི་འཇོན་ནུས་སྣ་མང་འཛོམས་པའི་ཁར་འཕགས་ཅན་གྱི་མི་ཞིག་མིན་པས། བུ་ཕྲུག་ལ་སློབ་གསོ་གཏོང་བའི་བྱ་བ་འདི་དགེ་རྒན་གཅིག་པུའི་ཕྲག་ལ་འགེལ་མི་རུང་བར། དགེ་རྒན་གྱིས་བསླབ་དེབ་སྟེང་གི་ཤེས་བྱ་ཁྲིད་རྒྱུ་ལས་བསླབ་དེབ་དང་འབྲེལ་བ་མེད་པའི་དོན་ཙག་ཙིག་ནི་ཁྱིམ་བདག་གི་སྙོར་སྐྱོང་ལ་རག་ལས་སོ། །
གཉིས། དགེ་རྒན་གྱིས་ཁྲིད་སྟོན་བྱེད་དཀའ་བའི་ཆ་ནི་ཁྱིམ་བདག་གི་འགན་འཁྲི་ཡིན།
ཁྱེད་ཀྱི་བུ་ཕྲུག་ནི་དགེ་རྒན་གྱིས་སྐྱོང་བྱའི་སློབ་མ་མང་པོའི་ཁྲོད་ཀྱི་གཅིག་ཡིན་མོད། འོན་ཏེ་ཕ་མའི་སེམས་ཁོང་དུ་བུ་ཕྲུག་ནི་འཇིག་རྟེན་གྱི་ཡོད་ཚད་ཡིན། བུ་ཕྲུག་ནར་སོན་པའི་གོ་རིམ་ལ་རྐྱེན་སྣ་ཚོགས་ཤིག་བརྒྱུད་དགོས་ཏེ། བུ་ཕྲུག་ཅིག་ལ་སློབ་གསོ་ཡག་པོ་ཞིག་ཐོབ་རྒྱུ་ནི་དགེ་རྒན་དང་ཁྱིམ་བདག་གི་ཐུན་མོང་གི་འབད་བརྩོན་ལ་རག་ལས་མོད། ཡིན་ནའང་། ཁྱིམ་བདག་གིས་སློབ་སྦྱོང་གི་བྱ་བ་ཡོད་ཚད་དགེ་རྒན་གཅིག་པུར་སྤྲད་ན་ཆེས་མཇུག་མཐར་འཐུས་མི་ཚང་བ་ནི་ཁྱེད་ཀྱི་བྱིས་པ་ལས་མ་འདས་སོ། །
གསུམ། བུ་ཕྲུག་ལ་ཨང་རིམ་རྩོད་པའི་འདུ་ཤེས་མ་སློང་།
ཨང་རིམ་དང་པོ་ལ་གཅིག་མ་གཏོགས་མེད་མོད། བུ་ཕྲུག་གི་ཚེ་གཅིག་གི་མདུན་ལམ་ལ་ཐབས་ལམ་སྣ་ཚོགས་ཡོད་པས་སོ། །ཐིག་ཤར་སུམ་བརྒྱ་དྲུག་ཅུའི་ཤར་རེ་རེར་ཕུལ་བྱུང་གི་གྲུབ་འབྲས་འབྱུང་ངེས་ཤིང་། དྲ་རྒྱའི་དུས་རབས་སུ་ཉིན་རེའི་དྲ་ངོས་སུ་ཁྱད་མཚར་བའི་དོན་དག་ཇི་སྙེད་ཅིག་འབྱུང་ངེས་ཞེས་པ་ལྟར། ཨང་རིམ་གྱིས་ནམ་ཡིན་ཡང་བུ་ཕྲུག་གི་མ་འོངས་མདུན་ལམ་ཐག་གཅོད་དཀའ་བར་མ་ཟད། ལྷན་སྐྱེས་ཀྱི་ཤེས་རབ་ལའང་བརྡབ་གསིག་གཏོང་ངེས། ཕ་མས་རྒྱུན་པར་རང་གི་བུ་ཕྲུག་ལ་ཨང་དང་པོ་ལེན་དགོས་པའི་བཀའ་རྒྱའི་མངགས་ཆ་གནང་སྐབས། ཕ་མ་གཉི་གས་ཀྱང་སོ་སོའི་ལས་ཁུངས་སུ་འབུར་དུ་ཐོན་པའི་གྲུབ་འབྲས་ཡན་གར་བ་ཞིག་བླངས་ཡོད་དམ། བཤད་ཁག་སྟེ། མཛུ་གུ་ལྔ་བོར་རིང་ཐུང་ཡོད་པ་ཇི་བཞིན་འཇིག་རྟེན་མི་ཆོས་ཀྱི་བྱ་བ་ལའང་རིགས་ཐ་དད་པ་ཡོད་པས་སོ། །དེར་བརྟེན། འདོད་ཆུང་ཆོག་ཤེས་ཡོད་པའི་སྒོ་ནས་བརྩོན་པ་རྒྱུན་འཁྱོངས་སྒོས་ཉིན་རེར་ཡར་ཐོན་ཅུང་ཙམ་བྱུང་ཚེ་མཐའ་མའི་གཡུར་ཟའི་འབྲས་བུ་ཁྱེད་ལ་མི་དབང་སུ་ལ་དབང་།
བཞི། ཁྱིམ་བདག་དང་དགེ་རྒན་གཉི་གས་དཔུང་རྡང་སྦྲེལ་ཚེ་ད་གཟོད་འབུར་ཐོན་གྱི་སྦྱངས་འབྲས་ཐོབ་ངེས།
ཁྱིམ་བདག་ཚོས་འཛིན་བདག་ལ་སྒེར་འབྲེལ་སྒོས་སློབ་ཁང་གི་འདུག་གནས་བརྗེ་སྤོར་ལ་གྲིམ་ཤ་དོད་པ་སྟེ། ཁ་སང་ཁ་པར་གྱི་ལམ་ནས་བུ་བཀྲ་ཤིས་ཀྱི་རྒྱུགས་འབྲས་ཇེ་ཞན་དུ་འགྲོ་བཞིན་པས་གྲལ་ཤར་དང་པོ་རུ་སྡོད་དུ་འཇུག་རོགས་ཞེས་འཛིན་བདག་ལ་སྒེར་འབྲེལ་བྱེད་པ་དང་། དེ་རིང་ཡང་སྐད་འཕྲིན་སྒེར་ལམ་དུ་ཚེ་རིང་དང་དོན་གྲུབ་གཉིས་འཁོན་འཛིང་བྱུང་བས་འདུག་གནས་བརྗེ་རོགས་ཞེས་སྒེར་བརྡ་འབྱོར་འདུག འདི་ལྟར་ཁྱིམ་བདག་རེ་རེའི་རེ་འདོད་ཐ་དད་ལ་ཉམ་ཆུང་དགེ་རྒན་རྣམ་པས་གདོང་གཏོད་དུས་བྱ་ཐབས་ཅི་ཞིག་བཀོལ་ན་འོས་སམ། དགེ་རྒན་ཚོས་ཀྱང་འདུག་སྟེགས་བརྗེ་སྤོར་ཐད་དུ་རྒྱུ་མཚན་དུ་མ་འདུས་ཏེ། སློབ་སྦྱོང་གི་སྦྱངས་འབྲས་དང་མིག་ཤུགས་ཀྱི་བཟང་ངན། གཤིས་ཀའི་མཐུན་འབྱོར། སློབ་གྲོགས་བར་གྱི་འབྲེལ་འདྲིས་སོགས་དང་བསྟུན་ནས་ཟླ་ཕྱེད་རེ་ལ་འདུག་གནས་བརྗེ་སྤོར་བྱེད་ཀྱིན་ཡོད་པ་རེད། དེ་བས་ཐུན་མོང་གི་འདུ་ར་ནི་མི་མང་པོའི་ཤེས་རབ་བསྡུ་གསོག་བྱ་སའི་སྟེགས་བུ་ཡིན་ལ། ཁོར་ཡུག་མི་འདྲ་བའི་འོག་ཏུ་མཛའ་མཐུན་མཉམ་གནས་སུ་འཚོ་རྒྱུ་ནི་བུ་ཕྲུག་ནར་སོན་ཚེ་སྤྱི་ཚོགས་ལ་གདོང་གཏོད་པའི་ཆེས་ཐོག་མར་རྟོགས་དགོས་པའི་ཉམས་མྱོང་ངོ་། །
ལྔ། བྱ་ལས་གང་ལའང་གཤིབ་བསྡུར་མི་བྱེད་པ་ནི་བུ་ཕྲུག་ལ་ཕུལ་བའི་ཆེས་ལེགས་པའི་བདེ་འཇགས་ཡིན།
ལོ་ཏོག་གཞན་གྱི་ལོ་ཏོག་ཡག བུ་ཕྲུག་རང་གི་བུ་ཕྲུག་ཡག་ཅེས་པ་ལྟར། ཕ་གིའི་ཁྱིམ་ཚང་གི་བུ་ཕྲུག་ཅི་འདྲ་བཟང་ཡང་དེ་ནི་གཞན་ཚང་གི་ཡིན་ལ། རང་གི་བུ་ཕྲུག་ཅི་འདྲ་ཐ་ཤལ་ཡིན་ཡང་དེ་ནི་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཡིན་པ་ཤེས་དགོས། ཕ་གིའི་ཁྱིམ་ཚང་གི་ཕུལ་བྱུང་སློབ་བུའི་སྦྱངས་འབྲས་ལ་གོ་བསྡུར་བ་ལས་སེམས་ཤུགས་ཆེན་པོ་རང་གི་བུ་ཕྲུག་ལ་བཏོན་ཏེ་འཕེལ་རྒྱས་ཀྱི་ཕྱོགས་སུ་བརྩོན་ན་དགའ་འོ། །ཁྱོད་ཀྱིས་སེམས་ཤུགས་ཡོད་ཚད་ཕུད་དེ་བུ་ཕྲུག་གསོ་སྐྱོང་ལ་མ་རེམ་ཚེ། དེ་ནི་གཡང་ཏྲི་རྡོ་རུ་འགྱུར་བའི་དཔེ་ལས་མ་འདས། གུས་བརྩི་ཆེ་ཞིང་བརྩོན་པ་ལ་དགའ་བའི་བུ་ཕྲུག་ཅིག་གི་རྒྱབ་ལྗོངས་ན་ཤེས་ཡོན་སྔོན་ཐོན་ཅན་ཞིག་གི་ཕ་མ་ཡོད་ལ། དཔེ་ཀློག་ལ་དགའ་བའི་བུ་ཕྲུག་ཅིག་གི་ཤུགས་རྐྱེན་ལ་བརྩོན་འགྲུས་རྒྱུན་འཁྱོངས་བྱེད་པའི་ཕ་མ་བཟང་པོ་ཞིག་ཀ་བ་བཞིན་དུ་བརྟན་པོར་འགྲེང་ཡོད་ངེས། དེའི་རྒྱུ་མཚན་གྱིས་ཕ་མ་ཞིག་ལ་མཚོན་ན། རང་ཉིད་ཀྱིས་རང་ཉིད་ལ་རེ་བ་ཆེན་པོ་བཅངས་ན་བུ་ཕྲུག་གི་མིག་དཔེ་རུ་འགྱུར་བ་ཆོས་ཉིད་ཡིན་ཞིང་། ཀུན་སྤྱོད་ཡག་པོ་ཞིག་བསྐྱེད་ཅིང་སྲིང་བ་དང་། མ་འོངས་འབྱུང་འགྱུར་ལའང་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ་པ་གོར་མ་ཆག
དྲུག དགེ་རྒན་གྱི་ཁེ་དབང་ལ་བརྩི་འཇོག་བྱེད་པ་ནི་བུ་ཕྲུག་གི་མ་འོངས་པར་བརྩི་བཀུར་བྱེད་པ་དང་འདྲ།
ཉི་ཧོང་གི་སློབ་གསོ་པ་ཏོ་ཧོ་ཧོས་གཏམ་རྒྱུད་འདི་འདྲ་ཞིག་གསུངས་ཡོད་དེ། སྐྱེ་དངོས་ཆེད་མཁས་པ་ཞིག་གི་བུ་ཆུང་གིས་ངོས་མི་ཟིན་པའི་རྩི་ཤིང་གཅིག་བཟུང་སྟེ་སློབ་གྲྭ་ནས་རང་གི་དགེ་རྒན་ལ་བཀའ་འདྲི་ཞུས་པར་དགེ་རྒན་གྱིས་ངོས་འཛིན་བྱེད་དཀའ་བར་གྱུར། དགེ་རྒན་གྱིས་ཕྱིར་བུ་ཆུང་ལ་ཁྱོད་ཀྱི་ཕ་རྒན་སྐྱེ་དངོས་ཆེད་མཁས་པ་ཞིག་ཡིན་པས་ཁྱོད་ཀྱིས་ཁོ་ལ་དྲིས་དང་། ང་ཚོས་ཀྱང་རྩི་ཤིང་དེའི་གསང་བ་རྟོགས་པར་འདོད་ཅེས་བརྗོད་བྱུང་། ཕྱི་ཉིན། བུ་ཆུང་ཡང་དགེ་རྒན་གྱི་གམ་དུ་ཡོང་སྟེ་ངའི་ཨ་ཕས་ཀྱང་རྩི་ཤིང་དེའི་མིང་མི་ཤེས་པར་འདུག ཁྱོད་ཚོའི་དགེ་རྒན་གྱིས་ཤེས་བྱ་དེ་བརྗེད་སོང་བ་མ་གཏོགས་ཅིས་ཀྱང་རྟོགས་ངེས་ཞེས་བཤད་པ་དང་མཉམ་དུ། ཕ་རྒན་གྱིས་བྲིས་པའི་འཕྲིན་ཡིག་དེ་དགེ་རྒན་གྱི་ཕྱག་ཏུ་སྤྲད། དགེ་རྒན་གྱིས་འཕྲིན་པའི་ཁ་ཕྱེས་མ་ཐག་འཕྲིན་ཡིག་གི་ནང་དོན་ལ་རྩི་ཤིང་དེའི་མིང་དང་ཁྱད་ཆོས། ནུས་པ་སོགས་ཞིབ་ཕྲ་སྒོས་བྲིས་ཡོད་པར་མ་ཟད་མཇུག་མཐར་གསལ་བཤད་ཀྱི་ཚུལ་དུ་རེ་བ་ཡིན་ན་དྲི་བ་འདིར་དགེ་རྒན་གྱིས་ལན་བཏབ་ན་འགྲིག་ཅེས་འཁོད་འདུག བུ་ཆུང་གི་ཕ་རྒན་འདིས་སྐྱེ་དངོས་ཆེད་མཁས་པའི་ངོས་ཐད་ནས་རང་ཆེ་རང་མཐོའི་སྒམ་ཚུགས་མ་བཏོད་ཅིང་ཆེད་ལས་ཤེས་བྱའི་ངོས་ཐད་ནས་དགེ་རྒན་ལ་དམའ་ཕབ་པའི་ཉམས་སྣང་ཏིལ་ཙམ་ཡང་མ་བསྟན་པར།ད་དུང་རང་ཉིད་ཉམ་ཆུང་བའི་ཚུལ་གྱིས་དགེ་རྒན་གྱི་བྱ་བར་བརྩི་འཇོག་དང་རྒྱབ་སྐྱོར་སྒོས་བུ་ཆུང་གི་མིག་ལམ་དུ་དགེ་རྒན་གྱི་ཁེ་དབང་ལ་བརྩི་བཀུར་བྱེད་དགོས་པ་བཞེངས་སྐྲུན་བྱས་འདུག་པས། མཐར་གཏུགས་ན་རང་གི་བུ་ཆུང་གི་སྤྱོད་ལམ་བཟང་ཕྱོགས་ལ་དཀྲི་བའི་ཐབས་ཤིག་ཏུ་མཐོང་ངོ་། །
བདུན། གཅིག་སེམས་གཅིག་ལ་མཐུན་ཏེ་ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་བྱས་ན་སློབ་གསོའི་བྱ་བར་ཡར་རྒྱས་འབྱུང་ངེས།
ཕ་མ་ནི་བུ་ཕྲུག་གི་ཆེས་ཐོག་མའི་དགེ་རྒན་དང་ཡང་ན་མི་ཚེའི་བློ་སྒོ་འབྱེད་པའི་ལྡེ་མིག་ཡིན། དགེ་རྒན་ནི་བུ་ཕྲུག་གི་སློབ་སྦྱོང་འཚོ་བའི་ཕྱོགས་སྟོན་པ་ཡིན་ལ། ཤེས་བྱ་བརྒྱུད་སྤྲོད་ཁྲོད་ཀྱི་དོགས་སེལ་པའང་ཡིན། དགེ་རྒན་ཡིན་ནའང་འདྲ། ཁྱིམ་བདག་ཡིན་ནའང་འདྲ། སློབ་གྲྭ་དང་ཁྱིམ་ཚང་གཉི་གའི་སློབ་གསོ་གཏོང་སྟངས་ཀྱི་ཟུར་ཅུང་ཙམ་མི་འདྲ་བ་མ་གཏོགས་དམིགས་ཡུལ་གཅིག་ཡིན་ཏེ་ཡོད་ཚད་བུ་ཕྲུག་གི་ཆེད་དུའོ། །དེར་བརྟེན། ཁྱིམ་བདག་དང་དགེ་རྒན་ཕན་ཚུན་བར་འབྲེལ་བ་དམ་པོར་བཟུང་སྟེ་སྟོབས་ཤུགས་གཅིག་སྒྲིལ་བྱས་ན་ད་གཟོད་སློབ་གསོའི་བྱ་བར་ཕན་འབྲས་ཆེན་པོ་འབྱུང་ངེས་པ་གདོན་མི་ཟའོ། །