༄༅།།མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད་ཀྱི་ཐག་བཅད་གསར་པ།

སྐལ་བཟང་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁྲིམས་ལུགས་ཚགས་པར། སྤེལ་དུས། 03-27



མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
(ཨང23པ)
          《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་རྔོན་པ་དང་བརྗེ་རེས། ཟ་བ་གཏན་འགོག་བྱེད་པའི་ཐག་བཅད》སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི་སྟེང(2020ལོའི་ཟླ3པའི་ཚེས25ཉིན)ཆོག་མཆན་ཐོབ་ནས་ཁྱབ་སྒྲོག་བྱས་པ་ཡིན། ཁྱབ་སྒྲོག་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
           མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
2020ལོའི་ཟླ3པའི་ཚེས25ཉིན། 
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་རྔོན་པ་དང་བརྗེ་རེས། ཟ་བ་གཏན་འགོག་བྱེད་པའི་ཐག་བཅད།
(2020ལོའི་ཟླ3པའི་ཚེས25ཉིན། སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི་སྟེང་ཆོག་མཆན་ཐོབ)
          ཕྱོགས་ཡོངས་ནས་ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་རྔོན་པ་དང་བརྗེ་རེས། ཟ་བའི་བྱ་སྤྱོད་གཏན་འགོག་དང་ཆད་གཅོད་བྱས་ཏེ། ནུས་ཡོད་ཀྱིས་ཚབས་ཆེ་བའི་སྤྱིའི་འཕྲོད་བསྟེན་ཉེན་ཁ་སྔོན་འགོག་བྱེད་པ་དང་། དོན་དངོས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་ཁག་ཐེག་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ཏེ།  མི་དང་རང་བྱུང་འཆམ་མཐུན་མཉམ་འཚོ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་ཡོངས་ནས་ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་བརྗེ་རེས་གཏན་འགོག་བྱེད་པ་དང་བག་མེད་དུ་ཟ་བའི་སྤྱོད་ངན་མེད་པར་བཟོས་ཏེ། དོན་དངོས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཐག་བཅད》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་སྟེ། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཤམ་གྱི་ཐག་བཅད་འདི་སྤེལ་བ་ཡིན།
          དང་པོ། རང་ཞིང་གི་སྲིད་འཛིན་མངའ་ཁོངས་སུ་གཤམ་གྱི་རི་སྐྱེས་སྲོག་ཆགས་དག་རྔོན་པ་དང་བསད་མི་ཆོག
          (1)རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས།
          (2)རང་ཞིང་གིས་གཙོ་གནད་སྲུང་སྐྱོང་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས།
          (3)བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་པའི་རྔོན་རྒྱག་དང་བསད་མི་ཆོག་པའི་གཞན་པའི་རི་སྐྱེས་སྲོག་ཆགས།
          གཉིས་པ། རང་ཞིང་གི་སྲིད་འཛིན་མངའ་ཁོངས་སུ་གཤམ་གྱི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཟ་བ་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུ་ཡིན།
          (1)སྐམ་སའི་རི་སྐྱེས་སྲོག་ཆགས། དེའི་ཁོངས་སུ་མིས་སྐྱེ་འཕེལ་བྱེད་དུ་བཅུག་པ་དང་མིས་གསོས་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་འདུ།
          (2)རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་བཞིན་པའི་ཆུར་གནས་རི་སྐྱེས་སྲོག་ཆགས།
          (3)རང་ཞིང་གིས་གཙོ་གནད་སྲུང་སྐྱོང་བྱེད་བཞིན་པའི་ཆུར་གནས་རི་སྐྱེས་སྲོག་ཆགས།
          (4)བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་པའི་ཟ་མི་ཆོག་པའི་གཞན་པའི་རི་སྐྱེས་སྲོག་ཆགས།
          གསུམ་པ། རྒྱལ་ཁབ་དང་རང་ཞིང་གིས་གཙོ་གནད་སྲུང་སྐྱོང་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་དང་ཉོ་བ། བེད་སྤྱོད་བྱས་མི་ཆོག
          བཞི་བ། ཚོང་རྫས་བརྗེ་རེས་ཚོང་ར་དང་དྲ་ཐོག་བརྗེ་རེས་སྟེགས་བུ། ཟ་ཁང་། སྐྱེལ་འདྲེན། ཉར་འཇོག་ཁང་། མྱུར་སྐྱེལ་སོགས་ཀྱི་ཚོང་གཉེར་བས་ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་དང་ཉོ་བ། སྐྱེལ་འདྲེན། བེད་སྤྱོད་བྱེད་པར་ཚོང་ར་དང་སྟེགས་བུའམ་གཞན་པའི་བརྗེ་རེས་ཞབས་ཕྱི་མཁོ་སྤྲོད་བྱས་མི་ཆོག
          ཟ་ཁང་ཚོང་གཉེར་བས་ཟ་མི་རུང་བའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཀྱི་མིང་ངམ་མིང་གཞན། རི་མོ་སོགས་ཀྱིས་སྒོ་བྱང་དང་ཟས་ཐོ་སྒྲིག་བཟོ་བྱས་ཏེ་མགྲོན་པོ་ཚུར་འགུག་བྱས་མི་ཆོག
          ལྔ་བ། རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་ཟ་བ་དམིགས་ཡུལ་དུ་བཟུང་སྟེ་ཕྱིའི་ཁོར་ཡུག་ཏུ་རང་བྱུང་གིས་སྐྱེ་འཕེལ་བྱས་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་རྔོན་པ་དང་བརྗེ་རེས། སྐྱེལ་འདྲེལ་བཅས་བྱས་མི་ཆོག
          དྲུག་པ། ཚན་རིག་ཞིབ་འཇུག་དང་རིམས་ནད་དམ་དེའི་འབྱུང་ཁུངས་ལྟ་ཞིབ་ཚད་ལེན། མིས་སྐྱེ་འཕེལ་བྱེད་དུ་འཇོག་པ།  གསོ་རིག་བེད་སྤྱོད། མང་ཚོགས་འགྲེམས་སྟོན་ནམ་ཡང་ན་གཞན་པའི་དམིགས་བསལ་གནས་ཚུལ་གྱི་རྐྱེན་གྱིས་རི་སྐྱེས་སྲོག་ཆགས་ཟ་སྤྱོད་མ་ཡིན་པའི་བེད་སྤྱོད་བྱ་དགོས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་གཟབ་ནན་གྱིས་ཞིབ་བཤེར་ཆོག་མཆན་དང་རིམས་ནད་ཞིབ་བཤེར་ལག་ཏུ་བསྟར་དགོས།
          བདུན་པ། རྫོང་རིམ་པ་ཡིན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ལས་ཁུངས་ལ་མཐུན་སྦྱོར་དང་རྩ་འཛུགས།ལྟ་སྐུལ་སྐུལ་སྤེལ་བྱས་ཏེ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་ལས་འགན་ལག་བསྟར་དང་། མཉམ་འབྲེལ་གྱིས་སྔོན་འགོག་ཚོད་འཛིན་ལམ་ལུགས་འཛུགས་པ། ཁྲིམས་བསྟར་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ཀྱི་ཚད་ཇེ་ཆེར་གཏོང་དུ་འཇུག་དགོས།
          ནགས་ལས་རྩྭ་ཐང་དང་སྤྱི་བདེ། ཚོང་རའི་ལྟ་སྐུལ་དོ་དམ། ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་གིས་རང་གི་ལས་འགན་ལྟར་དུ་རི་སྐྱེས་སྲོག་ཆགས་རྔོན་པ་དང་བརྗེ་རེས། ཟ་བ་གཏན་འགོག་བྱེད་པའི་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས།
          བརྒྱད་པ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་སྤྱི། སྤྱི་ཚོགས་རྩ་འཛུགས། སློབ་གྲྭ། གསར་འགྱུར་སྨྱན་སྦྱོར་སོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ། རྩ་འཛུགས་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱིའི་འཕྲོད་བསྟེན་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་སྣེ་ཁྲིད་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། རི་སྐྱེས་སྲོག་ཆགས་བག་མེད་དུ་ཟ་བའི་སྤྱོད་ངན་མེད་པར་བཟོས་ཏེ། ཤུགས་ཆེན་པོས་ཚན་རིག་དང་བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་བཏང་ནས། སྤྱི་དམངས་ཡོངས་ཀྱི་བདེ་ཐང་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་གཏང་དགོས།
          དགུ་བ། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་ཁེ་ལས་ལས་དོན་སྡེ་ཁག སྤྱི་ཕན་རྩ་འཛུགས། དང་བླངས་པས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་འགུལ་སྤེལ་བ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་རྒྱུན་ཤེས་དྲིལ་སྒྲོག་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས།
          བཅུ་བ། ལས་ཁུངས་དང་མི་སྒེར་གྱི་ཐག་བཅད་འདི་དང་འགལ་བའི་བྱ་སྤྱོད་ཐེར་འདོན་དང་གཏུག་བཤེར་བྱེད་པར་སྐུལ་སློང་གཏོང་བཞིན་ཡོད། ནགས་ལས་རྩྭ་ཐང་དང་སྤྱི་བདེ། ཚོང་རའི་ལྟ་སྐུལ་དོ་དམ། ཞིང་ལས་ཞིང་སྡེ་སོགས་ལས་ཁུངས་ཀྱིས་ཐེར་འདོན་དང་གཏུག་བཤེར་ལ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་འོས།
          བཅུ་གཅིག ཐག་བཅད་འདིའི་དོན་ཚན1པོའི་གཏན་འཁེལ་དང་འགལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་ངམ་ཞིང་ལས་ཞིང་སྡེའི་གཙོ་གཉེར་ལས་ཁུངས་ཀྱིས་རྔོན་བརྒྱབ་དངོས་པོ་དང་རྔོན་རྒྱག་ཡོ་བྱད། ཁྲིམས་འགལ་ཐོབ་དངོས་གཞུང་བཞེས་བྱེད་པ་དང་། རྔོན་བརྒྱབ་དངོས་པོའི་རིན་ཐང་སྒོར་ཁྲི1གི་ཡན་ཡིན་ཚེ། དངོས་པོའི་རིན་ཐང་གི་ལྡབ3ནས12བར་གྱི་ཆད་པ་གཅད་དགོས། རྔོན་བརྒྱབ་དངོས་པོ་མེད་པའམ་དེའི་རིན་ཐང་སྒོར་ཁྲི1ལ་ཐོན་མེད་ཚེ། སྒོར་ཁྲི1ནས5བར་གྱི་ཆད་པ་གཅོད་པ་དང་། ནག་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
          བཅུ་གཉིས། ཐག་བཅད་འདིའི་དོན་ཚན2པའི་གཏན་འཁེལ་དང་འགལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་ཚོང་རའི་ལྟ་སྐུལ་དོ་དམ་མམ་ཡང་ན་ཞིང་ལས་ཞིང་སྡེ་སོགས་ཀྱི་ལས་ཁུངས་ཀྱིས་ལས་གནས་ཀྱི་ལས་བགོས་ལྟར་དུ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པར་བཀའ་ཕབ་པ་དང་། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་གཞུང་བཞེས་བྱེད་པར་མ་ཟད། སྒོར་སྟོང2ནས་ཁྲི1གི་བར་གྱི་ཆད་པ་གཅད་དགོས།
          བཅུ་གསུམ། ཐག་བཅད་འདིའི་དོན་ཚན3པའི་གཏན་འཁེལ་དང་འགལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་ཚོང་རའི་ལྟ་སྐུལ་དོ་དམ་མམ་ཡང་ན་ཞིང་ལས་ཞིང་སྡེ་སོགས་ཀྱི་ལས་ཁུངས་ཀྱིས་ལས་འགན་ལས་བགོས་ལྟར་དུ་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་སམ་ཡང་ན་ཁྲིམས་འགལ་ཐོབ་དངོས་གཞུང་བཞེས་བྱེད་པར་མ་ཟད། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་རིན་ཐང་གི་ལྡབ3ནས12བར་གྱི་ཆད་པ་གཅད་དགོས། ནག་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
          བཅུ་བཞི། ཐག་བཅད་འདིའི་དོན་ཚན4པའི་ཚན་པ1པོའི་གཏན་འཁེལ་དང་འགལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་མཚམས་བཞག་སྟེ་ངེས་གཏན་གྱི་དུས་ཡུན་ནང་བཅོས་སྒྱུར་བྱེད་པར་བཀའ་ཕབ་དགོས་ལ། ཁྲིམས་འགལ་ཐོབ་དངོས་གཞུང་བཞེས་བྱ་དགོས་པར་མ་ཟད། ཁྲིམས་འགལ་ཐོབ་དངོས་ཀྱི་ལྡབ2ནས5བར་གྱི་ཆད་པ་གཅད་དགོས། ཁྲིམས་འགལ་ཐོབ་དངོས་མེད་ཚེ། སྒོར་ཁྲི1ནས5བར་གྱི་ཆད་པ་གཅད་དགོས། ནག་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
          ཐག་བཅད་འདིའི་དོན་ཚན4པའི་ཚན་པ2པའི་གཏན་འཁེལ་དང་འགལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ངེས་གཏན་གྱི་དུས་ཡུན་ནང་དུ་བཅོས་སྒྱུར་བྱེད་པར་བཀའ་ཕབ་པར་མ་ཟད། སྒོར2000ནས་ཁྲི1གི་ཆད་པ་གཅད་དགོས།
          བཅོ་ལྔ། ཐག་བཅད་འདི་དང་འགལ་ཏེ་སྲིད་འཛིན་ཆད་པ་བཅད་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་གཏན་འཁེལ་ལྟར་དུ་དེའི་ཁྲིམས་འགལ་བྱ་སྤྱོད་གནས་ཚུལ་སྤྱིའི་ཡིན་རྟོན་གནས་ཚུལ་མ་ལག་ནང་བཞག་སྟེ། ཁྲིམས་ལྟར་མཉམ་འབྲེལ་གྱིས་ཆད་པ་གཅོད་པ་ལག་ཏུ་བསྟར་དགོས།
          བཅུ་དྲུག ནགས་ལས་རྩྭ་ཐང་དང་སྤྱི་བདེ། ཚོང་རའི་ལྟ་སྐུལ་དོ་དམ། ཞིང་ལས་ཞིང་སྡེ་སོགས་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་རྒྱག་དང་བརྗེ་རེས། ཟ་བ་གཏན་འགོག་བྱེད་པའི་འབྲེལ་ཡོད་བྱ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱས་ཚེ། དེའི་གཙོ་གཉེར་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ཡོད་པའི་གཙོ་གཉེར་མི་སྣ་དང་གཞན་པའི་ཐད་ཀར་འགན་འཁྲིའི་མི་སྣར་ཁྲིམས་ལྟར་ཆད་པ་གཅད་དགོས། ནག་ཉེས་སུ་གྲུབ་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
          བཅུ་བདུན། ཞིང་ཆེན་མི་དམངས་སྲིད་གཞུང་དང་དེའི་ནགས་ལས་རྩྭ་ཐང་། ཞིང་ལས་ཞིང་སྡེ་སོགས་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཐག་བཅད་འདི་གཞིར་བཟུང་སྟེ། འབྲེལ་ཡོད་མིང་ཐོ་སྒྲིག་བཟོ་དང་ལེགས་སྒྲིག ཁྱབ་སྒྲོག་བྱ་དགོས།
          བཅོ་བརྒྱད། ཐག་བཅད་འདི་ཁྱབ་སྒྲོག་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1