ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-30


        རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཁོར་རྒྱུག་གི་དུས་བབ་ལ་དབྱེ་ཞིབ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྔར་བས་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་དང་བཀོད་སྒྲིག 《2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང》དང《ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པའི”གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བཅས་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་3ཚེས་27ཉིན་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཁོར་རྒྱུག་དུས་བབ་ལ་དབྱེ་ཞིབ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྔར་བས་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་དང་བཀོད་སྒྲིག 《2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང》དང《ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པའི”གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བཅས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཟླ་3ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་མིག་སྔའི་དཔལ་འབྱོར་དུས་བབ་ཀྱི་སྙན་སེང་གསན་པ་དང་། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་གནང་ནས་འབྲེལ་ཡོད་བསམ་འཆར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པ། གྲུབ་འབྲས་དེ་དག་ནི་སླ་པོར་ཐོབ་པ་ཞིག་མིན། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་རྣམ་པ་གསར་རྐྱང་གི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཕྱིའི་རྒྱལ་ཁབ་སུ་རིམས་ནད་མགྱོགས་མྱུར་ཁྱབ་མཆེད་འགྲོ་བའི་རྣམ་པ་མངོན་པ། འཛམ་གླིང་གི་དཔལ་འབྱོར་ཚོང་དོན་འཕར་རྒྱུར་ཕོག་ཐུག་ཚབས་ཆེན་ཐེབས་པ། རང་རྒྱལ་གྱི་རིམས་ནད་ཐད་ཕྱི་ནས་འགོ་བའི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་དང་ལྷག་པར་དུ་ཐོན་ལས་འཁོར་སྦྲེལ་སླར་གསོའི་ཐད་འགྲན་སློང་གསར་པ་འཕྲད་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ཁག་ལ་མུ་མཐུད་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཆེ་རུ་གཏོང་དགོས། ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་དོ་ཁུར་དང་བྱམས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱིར་སྡོད་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ཁང་གིས་གཞུང་ཚབ་པ་སྲུང་སྐྱོང་དང་། འགོག་སྲུང་མཛུབ་ཁྲིད། དངོས་ཟོག་འགན་ལེན་བཅས་ཡག་པོ་བསྒྲུབས་ནས་ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། རང་རྒྱལ་དུ་འཛུལ་བའི་འགྲོ་ལུགས་གཉེར་རིམ་ལེགས་སུ་གཏོང་བ་དང་། རང་རྒྱལ་དུ་འཛུལ་མཁན་མི་སྣར་གཅིག་སྡུད་ལོགས་འཇོག་གི་བླང་བྱ་དོན་འཁྱོལ་བྱེད་པ། ཁོང་ཚོའི་འཚོ་བའི་ཞབས་ཞུ་དང་བདེ་ཐང་ལྟ་ཞིབ་ཚད་ལེན་བཀོད་སྒྲིག་ཡག་པོ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་འབྲེལ་ཡོད་རྒྱལ་ཁབ་ལ་མུ་མཐུད་ནས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གདེང་ཚོད་བརྟན་པོ་དང་། དཀའ་སེལ་མདུན་སྐྱོད། རང་འགུལ་ལས་སྒྲུབ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ཏེ་རིམས་ནད་ལས་ཕོག་པའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཅོག་ཐུབ་པའི་བརྩོན་ལེན་བྱེད་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཐའ་མའི་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་རྒྱག་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁོག་སྲིད་ཇུས་ཀྱི་སྙོམས་སྒྲིག་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁ་གཏད་ཧུར་ཐག་གཅོག་པའི་སྤྱི་ཁོག་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་གང་མགྱོགས་ཞིབ་འཇུག་བྱས་ནས་འདོན་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དེ་བས་ཕན་འབྲས་ལྡན་པ། བརྟན་པའི་དངུལ་ལོར་སྲིད་ཇུས་དེ་བས་བབ་བསྟུན་དང་ཚད་རན་པ། གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་དང་འཛུགས་སྐྲུན་ལས་དོན་དམ་འཛིན་བྱས་ནས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་གང་མགྱོགས་འདོན་ཐུབ་པ་བྱས་ཏེ་སྔོན་འགོག་ཚོད་འཛིན་བྱ་ཐབས་གནད་ལ་འཁེལ་བའི་སྔོན་འགྲོའི་འོག་ཚོང་ར་སྣ་ཚོགས་དང་ཁྲོམ་རའི་ལས་འགོ་བསྐྱར་འཛུགས་དང་ཁྲོམ་ར་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་འཚོ་བའི་ཞབས་ཞུའི་ལས་རིགས་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་པ་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཟོག་འགྲེམས་ཀྱི་མཁོ་སྤྲོད་འཁོར་སྦྲེལ་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ་རྒྱལ་སྤྱིའི་ཟོག་འདྲེན་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་ཐོན་སྐྱེད་དང་ཞོར་ཟས་གཙོ་བོ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། དཔྱིད་རྨོད་དཔྱིད་འདེབས་གྲ་སྒྲིག་ཡག་པོ་བྱེད་རྒྱུར་དམ་འཛིན། ཞིང་སྐྱོར་སྲིད་ཇུས་དང་བྱ་ཐབས་གང་མགྱོགས་ཞིང་ནང་དང་མུ་ཁར་དོན་འཁྱོལ་བྱེད་པ། ཞིང་ནང་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་གནམ་གཤིས་ཀྱི་གནོད་འཚེ་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་འོག་ཧུའུ་པེ་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆེད་དོན་རྒྱབ་སྐྱོར་སྲིད་ཇུས་བཟོས་ཏེ་ཧུའུ་པེར་ནོར་སྲིད་དང་། མ་དངུལ་བསྡུ་སྒྲིལ། མཁོ་སྤྲོད་སྦྲེལ་ཐག་སོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ་དང་ཆབས་ཅིག་ཧུའུ་པེས་ཁེ་ལས་ལ་རོགས་སྐྱོར་དང་། ལས་གནས་བརྟན་གཏོང་། ལས་ཞུགས་སྐུལ་སྤེལ། དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
     ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་དང་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པའི”ལས་དོན་ལ་གདེང་འཇོག་བྱས་ཤིང་། ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་དང་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པའི”གནས་ཚུལ་ལ་བལྟས་ན། དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེན་པོ་ཡོད། ད་ལྟ་ལྷག་པ་ནི་དཀའ་ཚེགས་ཆེ་ཤོས་ཡིན་པས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད་ལ། ས་ཆ་ལ་ལ་དང་ཕྱོགས་ཁག་གཅིག་ལ་ད་དུང་ཉམས་ཞན་ལྷུ་ཚིགས་དང་ལས་ཀའི་ཐད་མི་འདང་བའི་ཆ་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་དཀའ་ངལ་དང་འགྲན་སློང་གསར་པ་ལས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་དེ་བས་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱེད་དགོས་ཀྱི་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མུ་མཐུད་ནས་གཏོང་ཆ་གཏོང་ཤུགས་དང་། ལས་དོན་སྤེལ་ཤུགས། རོགས་སྐྱོར་བྱེད་ཤུགས་བཅས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཚང་བཤེར་ཆད་གསབ་བྱེད་པ། མགྱོགས་མྱུར་ངང་ཞན་ཆ་སེལ་བ་བཅས་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1