རྒྱལ་ཁབ་ཉི་ཤུའི་དབུ་ཚོགས་ཐོག་ཞི་ཅིན་ཕིང་གིས་འདི་ལྟར་གསུངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-27




      སྤྱི་ཚེས་26ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་འགོ་བརྗོད་དུ་༼ལག་གདང་སྦྲེལ་ནས་རིམས་འགོག་དང་། མཉམ་ལས་བྱས་ནས་དཀའ་གནད་སེལ་༽ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ནད་ཡམས་ཀྱི་མདུན་དུ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་དཀའ་ཉེན་ལ་མི་སྐྲག་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཐོག ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། དམངས་ཡོངས་སྐུལ་སློང་དང་། མཉམ་འགོག་མཉམ་སྲུང་། ཕྱི་གསལ་ནང་གསལ་བཅས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཐབ་ཀྱི་འགོ་བརྩམས་ཡོད། དཀའ་དཔྱད་འབད་འཐབ་དང་བློས་གཏོང་ཆེན་པོ་བྱས་པ་བརྒྱུད། མིག་སྔར་ཀྲུང་གོའི་རྒྱལ་ནང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་ཡོད། འོན་ཀྱང་ང་ཚོས་སྔར་བཞིན་དོགས་ཟོན་ཆེར་སྐྱེད་བྱེད་དགོས། མིག་སྔར། ནད་ཡམས་འཛམ་གླིང་དུ་འགོས་ཁྱབ་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆོད་སེམས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་ནད་ཡམས་ལ་ཁ་གཏད་གཅོག་པ་བརྒྱུད། མིའི་རིགས་དང་འགོས་ནད་ཚབས་ཆེན་འདིའི་བར་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལྟར། རྒྱལ་ཁབ་གཞན་ལ་རང་ནུས་གང་ལྕོགས་ཀྱིས་རོགས་སྐྱོར་དང་། འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་འདུག 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཕེབས་རོགས་ཞུས་པ་རེད།
     ཞི་ཅིན་ཕིང་གིས་དང་ཐོག ཀྲུང་གོ་ཕྱོགས་ལ་དཀའ་ངལ་ཆེ་ཤོས་འཕྲད་པའི་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་མང་པོ་ཞིག་གིས་ཀྲུང་གོར་ལྷག་བསམ་རྣམ་དག་གི་རོགས་རམ་དང་རྒྱབ་སྐྱོར་གནང་ཡོད་པས། ང་ཚོས་མཛའ་བཤེས་དེ་ཐོག་མཐའ་བར་གསུམ་དུ་བློ་ལ་ངེས་པ་དང་དེར་གཅེས་སྤྲས་བྱེད་ཀྱི་ཡོད་ཅེས་དང་། ཞི་ཅིན་ཕིང་གིས། འགོས་ནད་ཚབས་ཆེན་ནི་མིའི་རིགས་ཀྱི་སྤྱི་དགྲ་ཡིན། ཏོག་གསར་གློ་ཚད་གོ་ལ་ཧྲིལ་པོར་ཁྱབ་བཞིན་ཡོད་པས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད་ཅེས་བསྟན་པ་དང་། ཞི་ཅིན་ཕིང་གིས་ཚོགས་འདུའི་གྲོས་དོན་ཐད་གྲོས་འགོ་ཁག་4བཏོན་གནང་བ་རེད།
     དང་པོ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གོ་ལ་ཧྲིལ་པོའི་བཀག་འགོག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕྲོད་བསྟེན་པུའུ་ཀྲང་གྲོས་ཚོགས་གང་མགྱོགས་འཚོག་སྟེ། ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་རྫས་དང་། རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ། རིམས་འགོག་མཉམ་ལས་བཅས་བྱས་ཏེ། རིམས་ནད་མངའ་ཁོངས་ལས་བརྒལ་ནས་འགོས་ཁྱབ་འགྲོ་རྒྱུར་སྔོན་འགོག་ཡག་པོ་བྱེད་པ་དང་། ལག་གདང་སྦྲེལ་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་ཞན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། ངས་གྲོས་འགོ་འདོན་རྒྱུར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་རིམས་འགོག་རོགས་སྐྱོར་གྲོས་འགོ་ཞིག་བཏོན་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་ཆ་འཕྲིན་སྤེལ་རེས་དང་། སྲིད་ཇུས་མཐུན་སྦྱོར། བྱ་སྤྱོད་གཞོགས་འདེགས་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་དང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ཕན་ཡོད་བྱ་ཐབས་མཉམ་སྤྱོད་བྱེད་པ་དང་། སྨན་རྫས་དང་རིམས་འགོག་སྨན་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱེད་པ། ཆབས་ཅིག་རིམས་ནད་འགོས་པའི་རྒྱལ་ཁབ་ལ་ནུས་པས་གང་ལྕོགས་ཀྱི་རོགས་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་འདུག
     གཉིས་པ། རྒྱལ་སྤྱི་དང་མཉམ་དུ་འགོག་བཅོས་དང་མཉམ་དུ་ཚོད་འཛིན་གྱི་ལས་དོན་ཕན་འབྲས་ལྡན་པའི་ངང་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་ཐོག་ཤེས་བྱའི་ལྟེ་གནས་བཙུགས་ནས་རྒྱལ་ཁབ་ཚང་མར་སྒོ་ཕྱེ་ཡོད། རྒྱལ་ཁབ་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཉམ་ལས་བྱས་ཏེ་སྨན་རྫས་དང་། རིམས་འགོག་སྨན། ཞིབ་དཔྱད་ཚད་ལེན་སོགས་ཐད་ཀྱི་ཚན་ཞིབ་འགག་སྒྲོལ་མགྱོགས་སུ་གཏོང་དགོས། ས་ཁོངས་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུར་ཞིབ་དཔྱད་བྱེད་དགོས།
     གསུམ་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱ་དགོས། ཀྲུང་གོ་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་གཏན་འབེབས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངས་གྲོས་འགོ་འདོན་རྒྱུར། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་དང་། ཆ་ལག་ཆ་ཚང་། ཕན་ནུས་ལྡན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཤེས་བྱ་ཁྱབ་གདལ་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འབྲེལ་གཏུག་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་རིམ་པ་མཐོ་བའི་ཚོགས་འདུ་འོས་འཚམ་གྱི་སྐབས་སུ་འཚོག་དགོས།
     བཞི་པ། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་ཐོག་སྤྱི་ཁོག་སྲིད་ཇུས་ལ་བཏང་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་རྒྱུར་སྔོན་འགོག་བྱེད་དགོས། ནུས་ལྡན་ཕན་ཡོད་ཀྱི་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་རའི་བརྟན་ལྷིང་ལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་ཁྲོམ་རར་མ་བཅོས་རྒྱུ་ཆ་དང་། འཚོ་བའི་མཁོ་ཆས། རིམས་འགོག་དངོས་རྫས་སོགས་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཉམས་ཐག་མི་ཚོགས་ལ་སྲུང་སྐྱོང་དང་མི་དམངས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། ཀྲུང་གོས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་། བརྟན་པོ་དང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། ཁྲོམ་རར་ཞུགས་འཐུས་ལྷུག་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་ཕྱོགས་སུ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་འདུག
     ཞི་ཅིན་ཕིང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་ཚོས་མཉམ་དུ་བྱེད་ཐབས་སྤྱད་དེ། སྒོ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། བཀག་རྒྱ་མེད་པ་བཟོ་བ། ཉོ་ཚོང་ཤར་གཏོང་ཐུབ་པ་བྱེད་པ། ཤུགས་དང་ལྡན་པའི་བརྡ་རྟགས་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ངར་ཤུགས་འཕེལ་བ་བྱེད་དགོས་པ། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་བྱ་སྐྱོད་འཆར་གཞི་གཏན་འབེབས་བྱེད་དགོས་པ་མ་ཟད། རིམས་འགོག་གི་སྤྱི་ཁོག་སྲིད་ཇུས་ཐད་མཐུན་སྦྱོར་ཐུབ་ཆེད་དུས་ཐོག་ཏུ་དགོས་ངེས་ཀྱི་ལམ་སྲོལ་རང་བཞིན་གྱི་འབྲེལ་གཏུག་དང་བཀོད་སྒྲིག་བྱ་དགོས་པ་བཅས་ཀྱི་རེ་འབོད་གནང་འདུག
     མཇུག་ཏུ་ཞི་ཅིན་ཕིང་གིས། འགག་རྩའི་དུས་འདིར་ང་ཚོས་འགྲན་སློང་གི་མདུན་བསུ་བ་དང་བྱ་སྤྱོད་མགྱོགས་མྱུར་ངང་སྤེལ་དགོས་ངེས་ཡིན། ང་ཚོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་བྱས་ཚེ་ནད་ཡམས་ལས་རྣམ་པར་རྒྱལ་ནས་མིའི་རིགས་འཕེལ་རྒྱས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་ཡིན་པར་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་སྟོན་གནང་འདུག
     འདི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་དབུ་ཚོགས་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས། འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
     ཕྱོགས་ཁག་གིས་གཏམ་བཤད་སྤེལ་བའི་སྐབས་སུ་ཚང་མས། ཏོག་གསར་གློ་ཚད་ནད་ཡམས་ད་ལྟ་འཛམ་གླིང་ཡོངས་ལ་འགོས་ཁྱབ་ཤུགས་ཆེན་འགྲོ་བཞིན་ཡོད་པས།   འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་། དངུལ་རྩ། ཆབ་སྲིད་བཅས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་བཞིན་ཡོད། མིའི་རིགས་ཀྱིས་ཐུན་མོང་གི་ཉམས་ཉེན་འདི་འདྲར་ཁ་གཏད་གཅོག་སྐབས། རྒྱལ་ཁབ་གང་ཞིག་ཀྱང་ཁེར་རྐྱང་རང་སྲུང་བྱས་ནས་སྡོད་ཐབས་བྲལ་བ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྔར་ན་མེད་པའི་མཐུན་སྒྲིལ་དང་མཉམ་ལས་བྱ་དགོས་ཀྱི་ཡོད་པ་དང་། འཕྲལ་དུ་མཐུན་སྦྱོར་དང་ནུས་ལྡན་བྱ་ཐབས་སྤྱོད་དགོས་པ། རིམས་ནད་འགོས་ཁྱབ་འགྲོ་རྒྱུ་མཚམས་གཅོད་ནུས་ལྡན་བྱེད་དགོས། སྨན་རྫས་དང་རིམས་འགོག་སྨན་ཞིབ་བཟོ་སོགས་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། ནད་པ་སྐྱོབ་བཅོས་བྱེད་ཚད་ཤུགས་ཆེར་གཏོང་དགོས་པ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱ་དགོས་པ། འཛམ་གླིང་དཔལ་འབྱོར་གང་མགྱོགས་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་བཟོས་པའི་གྱོང་གུན་གང་ཐུབ་ཅི་ཐུབ་ཀྱིས་ཆུང་དུ་གཏོང་དགོས་པའི་ངོས་འཛིན་བྱས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་ཕྱོགས་ཁག་ནས་རྒྱབ་སྐྱོར་ཞུ་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཉམས་ཐག་མི་ཚོགས་ལ་ཁ་གཏད་གཅོག་རོགས་བྱ་རྒྱུའི་ཁས་ལེན་བྱས་ཡོད། 
     དབུ་ཚོགས་ཐོག་༼རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཀྱི་གསལ་བསྒྲགས་༽ཞེས་པ་སྤེལ་ཡོད། 
     ཏིང་ཞུའེ་ཤང་དང་། ལིའུ་ཧེ། ཡང་ཅེ་ཁྲེ། ཝང་དབྱི། ཞའོ་ཅེ། ཧོ་ལི་ཧྥེང་སོགས་དབུ་ཚོགས་ལ་ཞུགས་ཡོད། 
     རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ནི་སོ་ཏི་ཨ་རབ་ཀྱིས་གཙོ་གཉེར་བྱས་པ་དང་། བརྙན་མཐོང་གི་ཐབས་ལམ་ཐོག་ནས་གཉེར་ཞིང་། ད་རེས་ཚོགས་འདུ་དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོས་མཉམ་ལས་ལ་བརྟེན་ནས་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་དང་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1