བོད་ལྗོངས་ཀྱིས“དཔེ་མཛོད་ཁང་+”ཞབས་ཞུའི་མ་ལག་བཙུགས་ནས“དཔེ་ཀློག་བོད་ལྗོངས”སྐྲུན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-18



    གསར་འགོད་པར་ཤེས་རྟོགས་བྱུང་བར། 2019ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཐབས་མང་མཉམ་སྤྱོད་ཀྱིས“དཔེ་མཛོད་ཁང་+”དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ནས་ལོ་ཧྲིལ་པོར་དྲ་སྟེང་དྲ་འོག་གི་ཀློག་པ་པོ་རིམ་བཞིན་མང་དུ་ཕྱིན་པ་དང“དཔེ་ཀློག་བོད་ལྗོངས”སྐྲུན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
    2019ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཐོན་ཁུངས་བརྟན་དུ་བཏང་ཞིང་། དཔེ་དེབ་སྣ་ཁ་5869ཡི་དེབ་གྲངས་21280དང་། དུས་དེབ་སྣ་ཁ་1018དང་ཚགས་པར་སྣ་ཁ་209 གློག་རྡུལ་དཔེ་དེབ་ཁྲི་20ལྷག་ཙམ་དང་གློག་རྡུལ་དུས་དེབ་ཚགས་པར་སྣ་ཁ་3700བཅས་ཉོ་སྒྲུབ་བྱས་ཡོད། 《བོད་ཀྱི་སྲོལ་རྒྱུན་ཨར་སྐྲུན་རིག་གནས་ཀྱི་ཆེད་སྒྲིག་པར་གཞི》དང《བོད་ཀྱི་བཟའ་བཏུང་རིག་གནས་སྐོར་རགས་ཙམ་གླེང་བ(གཉིས་པ)》སོགས་ཁྱད་ལྡན་ཐོན་ཁུངས་དང་དེ་བཞིན་སྤྱིའི་ཤོང་ཚད་5.94TBཟིན་པའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྩ་ཆེའི་དཔེ་རྙིང་གྲངས་འཛིན་ཅན་དུ་འགྱུར་བའི་གྲངས་གཞིའི་མཛོད་བསྐྲུན་ཡོད།
     དེ་དང་ཆབས་ཅིག་ད་དུང“ཁྱེད་ཀྱིས་དཔེ་ཆ་འདེམས་དང་ངས་ཉོ”དང“འཆད་ཁྲིད་མུན་སེལ་སྒྲོན་མེ” “ཨ་ཅག་གིས་སྒྲུང་ཤོད་པ” “དཔེ་དེབ་དོ་དམ་པ་ཆུང་ཆུང” “དཔེ་ཀློག་གིས་འོད་སྣང་སྦྱིན”ཞེས་པའི་འགོག་རྐྱེན་མེད་པའི་གློག་བརྙན་སློབ་གྲྭར་སྟོན་པ་སོགས་རྣམ་པ་མི་འདྲ་བའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་150ལྷག་ཙམ་སྤེལ་བ་དང་། “དཔེ་མཛོད་ཁང་+སྡེ་ཁུལ”དང“དཔེ་མཛོད་ཁང་+སློབ་གྲྭ” “དཔེ་མཛོད་ཁང་+ཁེ་ལས” “དཔེ་མཛོད་ཁང་+དམག་སྒར”སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་བརྒྱུད་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་དཔེ་ཀློག་ནང་ཞུགས་པ་དང་དཔེ་ཀློག་ལ་དོ་ཁུར་བྱ་ཆེད“དཔེ་ཀློག་གི་དྲི་བསུང”གང་སར་འཐུལ་བའི་རྣམ་པ་ཟབ་མོ་བསྐྲུན་ཡོད།
     གཞན་ཡང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་དུང“དཔེ་མཛོད་ཁང་+དྲ་སྦྲེལ+ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག”གི་ལས་སྟེགས་སྤྱད་དེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་དང“བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གཞུང་ཕྱོགས་དྲ་བའི”བྱ་རིམ་ཆུང་ངུ། བོད་ལྗོངས་དཔེ་མཛོད་ཁང་གི་བོད་རྒྱ་སྐད་རིགས་གཉིས་ཀྱི་ཀློག་འདོན་སྟེགས་བུའི་བྱ་རིམ་ཆུང་ངུ། བོད་ལྗོངས་ཀྱི་གྲངས་འཛིན་རིག་གནས་དྲ་བ་སོགས་ལས་སྟེགས་ཁྱབ་གདལ་བཏང་ནས་གཞི་རིམ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ལག་ཐོགས་ཁ་པར་བརྒྱུད་རྩ་གཉིས་ཨང་རྟགས་བཤེར་ནས་མངོན་མིན་རིག་གནས་ཤུག་བཞག་གི་རྒྱུན་འཛིན་པ་དང་དམངས་ཁྲོད་ཞབས་བྲོ་སོགས་གྲངས་འཛིན་ཐོན་ཁུངས་དང་དེ་བཞིན་ཕན་ཆེ་བའི་དཔེ་དེབ་ཐོན་ཁུངས་ལྟ་ཐུབ་པས། གཞི་རིམ་མང་ཚོགས་ཀྱི་གྲངས་འཛིན་རིག་གནས་ཀྱི་འཚོ་བ་ནུས་ལྡན་ངང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

    གྲངས་གཞི་ལས་མངོན་པར། 2019ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཀློག་པ་པོ་མི་ཐེངས་ཁྲི་16ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་དང་དཔེ་དེབ་ཁྲི་1.9གཡར་བ། དཔེ་དེབ་ཕབ་ལེན་བྱེད་ཚད་ཁྲི་11ཟིན་ཡོད། བོད་ལྗོངས་ཀྱི་གྲངས་འཛིན་རིག་གནས་དྲ་བའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་པར་གཞིར་འཚམས་འདྲི་བྱེད་ཚད་མི་ཐེངས་ཁྲི་200ལས་བརྒལ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1