ཟླ་3ཚེས་18ཉིན། “ཉོ་དགོས་ན་། ང་དང་འབྲེལ་བ་གནང་རོགས།”ཞེས་པ་དང་རང་ཉིད་ཀྱིས་འཚེམ་པའི་རྟ་ཆས་ཀྱི་པར་རིས་ཤིག་སྦྱར་ཡོད། འདི་ནི་བོད་ལྗོངས་ལྷ་རི་རྫོང་ལིན་ཐེ་ཤང་ལིན་ཐི་གྲོང་ཚོའི་གྲོང་མི་ཕུན་ཚོགས་རྡོ་རྗེའི་ཉེ་དུས་ཀྱི་གྲོགས་ཚོམས་ཐོག་གི་རྣམ་པ་རེད།
“སྔོན་ཆད། ང་ཚོའི་ཡུལ་འདིའི་རྟ་ཆས་ཚང་མ་ནག་ཆུ་གྲོང་ཁྱེར་ནས་སྡེབ་ཚོང་བྱས་པ་ཞིག་ཡིན། རིན་གོང་མཐོ་པོ་ཡོད་ཀྱང་བྲིན་པོ་ཡོད། གྲོང་མི་ཁྱིམ་མཚེས་ཚོས་རིན་གོང་ལ་མི་བལྟོས་པར། དཀའ་སྤྱད་འབད་བརྩོན་གྱིས་བསགས་པའི་དངུལ་གྱིས་ཁ་ཤས་ཉོ་བའི་རྣམ་པ་ངས་མཐོང་བས། སེམས་འཚབ་སྐྱེ་ཡི་འདུག། གྲོང་མི་ཁྱིམ་མཚེས་ཚོས་གོང་ཁེ་བའི་རྟ་ཆས་ཉོ་ཐུབ་ཆེད། ངས་རྟ་ཆས་འཚེམ་པའི་ལས་བརྩམས་པ་ཡིན།”ཞེས་ཕུན་ཚོགས་རྡོ་རྗེས་བཤད།
ལོ་40ལ་སླེབས་པའི་ཕུན་ཚོགས་རྡོ་རྗེས་རང་ཉིད་ཀྱི་ལག་རྩལ་དང་ལག་གཉིས་ལ་བརྟེན་པས། ཤང་ནང་གི་གྲོང་མི་ཁྱིམ་མཚེས་ཚོའི་མིག་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད། ཁྱིམ་དུ་བསྡད་ནས་རིམས་འགོག་བྱེད་རིང་། དུས་རྒྱུན་བསགས་པའི་དངུལ་གྱིས་རྒྱུ་ཆ་ཉོས་ནས། རྟ་ཆས་འཚེམ་སྟེ་སྐད་འཕྲིན་ཐོག་བརྒྱུད་བཙོང་བྱས་ནས་རིམས་འགོག་ཕྱུག་འགྱུར་གྱི་ལམ་དུ་ཞུགས། ཕུན་ཚོགས་རྡོ་རྗེས་འཚེམ་པའི་རྟ་ཆས་ཀྱི་རྒྱུ་ཆ་ཡག་ལ་རིན་གོང་ཁེ་བས། ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཁོང་ལ་སྒོར་ཁྲི་1ལྷག་གི་ཡོང་འབབ་བྱུང་ཡོད།
ཕུན་ཚོགས་རྡོ་རྗེའི་ཚོང་ལམ་ཡག་པོ་ཡོད་པ་མ་ཟད་མི་ལ་ཕན་པའི་བྱ་བཟང་སྒྲུབ་པའི་ཐད་ཁོང་དེ་བས་ཧུར་བརྩོན་ཆེ། ཏང་དང་སྲིད་གཞུང་གི་བཀའ་དྲིན་ཚོར་ནས་་ཁོང་གིས་ཧུར་བརྩོན་ཆེན་པོས་ཏང་རྩ་འཛུགས་ལ་ཉེ་བར་རྟེན་པས་2019ལོའི་ཟླ་7པར་བསམ་དོན་བཞིན་ཀྲུང་གུང་ཏང་ཡོན་ལ་གྱུར་ཡོད།