དབྱིན་ཇིའི་ལོན་ཏོན་གྱི་ཕྲུ་གུ་ཞིག་སྐྱེས་ནས་སྐར་མ་ཁ་ཤས་སོང་རྗེས་ཏོག་གསར་ནད་དུག་འགོས་ཡོད་པ་གཏན་འཁེལ་བྱས་ཡོད་པས། འཛམ་གླིང་ཡོངས་ཀྱི་ནད་པ་ཆུང་ཤོས་སུ་གྱུར་ཡོད།
དབྱིན་ཇིའི《ཉི་མའི་ཚགས་པར》ཐོག་ཚེས་13ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། དབྱིན་ཇིའི་ཨ་མ་ཞིག་ལ་ཏོག་གསར་གློ་ཚད་ཕོག་པའི་དོགས་པ་ཡོད་པའི་རྐྱེན་གྱིས་ལོན་ཏོན་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ནས་བརྟག་དཔྱད་བྱས་ཡོད་པ་དང་། ཁོང་མོར་ཉིན་འགའི་སྔོན་ཕྲུ་གུ་ཞིག་བཙས་པ་དེར་སྐྱེས་ནས་སྐར་མ་ཁ་ཤས་རྗེས་སུ་ཏོག་གསར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པར་ནད་དུག་འགོས་ཡོད་པའི་འབྲས་བུ་ཐོན་ཡོད།
མིག་སྔར། སྨན་དོན་མི་སྣས་ཕྲུ་གུ་དེ་སྐྱེས་རྗེས་ཏོག་གསར་ནད་དུག་འགོས་པ་ཡིན་ནམ་ཡང་ན་བུ་སྣོད་ནང་ནས་འགོས་ཟིན་པ་བརྟག་བཤེར་བྱེད་བཞིན་ཡོད་ཅིང་། ཕྲུ་གུ་དམར་འབྱར་དེར་སྐྱེ་སའི་སྨན་ཁང་གིས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཕྲུ་གུའི་ཨ་མ་དབྱིན་ཇིའི་འགོས་ནད་ཆེད་ཚན་སྨན་ཁང་དུ་སྤོས་ནས་སྨན་བཅོས་བྱེད་བཞིན་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། ནད་པ་གཉིས་དང་འབྲེལ་འདྲིས་བྱེད་མྱོང་བའི་སྨན་དོན་མི་སྣར་རང་ཉིད་ལོགས་སུ་བཀར་དགོས་པའི་བསམ་ཚུལ་བཏོན་ཡོད་པ་དང་། ས་གནས་དེ་གའི་འཕྲོད་བསྟེན་ལས་དོན་པས་བྲེལ་མྱུར་ངང་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་ཡོད།
དབྱིན་ཇིའི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་ཕྱོགས་ཀྱི་སྤྱི་འབྲེལ་དྲ་བ་ཐུའེ་ཐེ་རུ་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9པའི་བར། དབྱིན་ཇིར་ཁྱོན་སྡོམ་ཏོག་གསར་གློ་ཚད་ཀྱི་ནད་པ་798ཐོན་ཡོད་ཅིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་10ཟིན་ཡོད།