[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་ཏུན་ཧོང་ཡིག་རྙིང་ཁྲོད་དུ་བྱུང་བའི་“ཇེ་བ:འདྲོན་མ:ལོད་དུར་གྱྀས:ཁ་གན་ལ:བག་མར་བཏང་”ཞེས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་རང་གི་གཅེན་མོ་ཉིད་དུར་གྱིས་ཁ་གན་ལ་བག་མར་བཏང་བ་ནི་“ཆབ་སྲིད་ལ་གཤེགས”པ་སྟེ། བོད་དུར་ཕན་ཚུན་གཉིས་ཀའི་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་པའི་གཉེན་སྒྲིག་ཅིག་ཡིན་ཚུལ་གླེང་ཞིང་། དེ་ཡང་བོད་དུར་གཉིས་ནི་ཕན་ཚུན་ས་ཁད་ཉེ་བའི་མངའ་ཐང་སྟོབས་འབྱོར་ཅན་ཞིག་ཡིན་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ཆེར་ལྡན་པའི་འགག་གནས་སུ་གནས་ཡོད་པ། མནའ་འབྲེལ་གྱིས་རྒྱལ་རབས་སྔ་མའི་སྐབས་ནས་ཕན་ཚུན་དབར་ནུས་པ་ཆེན་པོ་ཐོན་མྱོང་བ། མནའ་འབྲེལ་གྱིས་ས་ཁུལ་གཉིས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་མྱོང་བ་བཅས་ཕྱོགས་བཞིའི་ཐད་ནས་དཔྱད་བརྗོད་བྱས་ཡོད།
[གནད་ཚིག] བཙན་པོའི་རྒྱལ་རབས། དུར་གྱིས། ཇེ་བ་འདྲོན་མ་ལོད། ཁ་གན་སུའུ་ལུའུ། གཉེན་སྒྲིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]1002-946X(2019)04-032- 11
དེ་ཡང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ལག “ཁྱྀའྀ:ལོ་ལ། ......ཇེ་བ:འདྲོན་མ:ལོད་དུར་གྱིས:ཁ་གན:ལ་བག་མར་བཏང་”①ཞེས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ་༧༣༤ལོར་རང་གི་གཅེན་མོ་འདྲོན་མ་ལོད་བྱ་བ་དུར་གྱིས་རྗེ་བོའམ། ཁ་གན་སུའུ་ལུའུ་ལ་བག་མར་བཏང་བའི་ལོ་རྒྱུས་དུམ་བུ་ཞིག་བཀོད་ཡོད། དེ་འདྲའི་གཉེན་སྒྲིག་གི་ལོ་རྒྱུས་གནས་ཚུལ་ནི་བོད་བཙན་པོའི་ལོ་རེའི་བྱུང་བ་གལ་ཆེན་བཀོད་པའི་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ཁྲོད་མང་པོ་མཐོང་རྒྱུ་ཡོད་ལ། རྒྱའི་ཡིག་ཚང་ནང་དུ་དེ་བས་ཀྱང་མང་བ་མཐོང་རྒྱུ་ཡོད། གཉེན་སྒྲིག་དེ་ལྟ་བུའི་དམིགས་ཡུལ་སྐོར་ལ་ཨེན་ཀེ་སིས། “དུས་རབས་བར་མའི་སྐབས་སུ་......ཝང་གུང་རྣམས......ཕན་ཚུན་གཉེན་སྒྲིག་བྱེད་པ་དེ་ཆབ་སྲིད་ཀྱི་ཐབས་ཤེས་ཤིག་ཡིན་ཏེ། གསར་དུ་སྒྲིག་པའི་གཉེན་འབྲེལ་ལ་བརྟེན་ནས་རང་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་བའི་གོ་སྐབས་འཚོལ་བ་ཞིག་ཡིན་”②ཞེས་སྤྱི་ལོའི་དུས་རབས་ལྔ་པའི་ཚུན་གྱི་དཔོན་རིགས་ཝང་གུང་ཕན་ཚུན་དབར་གཉེན་སྒྲིག་བྱེད་པ་ནི་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་པ་ཞིག་ཡིན་ཚུལ་བསྟན་པ་དང་། དེ་བཞིན་གོང་མ་ཐང་ཐའེ་ཙུང་གིས། “པེ་ཏིའི་③ཡུལ་སྲོལ་ལ་ཆུང་མ་དབང་ཆེ་སྟེ། (ཁོ་མོར་)བུ་སྐྱེས་ཚེ་ངའི་ཚ་བོ་ཡིན་པས། ཀྲུང་གོར་གནོད་དཀྲུག་མི་བྱེད་པ་གསལ་ཐག་ཆོད་ཡིན། དེ་ལྟར་ན་མཐའ་མཚམས་སུ་ལོ་ངོ་སུམ་ཅུའི་རིང་དོན་རྐྱེན་མེད་འགྲོ་”④ཞེས་བཤད་པ་ལྟ་བུས་མཚོན། རྒྱའི་ཡིག་ཚང་ཁྲོད་དུ་ཐང་རྒྱལ་རབས་ཀྱིས་ཉེ་འབྲེལ་གྱི་ཚོ་ཤོག་ཁག་དང་མི་རིགས་ཁག་ལ་གཉེན་འབྲེལ་མང་དུ་བཙུགས་པའི་སྐོར་འཁོད་པ་དང་། ཁྱད་པར་ཏུན་ཧོང་བོད་ཡིག་ཡིག་རྙིང་ལས་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ནང་གཉེན་འབྲེལ་དེ་ལྟའི་སྐོར་བརྗོད་དུས་སྐབས་འགར་“ཆབ་སྲིད་ལ་བག་མར་གཤེགས་”ཞེས་ཀྱང་བྱུང་བས། དེས་ན་བཙན་མོ་འདྲོན་མ་ལོད་དུར་གྱིས་ཁ་གན་ལ་བག་མར་བཏང་བའང་དོན་དུ་བོད་དུར་མནའ་འབྲེལ་གཏིང་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་པ་རྟོགས་ཐུབ། དེ་ཡང་ཡིན་ཏེ། བཙན་མོ་འདྲོན་མ་ལོད་སྤྱི་ལོ་༧༣༤ལོར་དུར་གྱིས་རྗེ་བོའམ། ཁ་གན་སུའུ་ལུའུ་ལ་བག་མར་བཏང་རྗེས། སུའུ་ལུའུ་ཡིས་“བོད་བཀུར་ཐང་སྨོད་”ཀྱི་ཚུལ་དུ་ཐང་དམག་ལ་ཕར་རྒོལ་བྱས་ཡོད་པ་⑤དང་། སྤྱི་ལོ་༧༣༦ལོར་བཙན་པོའི་རྒྱལ་རབས་ཀྱིས་དུར་གྱིས་ལ་དམག་རོགས་བྱས་པ་མ་ཟད། བོད་དུར་བར་གྱི་བྲུ་ཤ་ཡང་བླངས་པས། མ་གཞིར་ཞི་འདུམ་བྱུང་བའི་བོད་ཐང་གཉིས་དབར་ཡང་བསྐྱར་འཁྲུག་གཞི་བྱུང་བ།⑥ དེ་བཞིན་ཁ་གན་སུའུ་ལུའུ་ཉིད་མངའ་ཞབས་དམག་དཔོན་གྱིས་བཀྲོངས་ཏེ་ནང་ཁུལ་སིལ་བུར་འཐོར་བ་ཐང་གུར་གྱིས་རེ་རེ་བཞིན་བརླག་པར་བྱེད་སྐབས། བཙན་པོའི་རྒྱལ་རབས་ཀྱིས་“འབྲུགྀ་ལོ་(སྤྱི་ལོ་༧༤༠ལོར་)ལ། ......ཇེ་བ:ཁྲྀ་མ་ལོད་བྲུ་ཞ་རྗེ་ལ:བག་མར་བཏང་”⑦ནས་བྲུ་ཤའི་རྒྱལ་ཁམས་བརྟན་འཇགས་ཡོང་བར་འབད་པ་སོགས། མདོར་ན། བོད་དུར་གཉིས་དབར་གཉེན་སྒྲིག་གི་འབྲེལ་བ་བཙུགས་རྗེས་སུ་བྱུང་བའི་དོན་ཆེན་དེ་དག་གིས་ཀྱང་བཙན་མོ་འདྲོན་མ་ལོད་དུར་གྱིས་ཁ་གན་སུའུ་ལུའུ་ལ་བག་མར་བཏང་བ་དེ་ནི། བོད་དུར་མནའ་འབྲེལ་གཏིང་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་གཉེན་འབྲེལ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ། དེ་ལྟར་ནའང། མིག་སྔར་བོད་ཡིག་ནས་ལོ་རྒྱུས་གནས་ཚུལ་དེར་གསེད་འགྲོལ་བྱས་པ་མ་མཐོང་ཞིང་། ཆེད་དུ་ཞིབ་འཇུག་བྱས་པ་ནི་ཡིག་རིགས་གཞན་ནས་ཀྱང་མ་མཐོང་བས། འདིར་བཙན་མོ་འདྲོན་མ་ལོད་དུར་གྱིས་ཁ་གན་སུའུ་ལུའུ་ལ་བག་མར་བཏང་བའི་ཞིབ་ཕྲའི་དགོས་པ་རྒྱུ་རྐྱེན་ཅི་ཡིན་སྐོར་གང་ཐུབ་ཀྱིས་གླེང་བར་བྱ།
གཅིག བོད་དུར་གཉིས་ཕན་ཚུན་ས་ཁད་ཉེ་བའི་མངའ་ཐང་སྟོབས་འབྱོར་ཅན་ཞིག་ཡིན་པ།
ཏུན་ཧོང་བོད་ཡིག་ཡིག་རྙིང་ནང་དུར་གྱིས་ཞེས་དང་རྒྱ་ཡིག་ཡིག་ཚང་ནང་ཐུའུ་ཆི་ཧྲི་(突骑施)ཞེས་འབོད་པ་དེ་ནི། སྐབས་དེའི་བོད་བྱང་ཕྱོགས་སུ་འཚོ་བའི་དྲུ་གུ་ནུབ་མའི་རུས་ཚོ་བཅུའམ་མདའ་ཚན་བཅུའི་ནང་གི་གཡོན་རུ་ཏའོ་ལུའུ་ཚོ་ལྔའི་གྲས་ཤིག་ཡིན། དེ་ཡང་ཚོ་དཔོན་ཝུའུ་ཀྲི་ལེ་(乌质勒)ཡིས་སྟོབས་ཤུགས་རྒྱ་སྐྱེད་བྱས་པ་བརྒྱུད། ཁོའི་བུ་སུའོ་ཀི་(娑葛)ཡི་དུས་སྐབས་སུ་དྲུ་གུ་ནུབ་མའི་རུས་ཚོ་བཅུ་དང་གར་ལོག་སོགས་ཚོ་ཤོག་བཅུ་བཞིའི་སའི་ཁྱོན་ལ་དབང་བསྒྱུར་ཐུབ་པའི་སྲིད་དབང་ཅུང་སྟོབས་ཆེན་ཞིག་བཙུགས་ཤིང་། སྤྱི་ལོ་༧༡༡ལོར་དྲུ་གུ་ཕྱི་མས་སུའོ་ཀི་བཀྲོངས་ནས་སིལ་བུར་འཐོར་བས། སྤྱི་ལོ་༧༡༥ལོར་སུའོ་ཀིའི་དམག་དཔོན་སུའུ་ལུའུ་ཡིས་ཁ་འཐོར་གྱི་ཡུལ་མི་རྣམས་བསྡུ་རུབ་བྱས་ནས་⑧མངའ་འབངས་ཁྲི་སུམ་ཅུ་ཡོད་⑨པའི་སྲིད་དབང་ཞིག་བསྐྱར་འཛུགས་བྱས་པ་མ་ཟད། སྤྱི་ལོ་༧༡༦ལོར་དྲུ་གུ་ཕྱི་མའི་འབུག་ཅོར་ཁ་གན་(默啜可汗)འདས་པ་དང་བསྟུན། སུའུ་ལུའུ་ཡིས་དེའི་མངའ་འོག་ནས་བུད་དེ་དྲུ་གུ་ནུབ་མའི་རུས་ཚོ་བཅུ་དང་བཅས་པའི་རུས་ཚོ་བཅུ་བཞིའི་ཁ་གན་གྱི་གོ་སར་བསྡད་པས། རིམ་གྱིས་སུའེ་ཡེ་མཁར་(碎叶城)⑩དུ་འབོད་པའི་དེང་གི་ཅིར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཐོ་ཁུ་མ་ཁེ་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་མཁར་དེ་རྒྱལ་པོའི་ཕོ་བྲང་གཙོ་བོར་བྱས་ནས་དེང་གི་ཅིར་ཅི་སི་སི་ཐན་དང་ཧ་ས་ཁི་སི་ཐན་སོགས་ཨེ་ཤ་ཡའི་དབུས་རྒྱུད་རྒྱལ་ཁབ་ལྔའི་མངའ་ཁོངས་ཕལ་ཆེར་དང་རང་རྒྱལ་གྱི་ཤིན་ཅང་བྱང་རྒྱུད་བཅས་ལ་དབང་བསྒྱུར་བྱས། སྐབས་དེ་ཤེད་དུ་ལྷོ་ཕྱོགས་ཀྱི་བོད་བཙན་པོའི་རྒྱལ་རབས་དང་ཤར་ཕྱོགས་ཀྱི་ཐང་གུར། བྱང་ཤར་ཕྱོགས་ཀྱི་དྲུ་གུ་ཕྱི་མའམ་དྲུ་གུ་ཤར་མའི་རྒྱལ་རབས་གཉིས་པ། ནུབ་ཕྱོགས་ཀྱི་ཏ་ཟིག་གམ་ཨ་རབ་བཙན་རྒྱལ་བཅས་དང་སྒྲིག་མཐུན་གང་འགབ་ཀྱིས་རང་སྲིད་དར་རྒྱས་གཏོང་ཐབས་བྱས་ཡོད་པ་རེད།
དེས་ན་བཙན་པོའི་རྒྱལ་རབས་ལ་མཚོན་ན། རང་དང་ས་ཁད་ཉེ་བའི་སྟོབས་ལྡན་དུར་གྱིས་ལ་གཉེན་སྒྲིག་གི་ཐབས་ལ་བརྟེན་ནས་འབྲེལ་བ་འཛུགས་ཐུབ་ཚེ། བོད་དུར་མནའ་འབྲེལ་གཏིང་ཟབ་ཏུ་ཕྱིན་ནས་དུར་གྱིས་དེ་ཉིད་བོད་ཀྱི་“བརྟན་གྲོགས་”སུ་འགྱུར་ངེས་ཤིང་། དེ་ཡང་དེ་སྔོན་ཞང་ཞུང་དང་གཉེན་འབྲེལ་བཙུགས་པ་ལྟར་ནམ་ཞིག་རང་ཁོངས་སུ་འགྱུར་ངེས་པ་དང་། འ་ཞར་གཉེན་འབྲེལ་བཙུགས་པ་ལྟར་རང་ལ་བློ་དཀར་འགྱུར་མེད་ངང་གནས་ངེས་པ་བཅས། མ་མཐར་ཡང་དུས་ཡུན་ཐུང་ངུའི་ནང་དགྲ་རུ་ལངས་མི་སྲིད་པ་ཡིན། དེ་མིན་བཙན་པོའི་རྒྱལ་རབས་ཀྱིས་སྤྱི་ལོ་༦༧༨ལོར།“ཞང་ཞུང་དང་ཏང་ཞང་། ཆཱང་གི་ཚོ་པ་ཁག་གི་མངའ་ཁོངས་དབང་དུ་བསྡུས་ནས། ཤར་མཐའ་ལེང་ཀྲོའུ། སུང་ཀྲོའུ། མའོ་ཀྲོལ། སོས་ཀྲོའུ་སོགས་དང་། ལྷོ་མཐའ་བྲམ་ཟེའི་ཡུལ་དུ་ཐུག་པར་བྱས་ལ། ནུབ་ཏུ་གུ་ཟན་དང་ཤུ་ལིག་སོགས་དམག་སྡེ་བཞི་ཕབ་ནས་བྱང་དྲུ་གུའི་ཡུལ་ལ་གཏུགས་”⑾པ། སྲོང་བཙན་སྒམ་པོའི་རིང་ནས་བཟུང་ཤར་ཕྱོགས་ཐང་དང་མི་ཉག་ཡུལ་ནས་བཟོ་རྩིས་ཀྱི་དཔེ་དང་། ལྷོ་ཕྱོགས་ཀྱི་རྒྱ་གར་ནས་དམ་པའི་ཆོས། ནུབ་ཕྱོགས་ཀྱི་སོག་པོ་དང་བལ་པོ་ནས་ཟས་ནོར་ལོངས་སྤྱོད། བྱང་ཕྱོགས་ཀྱི་ཧོར་དང་ཡུ་གུར་ནས་ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས་⑿པ། མངའ་ཁོངས་སུ་ཞིང་ལས་དང་ཕྱུགས་ལས། རྔོན་ལས། ཚོང་ལས་སོགས་ལས་རིགས་སྣ་ཚོགས་གཉེར་མཁན་བྱུང་ནས་⒀སྟོབས་འབྱོར་ཡར་འཕེལ་གྱི་རྨང་གཞི་བརྟན་པོ་ཞིག་བཙུགས་ཟིན་ཡོད་པ། སྒོས་སུ་བོད་དུར་འབྲེལ་འདྲིས་བྱུང་བའི་སྐབས་དེར་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ཆེས་ཆེར་རྒྱས་ནས་ཨན་ཞི་སྡེ་བཞི་ཕྱིར་ཐང་ལ་ཤོར་བ་ལས་གཞན། མངའ་ཁོངས་ཀྱང་སྤྱི་ལོ་༦༧༨ལོའི་གཞི་ཁྱོན་ལས་བརྒལ་ནས་དེང་གི་ཀན་སུའུ་དང་མཚོསྔོན་ཕྱོགས་ཀྱི་ཡུལ་ལུང་མང་པོ་དང་ཡུན་ནན་རྒྱུད་ཀྱི་མྱཱ་དཀར་པོའང་མངའ་ཞབས་སུ་བཅུག་ཡོད་པ་དང་། ནུབ་ཕྱོགས་ཕ་སྨིར་མཐོ་སྒང་གི་ལྷོ་ནུབ་རྒྱུད་དུའང་སྟོབས་ཤུགས་སྐྱེད་བཞིན་ཡོད། སྐབས་དེར་དུར་གྱིས་སྲིད་དབང་ལ་མཆོན་ནའང་། ས་ཁད་ཉེ་བའི་སྟོབས་ལྡན་བཙན་པོའི་རྒྱལ་རབས་དང་གཉེན་སྒྲིག་སོགས་ཀྱི་ཐབས་ལ་བརྟེན་ནས་འབྲེལ་བ་འཛུགས་ཐུབ་ཚེ། བོད་དུར་མནའ་འབྲེལ་གཏིང་ཟབ་ཏུ་ཕྱིན་ནས་དུར་གྱིས་རང་ལ་དྲུ་གུ་ནུབ་མའི་རྒྱལ་རབས་སྔ་མའི་སྐབས་ལྟར་བོད་དམག་ཡོང་མི་ངེས་ཤིང་། ཡུལ་ཁམས་གཞན་དང་སྟོབས་འགྲན་པའི་རྒྱབ་རྟེན་ཡང་བཙན་པོ་ཞིག་རྙེད་པ་དང་ཁྱད་པར་མེད། དེས་ན་བོད་དུར་གཉིས་ཕན་ཚུན་ས་ཁད་ཉེ་བའི་མངའ་ཐང་སྟོབས་འབྱོར་ཅན་ཞིག་ཏུ་གྱུར་པ་ནི་བོད་དུར་གཉིས་དབར་གཉེན་སྒྲིག་གི་འབྲེལ་བ་འབྱུང་བྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་རེད་སྙམ།
གཉིས། བོད་དུར་གཉིས་འཐབ་ཇུས་ཀྱི་དོན་སྙིང་ཆེར་ལྡན་པའི་འགག་གནས་སུ་གནས་ཡོད་པ།
ཁ་གན་སུའུ་ལུའུ་ཡི་སྐབས་ཀྱི་དུར་གྱིས་ཀྱི་ཤར་འདབས་དང་ཤར་ལྷོའི་འདབས་རྒྱུད་ནི་ཐིང་ཀྲོའུ་དང་ཞི་ཀྲོའུ། ཨན་ཞི་སྡེ་བཞིའི་ཡུལ་ལུང་ཁག་བཅས་དར་གོས་ཆོང་ལམ་གྱི་དཀྱིལ་རྒྱུད་འགག་གནད་ཀྱི་ས་ཁུལ་ཁག་དང་ཉེ་འབྲེལ་དུ་གནས་ཤིང་། ནུབ་རྒྱུད་ནི་འཛམ་གླིང་ཤར་ནུབ་ཀྱི་སྦྲེལ་ཐག་ཏུ་གྱུར་པའི་སོག་དག་རུས་དགུའི་ས་ཁོངས་དང་འབྲེལ་བས། དུར་གྱིས་ནི་ཉེ་མཚེས་ས་ཁུལ་ཁག་གི་སྲིད་འབྱོར་རིག་གསུམ་ལ་འཕེལ་རྒྱས་དང་འགྱུར་ལྡོག་གཏོང་ནུས་པའི་ས་བབ་གལ་ཆེན་ཞིག་ཏུ་གནས་ཡོད། དེའི་ཕྱིར་བོད་བཙན་པོའི་རྒྱལ་རབས་དང་ཐང་གུར། ཏ་ཟིག་ཨ་རབ་བཅས་སྐབས་དེའི་ཨེ་ཤ་ཡའི་བཙན་བདག་གསུམ་གྱི་དམིགས་ས་ཞིག་ཏུ་གྱུར་ཡོད་ལ། ལྷག་དོན་སྲོང་བཙན་སྒམ་པོས་ཞང་ཞུང་དང་སུམ་པ་དབང་དུ་བསྡུས་པ་ནས་བཟུང་། བོད་ཀྱི་བྱང་རྒྱབ་ནི་ལི་ཡུལ་དང་གུ་ཟན། ཤུ་ལིག ཡན་ཆི་བཅས་དེ་སྔའི་དྲུ་གུ་ནུབ་མའི་རྒྱལ་ཕྲན་བཞིའམ་ཐང་གུར་གྱིས་དྲུ་གུ་ནུབ་མ་བླངས་རྗེས་ཨན་ཞི་སྡེ་བཞིར་འབོད་པའི་ཡུལ་ལུང་ཁག་ལ་གཏུགས་ཡོད་པས། དྲུ་གུ་ནུབ་མའི་བདག་པོ་གསར་པར་གྱུར་པའི་དུར་གྱིས་ཀྱི་སྲིད་དབང་མངའ་ཁོངས་ནི་བོད་བཙན་པོའི་རྒྱལ་རབས་ལ་མཚོན་ན་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་སྟེ། ཨན་ཞི་སྡེ་བཞིའི་བྱང་སྟོད་དང་དེའི་ནུབ་ཕྱོགས་ནི་ལ་དྭགས་དང་བྲུ་ཤ་ཕྱོགས་དང་ཁད་ཉེ་བའི་དེང་གི་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁག་ལྔར་འབོད་པའི་དྲུ་གུ་ནུབ་མའི་མངའ་ཁོངས་རྙིང་པ་དང་དེ་སྔའི་ཁོངས་གཏོགས་རྒྱལ་ཕྲན་དག་གི་ས་ཡིན་ལ། ཨན་ཞི་སྡེ་བཞིའི་ཤར་ཕྱོགས་དང་བྱང་ཤར་ཕྱོགས་ནི་སྐབས་དེར་ཐང་གུར་གྱིས་ཤིང་ཤན་(都善)དང་ཆེ་མོ།(且末) ཐིང་ཀྲོའུ།(庭州) དབྱི་ཀྲོའུ།(伊州) ཞི་ཀྲོའུ།(西州) ཧྲ་ཀྲོའུ།(沙州) ཀྭ་ཀྲོའུ་(瓜州)སོགས་སུ་འབོད་པའི་དར་གོས་ཚོང་ལམ་དང་རྨ་ནུབ་དོག་ལམ་གྱི་འགག་གནས་ཁག་དང་ཉེ་བར་འབྲེལ་བས། ཨན་ཞི་སྡེ་བཞིའི་ས་ཆ་དག་དང་འདབས་འབྲེལ་བའི་དྲུ་གུ་ནུབ་མའི་དུར་གྱིས་སྲིད་དབང་གི་ལངས་ཕྱོགས་དང་བསྟུན་ཐབས་བྱ་རྒྱུ་ནི་བཙན་པོའི་རྒྱལ་རབས་ཀྱི་བྱང་རྒྱབ་བདེ་འཇགས་དང་བྱང་འདུལ་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ཕན་པ་ཡོད་པ་ཁོ་ན་ཙམ་མ་ཡིན་པམ བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་ཤར་དུ་བསྐྱེད་པར་གཞོགས་འདེགས་ཀྱི་ནུས་པ་ཐོན་ངེས་པ་དང་། བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ནུབ་ཕྱོགས་ཨེ་ཤ་ཡའི་དབུས་རྒྱུད་དང་ནུབ་རྒྱུད་དུ་སྤེལ་བའི་ལམ་སྒོ་འབྱེད་པའི་ལྡེ་མིག་རྙེད་པ་དང་གཅིག་མཚུངས་ཡིན།⒁ གཞན་དུ་ན་སྟབས་ཉེས་ཚེ། སུའེ་ཡེ་ཆུ་བོའི་ནུབ་ཕྱོགས་ཀྱི་དྲུ་གུ་ནུབ་མའི་སི་ཅིན་ཚོ་ཤོག་ལྔའི་ས་ནས་ཉིན་བཅུའི་ཡུན་ལ་བོད་ཡུལ་དབུས་སུ་དགྲ་དམག་གློ་བུར་སླེབ་ངེས་པ་ཡིན།⒂ གནས་ཚུལ་དེ་འདྲའི་འོག སུའེ་ཡེ་ཆུ་བོའི་སྟོད་སྨད་རྒྱུད་ཀྱི་དྲུ་གུ་ནུབ་མའི་མངའ་ཁོངས་ཡོངས་ལ་དབང་སྒྱུར་བཞིན་པའི་དུར་གྱིས་སྲིད་དབང་གྲོགས་སུ་དགུག་རྒྱུ་ནི། བཙན་པོའི་རྒྱལ་རབས་ལ་མཚོན་ན་དཔལ་འབྱོར་རིག་གནས་སོགས་ཀྱི་འབྲེལ་བ་ཙམ་མ་ཡིན་པར། སྲིད་དབང་བདེ་འཇགས་ཀྱི་འཐབ་ཇུས་དང་ཐད་ཀར་འབྲེལ་བའི་དོན་གནད་གལ་ཆེན་ཞིག་ཡིན་པས། དུར་གྱིས་ལ་ཆབ་སྲིད་གཉེན་འབྲེལ་བཙུགས་ནས་མནའ་མཐུན་གྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་དགོས་མཁོ་བྱུང་བ་རེད།
དེ་དང་ཕྱོགས་མཚུངས་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་ནི་སྨད་ཀྱི་རྨ་ནུབ་དོག་ལམ་དང་བར་གྱི་ཨན་ཞི་སྡེ་བཞི། སྟོད་ཀྱི་ཨེ་ཤ་ཡའི་དབུས་རྒྱུད་བཅས་དར་གོས་ཚོང་ལམ་གྱི་ཤར་དཀྱིལ་ནུབ་གསུམ་གྱི་ས་ཆ་རྣམས་དང་ཉེ་བར་འབྲེལ་ཞིང་། ས་ཆ་དེ་དག་ལ་ཚོད་འཛིན་བྱེད་བདེ་བའི་འགག་གནས་ཁྱད་པར་བ་ཞིག་ཏུ་གནས་ཡོད་པ་མ་ཟད། གཡས་གཡོན་ཕལ་ཆེར་རི་བོས་བསྐོར་བས་སྲུང་སླ་རྒོལ་དཀའི་ཁྱད་ཆོས་ཀྱང་རང་བཞིན་གྱིས་གྲུབ་ཡོད་པས། བོད་བཙན་པོའི་རྒྱལ་རབས་དང་མནའ་འབྲེལ་གཏིང་ཟབ་ཏུ་སྤེལ་རྒྱུ་ནི། གསར་དུ་བཙུགས་མ་ཐག་པའི་དུར་གྱིས་སྲིད་དབང་ལ་མཚོན་ན་ནང་སྲིད་བརྟན་འཇགས་ཡོང་བ་དང་ཕྱི་རུ་དབང་ཤུགས་བསྐྱེད་པའི་རྒྱབ་རྟེན་བཙན་པོ་ཞིག་རྙེད་པ་དང་གཅིག་མཚུངས་ཡིན། དེས་ན་བོད་དུར་གཉིས་འཐབ་ཇུས་ཀྱི་དོན་སྙིང་ཆེར་ལྡན་པའི་འགག་གནས་ཁྱད་པར་བར་གནས་པ་དེས་ཀྱང་བོད་དུར་དབར་གཉེན་སྒྲིག་གི་འབྲེལ་བ་འབྱུང་བྱེད་ཀྱི་རྒྱུ་གལ་ཆེན་ཞིག་ཏུ་གྲུབ་པར་སྙམ།
གསུམ། མནའ་འབྲེལ་གྱིས་རྒྱལ་རབས་སྔ་མའི་སྐབས་ནས་ནུས་པ་ཆེན་པོ་ཐོན་མྱོང་བ།
སྤྱི་ལོ་༦༥༧ལོར་ཐང་གུར་གྱིས་དྲུ་གུ་ནུབ་མའི་སྲིད་དབང་དབང་འོག་ཏུ་བསྡུས་ནས་གཡོན་རུ་ཏའོ་ལུའུ་ཚོ་ཤོག་ལྔའི་སར་ཁུན་ལིང་ཏུའུ་ཏུའུ་ཧྥུ་(昆陵都督府)དང་། གཡས་རུ་ནུའུ་ཧྲི་པི་ཚོ་ཤོག་ལྔའི་སར་མོང་ཁྲི་ཏུའུ་ཏུའུ་ཧྥུ་(蒙池都督府)ཞེས་པའི་ལས་ཁུངས་གཉིས་བཙུགས་པ་མ་ཟད། དྲུ་གུ་ནུབ་མའི་རྒྱལ་རྒྱུད་ཨ་ཧྲི་ན་སྨི་ཧྲེ་(阿史那弥射)ལ་ཁུན་ལིན་ཏུའུ་ཏུའུ་དང་ཞིན་ཞི་ཝང་ཁ་གན་(兴昔亡可汗)གྱི་གོ་ཐོབ་བསྩལ་ནས་ཏའོ་ལུའུ་ཚོ་ཤོག་ལྔའི་བདག་པོ་དང་། ཨ་ཧྲི་ན་པུའུ་ཀེ་(阿史那步真)ལ་མོང་ཁྲི་ཏུའུ་ཏུའུ་དང་ཅི་ཝང་ཅུའེ་ཁ་གན་(继往绝可汗)གྱི་གོ་ཐོབ་བསྩལ་ནས་ནུའུ་ཧྲི་པི་ཚོ་ཤོག་ལྔའམ་སི་ཅིན་ཚོ་ཤོག་ལྔའི་བདག་པོར་བསྐོས། འོན་ཀྱང་ཁ་གན་དེ་གཉིས་དབར་སྔོན་ནས་འགལ་བ་ཡོད་པས། སྐབས་དེར་དབང་ཆ་མཉམ་པར་གྱུར་པ་དེས་འགལ་བ་སྔར་ལས་ཇེ་ཆེར་གྱུར་ཅིང་། མཐར་ཨ་ཧྲི་ན་པུའུ་ཀྲེན་གྱིས་ཐང་གོང་མར་ཨ་ཧྲི་ན་སྨི་ཧྲེ་ནི་ངོ་ལོག་པ་ཞིག་ཡིན་པར་བསྙད་པས། ཐང་གུར་གྱི་དམག་དཔོན་སུའུ་ཧའེ་ཀྲེན་གྱིས་སྤྱི་ལོ་༦༦༢ལོར་ཨ་ཧྲི་ན་སྨི་ཧྲེ་ཉེས་མེད་དུ་བཀྲོངས། དེ་ལ་བརྟེན་ནས “ཚོ་ཤོག་ཚང་མས་ཞིན་ཞི་ཝང་ལ་མ་ཉེས་ཁ་གཡོགས་ཐེབས་པར་བསམས་ནས་བློ་འགྱུམ རིང་པོར་མ་ལོན་པར་ཅི་ཝང་ཅུའེ་ཁ་གན་ཡང་གྲོངས་ནས་རུས་ཚོ་བཅུ་ལ་བདག་པོ་མེད་པར་གྱུར། ཨ་ཧྲི་ན་ཏུའུ་ཀྲི་དང་ལི་ཀྲེ་ཧྥུ་གཉིས་ཀྱིས་འཁོར་ལྷག་མ་རྣམས་བསྡུས་ནས་བོད་ལ་མགོ་བཏགས་”⒃ཞེས་དང་། “དྲུ་གུ་ནུབ་མས་ནུབ་ལྗོངས་ནས་ཕམ་ཁ་མྱངས་རྗེས། གསར་དུ་བཙུགས་པའི་ཐུ་ལྷོད་བཙན་པོའི་རྒྱལ་རབས་རྒྱབ་རྟེན་དུ་བྱས་ཏེ་ཐང་གུར་གྱི་ཚོད་འཛིན་ལས་ཐར་དུ་རེ་བ་ལ། ཐུ་ལྷོད་བཙན་པོས་ཀྱང་ཏག་ཏག་ཁོའི་སྟོབས་ཤུགས་ནུབ་ལྗོངས་སུ་བསྐྱེད་པར་བསམས་ནས། དྲུ་གུ་ནུབ་མའི་ལྷག་ལུས་སྟོབས་ཤུགས་དང་ཐུ་བྷོད་རྒྱལ་རབས་གཉིས་ཀྱིས་ཐང་རྒོལ་མནའ་མཐུན་གྱི་འབྲེལ་བ་བཙུགས་པ་རེད་”⒄ཅེས་པ་ལྟར། སྤྱི་ལོ་༦༦༢ལོར་སུའེ་ཡེ་ཆུ་བོའི་ཤར་རྒྱུད་ཀྱི་དུར་གྱིས་སོགས་ཏའོ་ལུའུ་ཚོ་ཤོག་ལྔའི་འགོ་དཔོན་གསར་པ་ཨ་ཧྲིན་ཏུའུ་ཀྲི་ཐང་གུར་ལས་ངོ་ལོག་སྟེ་བཙན་པོའི་རྒྱལ་རབས་ལ་མགོ་བཏགས་ཤིང་། སྤྱི་ལོ་༦༦༧ལོར་ཨ་ཧྲི་ན་པུའུ་ཀྲེན་འདས་པ་དང་བསྟུན་སུའེ་ཡེ་ཆུ་བོའི་ནུབ་རྒྱུད་ཀྱི་ནུའུ་ཧྲི་པི་ཚོ་ཤོག་ལྔའི་འགོ་དཔོན་གསར་པ་ལི་ཀྲེ་ཧྥུས་ཀྱང་དེ་ལྟར་དུ་བཙན་པོའི་རྒྱལ་རབས་ལ་མགོ་བཏགས། དེ་བས་བཙན་པོའི་རྒྱལ་རབས་ཀྱིས་སྤྱི་ལོ་༦༦༣ལོར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འ་ཞ་རྣམས་འབངས་རྣལ་མར་བཀུག་པ་དང་། སྤྱི་ལོ་༦༧༠ལོར་ནུབ་ལྗོངས་ཀྱི་ཀྲོའུ་ཁག་བཅོ་བརྒྱད་ཕབ་ནས་ཨན་ཞི་སྡེ་བཞི་ཡོངས་སུ་བཀུག⒅ གཞན་ཡང་དྲུ་གུ་ནུབ་མ་བོད་འོག་ཏུ་འདུས་པ་དང་བོད་ཀྱི་ནུབ་བྱང་རྒྱུད་ཀྱི་མངའ་ཁོངས་སྲུང་མཁན་དུ་གྱུར་པ་ལ་བརྟེན་ནས། བཙན་པོའི་རྒྱལ་རབས་ཀྱིས་སྤྱི་ལོ་༦༧༠ལོའི་ཏཱ་ཧྥེ་ཁྲོན་གྱི་གཡུལ་འགྱེད་ཁྲོད་རྒྱལ་ཁ་ཆེན་པོ་བླངས་ནས་འ་ཞའི་མངའ་ཁོངས་གཏན་འཇགས་སུ་བཏང་། འོན་ཀྱང་། “བྱྀ་བའྀ་ལོ་(༦༧༦ལོ་)ལ:བབ་སྟེ། ......ཁྲྀ་མང:སློན་དགུན་(དགུང་)དུ་གཤེགས། བཙན་ཕོ:སྲས:ཁྲྀ:འདུས་སྲོང། སྒྲེགས་གྱྀ་ལྷ་ལུང་དུ་བལྟམ། ......གླང་གོ་ལོ་(༦༧༧ལོ་)ལ། ......རྱེ་ཤྀན:ཁུ:བུལ་བུ:དྔ:ལྕོག་ལ:རྀང་ཙུག་སྐོར:དྔ་གཉྀས། གློ་བ་རྀངསྟེ། ཞང་ཞུང་ལོག ......སྟགྀ་ལོ་(༦༧༨ལོ་)ལ:བབ་སྟེ།......ཡབ:བཏོལ:བར:ལོ་གཆྀག་”⒆ཅེས་སོགས་ཏུན་ཧོང་བོད་ཡིག་ཡིག་རྙིང་དུ་བྱུང་བ་ལྟར། མང་སྲོང་མང་བཙན་སྐུ་གཤེགས་པ་དང་། ནང་ཁུལ་ནས་ངོ་ལོག་བྱུང་བ། བཙན་པོ་གྲོངས་པའི་གསང་རྒྱ་བརྟོལ་བ་སོགས་དོན་ཆེན་གང་མང་བསྟུད་མར་བྱུང་ཞིང་། ཁྱད་པར་“ཡོས་བུའྀ་ལོ་ཡ། ......པྱྀང་བར:བཙན་ཕོ:ཡབ་གྱྀ་མདད་བཏང་བར་ལོ་ཅིག་”⒇ཅེས་སྤྱི་ལོ་༦༧༩ལོར་བཙན་པོ་སྔོན་མར་འདས་མཆོད་དང་དགུང་ལོ་གསུམ་ལས་མ་སོན་པའི་བཙན་པོ་གསར་པའི་ཁྲི་འཁོད་ཀྱི་མཛད་སྒོ་འཚོགས་པ་སོགས། སྐབས་དེའི་བློན་ཆེན་པོའི་འགན་དབང་བཞེས་པའི་མགར་བཙན་སྙ་ལྡོམ་བུ་སོགས་མགར་ཚང་གི་བློན་རྒྱུད་རྣམས་བོད་ཡུལ་དབུས་དང་ཤར་རྒྱུད་འ་ཞའི་ཡུལ་དུ་མཛད་བྲེལ་ཆེ་བས། ཐང་གུར་གྱིས་གོ་སྐབས་དེ་འདྲ་དམ་འཛིན་གྱིས་སྤྱི་ལོ་༦༧༩ལོར་བློན་ཆེན་ཕེ་ཞིན་ཅན་གྱི་བློ་ཐབས་ལ་བརྟེན་ནས་བོད་གཏོགས་དྲུ་གུ་ནུབ་མའི་སྲིད་དབང་མགོ་རྟིང་བསློགས་ཤིང།﹙21﹚ཨན་ཞི་སྡེ་བཞི་ཡང་ཕྱིར་བླངས་ནས་དྲུ་གུའི་འགག་གནས་སུའེ་ཡེ་རུ་མཁར་ཆེན་བརྩིགས་པ་མ་ཟད། དམག་དཔོན་གཞོན་པ་ཝང་ཧྥང་དབྱི་བྱ་བ་ལ་ཨན་ཞི་ཏུའུ་ཧུའུ་(安西都护)ཡི་གོ་ཐོབ་བསྩལ་ནས་སུའེ་ཡེ་མཁར་དུ་བཅའ་སྡོད་བྱེད་དུ་བཅུག་པས། དེས་བོད་དྲུའི་མཐུན་འབྲེལ་ལ་གནོད་ཚབས་ཆེན་པོ་བྱུང་ཡོད། སྤྱི་ལོ་༦༨༢ལོར་དྲུ་གུ་ནུབ་མའི་ཚོ་དཔོན་ཨ་ཧྲི་ན་ཁྲེ་པའོ་(阿史那车薄)ཡིས་དུར་གྱིས་དང་ཁྲུའུ་མུའུ་ཁུན། ཡན་མེན། ཝུའུ་ཧུའུ་སོགས་དྲུ་གུའི་ཚོ་པ་ཁག་གཅིག་དང་མཉམ་འབྲེལ་བྱས་ཏེ་ཐང་གུར་ལ་ངོ་ལོག་དམག་འཁྲུག་བསླངས་མོད། བོད་ཀྱི་རྒྱབ་སྐྱོར་མེད་པས་ཕམ་པ་དང་། སྤྱི་ལོ་༦༨༥ལོར་ཨ་ཧྲི་ན་ཐ་ཧྥུ་(阿史那他匐)ཡིས་བོད་ཀྱི་སྐུལ་སློང་འོག་དྲུ་གུ་ནུབ་མའི་རུས་ཚོ་བཅུའི་འགོ་འཛིན་བྱས་ཏེ་ཐང་གུར་ལ་ངོ་ལོག་དམག་འཁྲུག་བསླངས་ནའང་། ལོ་དེར་བོད་ཀྱི་བློན་ཆེན་པོ་མགར་བཙན་སྙ་བཀྲོངས་པ་སོགས་བོད་ནང་ཁུལ་དུ་འགལ་བ་ཚབས་ཆེན་བྱུང་བས། བཙན་པོའི་རྒྱལ་རབས་ཀྱིས་དུས་ཐོག་ཏུ་དམག་རོགས་གཏོང་མ་ཐུབ་ཅིང་། “ཁྱྀའི་ལོ་(སྤྱི་ལོ་༦༨༦ལོར་)ལ་བབ་སྟེ། ......བློན:ཁྲི་འབྲིང་གྱྀས། དྲུ་གུ:ཡུལ:དུ:དྲང་ཞེས:བགྱྀ་བགྱྀ་བ་ལས། ཕྱྀ་དལ་ཏེ་” ﹙22﹚ཞེས་པ་ལྟར། མགར་ཁྲི་འབྲིང་བློན་ཆེན་པོར་བསྐོས་རྗེས་མྱུར་དུ་དྲུ་གུར་འགྲོ་རྩིས་ཡོད་ཀྱང་བོད་དབུས་སུ་ལུས་པས། ཐང་གུར་ནས་བསྐོས་པའི་ཁ་གན་ཨ་ཧྲི་ན་ཡོན་ཆིང་དང་ཨ་ཧྲི་ན་ཧུའུ་སེ་ལུའོ་གཉིས་ཀྱིས་ཨ་ཧྲི་ན་ཐ་ཧྥུ་བཅོམ། དེ་རྗེས་“ཕགྀ་ལོ་ལ:བབ་སྟེ།......བློན་ཁྲྀ་འབྲྀང་གྱིག དྲུ་གུ:གུ་ཟན་ཡུལ:དུ་དྲངས་”﹙23﹚ཞེས་སྤྱི་ལོ་༦༨༧ལོར་མགར་ཁྲི་འབྲིང་གིས་དམག་སྣ་དྲངས་ནས་འཐབ་པས། “ཡན་ཆིའི་ནུབ་ཕྱོགས་ཀྱི་མཁར་རྫོང་ཐམས་ཅད་ཀྱིས་མགོ་མ་བཏགས་པ་གཅིག་ཀྱང་མེད་ཅིང་། དེ་ནས་ཤར་བསྐྱོད་ཀྱིས་ཀའོ་ཁྲང་ལྕགས་རི་བརྒལ་ཞིང་ཁྲེ་ཧྲིའི་ཐིན་བརྒྱུད་ནས་ཁྲང་ལོ་རྫོང་གི་ས་མཚམས་སུ་འཛུལ་ཏེ། མའོ་ཧིག་ཡན་བྱེ་ཐང་གིས་བར་བཅད་དེ་ཏུན་ཧོང་བར་དུ་གཏུགས་”﹙24﹚ཞེས་པ་ལྟར། ལི་ཡུལ་དང་ཤུ་ལིག གུ་ཟན། ཡན་ཆི་བཅས་སྟོད་ཀྱི་ཨན་ཞི་སྡེ་བཞི་ཙམ་མ་ཟད། སྨད་ཀྱི་ཀའོ་ཁྲང་ནས་ཏུན་ཧོང་ལ་ཐུག་གི་བར་གྱི་སའང་བཟུང་། “གླང་གྱྀ་ལོ་ལ་བབ་སྟེ། ......བློན་ཆེ་ཁྲྀ་འབྲྀང་དྲུ་གུ་ཡུལ་ནས:སླར་འཁོར་” ﹙25﹚ཅེས་པ་ལྟར། སྤྱི་ལོ་༦༨༩ལོར་མགར་ཁྲི་འབྲིང་བོད་ཡུལ་དབུས་སུ་ལོག་པ་དང་། དྲུ་གུ་ནུབ་མའི་ས་ཁོངས་སུ་མནའ་མཐུན་དམག་དཔུང་གཞན་མེད་པས། སྤྱི་ལོ་༦༩༢ལོར་ཝང་ཞའོ་ཅེས་སྣ་དྲངས་པའི་ཐང་གུར་གྱི་དམག་དཔུང་གིས་ཨན་ཞི་སྡེ་བཞི་ཡང་བསྐྱར་ཕྱིར་བླངས་པ་མ་ཟད། སྡེ་བཞིར་ས་སྲུང་དམག་མི་ཁྲི་གསུམ་བཞག་ཅིང་མཁར་རྫོང་མང་དུ་བརྩིགས་ནས་སྲུང་བ་དམ་པོ་བྱས། སྤྱི་ལོ་༦༩༣ལོར་མགར་ཁྲི་འབྲིང་འ་ཞར་སོང་ནས་འ་ཞའི་བྱང་རྒྱབ་ཀྱི་ཤིང་ཤན་དང་ཆེ་མོ་བརྒྱུད་ནས་ཨན་ཞི་སྡེ་བཞིར་རྒོལ་རྩིས་བྱས་པ་དང་། བོད་བསྐོས་དྲུ་གུ་ནུབ་མའི་ཏོན་ཡ་བགོ་ཁ་གན་ཡང་﹙26﹚བོད་དུ་ཡོང་མོད། དེ་རྗེས་ཀྱི་ལོ་ཤས་རིང་བོད་བཙན་པོའི་སྲིད་དང་འབྲེལ་བའི་གནས་ཚུལ་ཇི་སྙེད་ཅིག་ལྷག་པར་བརྟེན། བོད་བསྐོས་དྲུ་གུ་ནུབ་མའི་ཁ་གན་དང་མཉམ་དུ་དྲུ་གུ་ནུབ་མ་ཡོངས་དབང་དུ་བསྡུ་བའམ། དྲུ་གུ་ནུབ་མར་བརྟེན་ནས་ཨན་ཞི་སྡེ་བཞིར་རྒོལ་བའི་དམིགས་ཡུལ་མངོན་འགྱུར་མ་བྱུང་། གནས་ཚུལ་དེ་འདྲའི་འོག རིམ་གྱིས་དྲུ་གུ་ནུབ་མའི་ཚོ་པ་ཡོངས་དུར་གྱིས་ཚོ་པ་དང་ཐང་བསྐོས་དྲུ་གུ་ནུབ་མའི་ཁ་གན་གྱིས་བདག་འཛིན་བྱས། དེ་མིན་སྤྱི་ལོ་༦༩༠ལོ་ནས་བཟུང་ཏའོ་ལུའུ་ཚོ་ལྔའི་དུར་གྱིས་ཚོ་ཤོག་གི་ཚོ་དཔོན་ཝུའུ་ཀྲི་ལི་ཕ་བུས་ཐང་གུར་ལ་འབྲེལ་བ་དམ་ཟབ་བྱས་ཞོར། ཐང་བསྐོས་དྲུ་གུ་ནུབ་མའི་ཁ་གན་ཧུའུ་སེ་ལུའོ་ལ་ངོ་རྒོལ་བྱས་ཏེ་རུས་ཚོ་བཅུ་ཕལ་ཆེར་དང་གར་ལོག་སོགས་རུས་ཚོ་བཅུ་བཞི་འདུས་པའི་དུར་གྱིས་སྲིད་དབང་ཅུང་སྟོབས་ཆེ་བ་ཞིག་བཙུགས་མོད། སྲིད་དབང་གཞན་དག་དང་མནའ་འབྲེལ་མེད་ཅིང་ཐང་གུར་གྱིས་ནི་ཐང་གཏོགས་རྒྱལ་ཕྲན་ཞིག་ཏུ་བརྩིས་ནས་ཚོད་འཛིན་མང་དུ་བྱས་སྟབས། མཐར་ཝུའུ་ཀྲི་ལེ་“གྲང་འཁྱག་གིས་འདས་པ་”﹙27﹚སོགས་དུར་གྱིས་སྲིད་དབང་ཡང་ནང་འགལ་སིལ་ཐོར་དུ་སོང་། མདོར་ན། བོད་དུར་དབར་འབྲེལ་བ་དམ་ཟབ་ཡོད་དུས་གཉིས་ཀའི་སྟོབས་རྒྱས་ཤིང་། རྒྱལ་ཁ་བསྟུད་མར་བླངས་མྱོང་ལ། འབྲེལ་བ་ལྷོད་དུས་སོ་སོའི་འཕྲལ་གྱི་རྒྱལ་ཁ་ཆེན་པོའང་མཐའ་མ་བརྟན་པ་བཅས་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད་པས། མཛའ་མཐུན་རོགས་རེས་དང་གཉིས་ཕན་གྱི་མནའ་འབྲེལ་གཏིང་ཟབ་ཏུ་སྤེལ་ཆེད་བོད་དུར་ཕན་ཚུན་དབར་གཉེན་སྒྲིག་གི་དགོས་མཁོ་བྱུང་བ་རེད་སྙམ།
བཞི། བོད་དུར་མནའ་འབྲེལ་གྱིས་ས་ཁུལ་གཉིས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་མྱོང་བ།
བོད་བཙན་པོའི་མངའ་ཐང་བྱང་དུ་བསྐྱེད་ན་ཤར་ནུབ་བྱང་གསུམ་དུ་སྟོབས་ཤུགས་རྒྱ་སྐྱེད་ཐུབ་ཅིང་། མངའ་ཐང་བྱང་དུ་བསྐྱེད་པར་དྲུ་གུ་ནུབ་མའི་ས་ཁོངས་སུ་མནའ་མཐུན་གྱི་སྟོབས་ཤུགས་ཤིག་དགོས་པས། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ་༧༡༢ལོར་﹙28﹚རྒྱལ་སྲིད་བསྐྱངས་པ་ནས་བཟུང་། ཡང་བསྐྱར་དྲུ་གུ་ནུབ་མའི་སྲིད་དབང་གསར་པ་སྟེ། དུར་གྱིས་སྲིད་དབང་དང་མཉམ་འབྲེལ་བྱས་ཏེ་མངའ་ཁོངས་རྒྱ་སྐྱེད་ལ་འབད་ཅིང་། དུར་གྱིས་སྲིད་དབང་གི་རྗེ་བོ་གསར་པ་སུའུ་ལུའུ་ཡིས་ཀྱང་དྲུ་གུ་ནུབ་མའི་རུས་ཚོ་བཅུ་བཞིའི་སྲིད་དབང་བསྐྱར་འཛུགས་བྱས་(སྤྱི་ལོ་༧༡༥ལོ་)མ་ཐག་ནས་རང་སྲིད་སྲ་བརྟན་དང་མངའ་ཐང་རྒྱ་སྐྱེད་ཀྱི་ཆེད་དུ་བཙན་པོའི་རྒྱལ་རབས་དང་མཉམ་འབྲེལ་བྱས་ཡོད། དེ་ཡང་སྤྱི་ལོ་༧༡༥ལོར་སུའུ་ལུའུ་ཡིས་དུར་གྱིས་རྗེ་བོ་སྔོན་མ་སུའོ་ཀི་ཡི་མངའ་འབངས་ཁྲི་སུམ་ཅུ་ལྷག་བསྡུས་ནས་དུར་གྱིས་སྲིད་དབང་བསྐྱར་འཛུགས་བྱས་ཤིང་། ཐང་གུར་ནས་ཀྱང་སུའུ་ལུའུ་ལ་ཡུས་ལིན་གཡོན་པའི་དམག་དཔོན་ཆེན་མོ་(左羽林大将军)དང་ཅིན་ཧྥང་ཏའོ་ཡི་ཅིང་ལུའེ་ཏ་ཧྲི་(金方道经略大使)ཞེས་པའི་གོ་གནས་བསྩལ་བ་དང་། སྤྱི་ལོ༧༡༦ལོར་སུའུ་ལུའུ་ཡིས་དྲུ་གུ་ཕྱི་མའི་འབུག་ཅོར་ཁ་གན་འདས་པ་དང་བསྟུན་ནས་རང་གིས་རང་ལ་དུར་གྱིས་ཁ་གན་ཞེས་འབོད་མོད། སྐབས་དེར་ཐང་གུར་གྱིས་བསྐོས་པའི་དྲུ་གུ་ནུབ་མའི་བདག་པོ་ཨ་ཧྲི་ན་ཞན་﹙29﹚གྱིས་དྲུ་གུ་ནུབ་མའི་ཚོ་ཤོག་ཕལ་ཆེར་ལ་བདག་འཛིན་བྱེད་བཞིན་ཡོད་པས། “གོང་མས་(ཐང་ཞོན་ཙུང་)ཨ་ཧྲི་ན་ཞན་བྱང་ཕན་(དྲུ་གུ་ནུབ་མ་བ་)གྱི་བདག་པོར་གཏོང་འདོད་པ་ལ་” ﹙30﹚ཞེས་ཐང་གུར་གྱིས་སུའུ་ལུའུ་ཡི་ཁ་གན་གྱི་གོ་གནས་ཁས་ལེན་མ་བྱས་པ་མ་ཟད། ཨ་ཧྲི་ན་ཞན་སྔར་བཞིན་དུར་གྱིས་དང་བཅས་པའི་དྲུ་གུ་ནུབ་མ་བ་ཡོངས་ཀྱི་བདག་པོར་བསྐོ་རྩིས་བྱས། དོན་དེ་“སུའུ་ལུའུ་ཡིས་བཀག་ནས་དང་ལེན་མ་བྱས་” ﹙31﹚པ་མ་ཟད། སྤྱི་ལོ་༧༡༧ལོར་“དུར་གྱིས་ཀྱིས་ཏ་ཟིག་དང་བོད་ཀྱི་དམག་དྲངས་ནས་ཨན་ཞི་སྡེ་བཞི་འཕྲོག་རྩིས་ཀྱིས་པོ་ཧོན་མཁར་དང་ཏ་ཧྲི་མཁར་གཉིས་བསྐོར་” ﹙32﹚བས། མཐར་ཐང་བསྐོས་ཁ་གན་ཨ་ཧྲི་ན་ཞན་གྱིས་སུའུ་ལུའུ་ཡི་འཐབ་ཟླར་མ་ཟློ་བར་ཕྱིར་ཁྲང་ཨན་དུ་ལོག་ནས་འདས་པ་སོགས། གང་ལྟར་ཐང་ཞོན་ཙུང་རྒྱལ་བློན་རྣམས་ཀྱིས་ཀྱང་སྐབས་དེ་ཤེད་དུ་བོད་ཐང་གཉིས་དབར་འཐབ་འཁྲུག་ཛ་དྲག་ཆེ་བ་དང་། དྲུ་གུ་ཕྱི་མའི་རྒྱལ་རབས་ཀྱིས་བ་ཡེ་ཀུ་དང་ཡུ་གུར་སོགས་ཉེ་འཁོར་གྱི་ཚོ་ཤོག་དག་དབང་དུ་བསྡུ་བའི་དམག་འཁྲུག་རྒྱག་བཞིན་ཡོད་པ། ཏ་ཟིག་པས་དུར་གྱིས་ནུབ་ཕྱོགས་ཀྱི་ཐང་གུར་ལ་གཏོགས་པའི་ས་ཁུལ་དག་ལ་བཙན་འཛུལ་བྱེད་བཞིན་ཡོད་པ། ཁྱད་པར་དུར་གྱིས་ཀྱིས་བཙན་པོའི་རྒྱལ་རབས་དང་ཡང་མཉམ་འབྲེལ་བྱེད་བཞིན་ཡོད་པ་སོགས་ལ་དམིགས་ནས། སུའུ་ལུའུ་རང་ཕྱོགས་སུ་འགུག་པར་འབད་བརྩོན་གྱིས་སྤྱི་ལོ་༧༡༨ལོར་སུའུ་ལུའུ་ལ་སྔར་ཡོད་ཀྱི་གོ་ཐོབ་སྟེང་ཧྲུན་གོ་གུང་(顺国公)ཞེས་པ་དང་། ལོ་རྗེས་མར་ཕི་ཅ་ཀྲུང་ཧྲུན་ཁ་གན་(毗伽忠顺可汗)ཞེས་པའི་གོ་ཐོབ་བསྩལ་ནས་ཁོའི་ཁ་གན་གྱི་དབང་ཆ་ཁས་བླངས་པ་མ་ཟད། སུའུ་ལུའུ་ཡིས་ཁོ་རང་སུའེ་ཡེ་མཁར་དུ་བཅའ་སྡོད་བྱ་རྒྱུའི་རེ་བ་ བཏོན་པའང་ཁས་ལེན་བྱས་ལ། སྤྱི་ལོ་༧༢༢ལོར་ཐང་བསྐོས་དྲུ་གུ་ནུབ་མའི་ཅི་ཝང་ཅུའེ་ཁ་གན་གསུམ་པ་ཨ་ཧྲི་ན་ཧོའེ་ཏའོ་(阿史那怀道)ཡི་བུ་མོར་ཅའོ་ཧོ་ཀོང་ཇོ(交河公主)ཡི་མིང་ཐོབ་སྤྲད་ནས་སུའུ་ལུའུའི་བག་མར་བཏང་ཡོད།
དེ་མཚུངས་“བར་སྐབས་སུ་ཀྲང་ཞོན་པོའི་དང་ལི་ཀྲི་ཀུའུ་སོགས་ཀྱིས་ཤར་ནུབ་གཉིས་ནས་སྔོན་ལ་དམག་དྲངས་ཤིང་། བོད་ལ་......འཕྲོག་བཅོམ་བྱས......ས་མཚམས་དམག་དཔོན་གྱིས་ཕན་ཚུན་དམག་འདྲེན་རེས་བྱས་པས་ད་ལྟའི་བར་དུ་འཁོན་འགྲས་བྱུང་”﹙33﹚ཞེས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ་༧༢༩ལོར་ཐང་གུར་གྱི་གོང་མ་ཞོན་ཙུང་ལ་འཕྲིན་ཡིག་ཅིག་བཏང་བའི་ནང་དོན་ལྟར། བར་སྐབས་ཤིག་གི་རིང་སྟེ། སྤྱི་ལོ༧༡༠ལོར་ཐང་གུར་གྱི་ལྟ་ཞིབ་དཔོན་ཚབ་ལི་ཀྲི་ཀུའུ་བྱ་བས་དེང་གི་ཡུན་ནན་ཁྲུའུ་ཞུང་ཁུལ་གྱི་ཡའོ་ཨན་རྫོང་རྒྱུད་ཀྱི་མྱྭའི་ཚོཔ་རྣམས་ལ་རྒོལ་﹙34﹚བ་དང་། ཨན་ཞི་སྡེ་བཞིའི་ཏུའུ་ཧུའུ་སྟེ། ཀྲང་ཞོན་པོ་བྱ་བས་བོད་ཀྱི་བྱང་མཐར་རྒོལ་བ་དང་། བོད་ཀྱི་མཐའ་སྲུང་དམག་དཔོན་གྱིས་ཀྱང་མྱྭའི་ཚོ་དཔོན་པང་མིང་གི་སྣེ་ཤན་འོག་ལི་ཀྲི་ཀུའུ་ལ་རྒོལ་ཏེ་བཀུམ་པ་དང་། ཧྲན་ཀྲོའུ་ཏུའུ་ཏུའུ་དབང་ཅུས་(都州都督杨矩)ལ་རྔན་པ་སྟེར་ཏེ་རྨ་ཆུའི་ནུབ་རྒྱུད་ཀྱི་ཅིའུ་ཆུས་ས་ཁུལ་རྣམས་གྱིམ་ཤིང་ཀོང་ཇོའི་རྫོངས་སྐལ་དུ་བླངས་པ་﹙35﹚མ་ཟད། ཅིའུ་ཆུས་བརྒྱུད་ནས་“ལོ་ངོ་བཅུ་ཕྲག་དུ་མར་ཀན་ཀྲོའུ་དང་ལེང་ཀྲོའུ། ཧོ་ཀྲོའུ། ཧྲན་ཀྲོའུ་བཅས་སུ་དམག་གཏོང་མཚམས་མ་བཞག་” ﹙36﹚པས། དེ་རྗེས་ཐང་གུར་ནས་ཧོ་ཞི་ཅེ་ཏུའུ་ཧྲི་(河西节度使)དང་ལུང་ཡུག་ཅེ་ཏུའུ་ཧྲི།(陇右节度使) ཅན་ནན་ཅེ་ཏུའུ་ཧྲི།(剑南节度使) ཨན་ཞི་ཅེ་ཏུའུ་ཧྲི།(安西节度使) པེ་ཐིང་ཅེ་ཏུའུ་ཧྲི་(北庭节度使)བཅས་ཅེ་ཏུའུ་ཧྲི་ལྔ་﹙37﹚བཙུགས་ནས་འགོག་རྒོལ་བྱས་པ་སོགས། ཐང་བོད་གཉིས་ཆར་རེས་རྒྱལ་རེས་ཕམ་གྱི་གནས་ཚུལ་སྣ་ཚོགས་བྱུང་སྟེ། “རྒྱལ་ཁ་ཡང་ཡང་ཐོབ་ཀྱང་དེས་གྱོང་གུན་གསབ་མི་ཐུབ་” ﹙38﹚ཅེས་པ་ལྟར། མི་རྒྱུ་གཉིས་ཐད་ནས་དཀའ་སྡུག་ཆེན་པོ་བྱུང་ཡོད། དེ་བཞིན་སྤྱི་ལོ་༧༡༧ལོར་བཙན་པོའི་རྒྱལ་རབས་ཀྱིས་ནུབ་བྱང་རྒྱུད་ཀྱི་དུར་གྱིས་སྲིད་དབང་གསར་པ་དང་དངོས་སུ་མཉམ་འབྲེལ་བྱས་རྗེས། སྤྱི་ལོ་༧༢༧ལོར་“བློན་ཆེ་སྟག་སྒྲ་ཁོང་ལོད་དང་། རྗེ་བློན་མོལ་ནས། ། རྒྱལ་པོ་ཞབས་ཀྱྀས་བཙུགས་ཏེ། ། ......རྒྱ་འི་མཁར་ཀྭ་ཅུ་ལ་སྩོགས་པ་ཕབ་......རྒྱ་འྀ་ནོར་མང་པོ་སྟོད་པྱོགས་སུ་འདོན་པ་རྣམས། ། ......ཐམས་ཆད་བོད་ཀྱིས་ཕབ་སྟེ་བཞེས་”﹙39﹚པ་དང་། ད་དུང་དམག་ཀྭ་ཅུ་ནས་ནུབ་ཕྱོགས་སུ་དྲངས་ཏེ་དུར་གྱིས་ཁ་གན་སུའུ་ལུའུ་དང་མཉམ་དུ་ཨན་ཞི་སྡེ་བཞིའི་ཏུའུ་ཧུའུ་ཧྥུ་ཡོད་ས་གུ་ཟན་ལ་རྒོལ་བས། “བོད་ཀྱི་བཙན་པོ་དང་དུར་གྱིས་སུའུ་ལུའུ་གཉིས་ཀྱིས་ཨན་ཞི་མཁར་བསྐོར་”﹙40﹚ཞེས་གྲགས་པ་སོགས། བོད་བཙན་པོའི་རྒྱལ་རབས་ཀྱིས་དུར་གྱིས་གྲོགས་སུ་བརྟེན་ནས་མངའ་ཐང་བྱང་ཤར་ལྷོ་གསུམ་དུ་རྒྱ་བསྐྱེད་པར་འབད་མོད། སྐབས་དེར་ཡང་ཐང་གུར་ནས་བོད་དམག་གི་དུས་ཚིགས་རང་བཞིན་གྱི་ཚུར་རྒོལ་ལ་དམིགས་ཏེ་སྟོན་ཀའི་འགོག་སྲུང་ལམ་ལུགས་(防秋制)བཙུགས་﹙41﹚ནས་འགོག་སྲུང་དང་ཕར་རྒོལ་བས་པ་སོགས། འཐབ་འཁྲུག་གི་གནོད་པས་ཕྱོགས་གཉིས་ཀར་གྱོང་གུན་ཚབས་ཆེན་བྱུང་བས། སྤྱི་ལོ་༧༢༩ལོ་ནས་བཟུང་བོད་ཐང་གཉིས་ཀྱིས་ཞི་མཐུན་ལ་འབད་དེ། སྤྱི་ལོ་༧༣༣ལོར་གཞི་ནས་རི་བོ་ཁྲི་ལིང་དུ་མཇལ་འདུམ་བྱེད་ཐུབ་པ་བྱུང་ཡོད། སྐབས་དེ་དག་ཏུ་ད་དུང་བཙན་པོའི་རྒྱལ་རབས་ཀྱི་རྒྱབ་སྐྱོར་འོག་སྤྱི་ལོ་༧༢༩ལོར་﹙42﹚དུར་གྱིས་ཀྱི་དམག་དཔུང་གིས་ཏ་ཟིག་ཨ་རབ་﹙43﹚ཀྱི་དམག་དཔུང་ལ་ཕར་རྒོལ་བྱས་ཏེ། ཁང་རྒྱལ་ཁབ་﹙44﹚ཀྱི་ས་ཆ་མང་པོ་ཞིག་བླངས་ཡོད་ལ། ཕར་རྒོལ་བྱེད་སྐབས་ཁ་གན་སུའུ་ལུའུ་ཡི་གདོང་དང་བྲང་ལ་སྔ་རྗེས་སུ་མདའ་ཕོག་ནའང་བོད་ཀྱི་གོ་ཁྲབ་གྱོན་ཡོད་པས་སྐྱོན་མ་བྱུང་བ་དང་། “སྤྲེའུ་ལོ་ལ།......ཏ་་དང་དུར་གྱྀས:གྱྀ་པོ་ཉ་ཕྱག་འཙལད་” ﹙45﹚ཅེས་པ་ལྟར། སྤྱི་ལོ༧༣༢ལོར་དུར་གྱིས་ཙམ་མ་ཟད། ཏ་ཟིག་གི་ཕོ་ཉ་ཡང་བོད་དབུས་སུ་ཡོང་ནས་ཕྱག་འཚལ་བ་སོགས། དུར་གྱིས་ཀྱིས་རྒྱལ་ཁ་བསྟུད་མར་བླངས་པ་དང་། ནང་སྲིད་བརྟན་འཇགས་དང་མངའ་ཁོངས་རྒྱ་བསྐྱེད་པར་བཙན་པོའི་རྒྱལ་རབས་ཀྱིས་ནུས་པ་མི་དམན་པ་ཞིག་ཐོན་ཡོད།
དེ་ལྟར་བོད་དུར་གཉིས་དབར་དེ་ལྟ་བུའི་མནའ་འབྲེལ་གཏིང་ཇེ་ཟབ་ཏུ་གཏོང་ཆེད། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ༧༣༤ལོར་རང་གི་གཅེན་མོ་འདྲོན་མ་ལོད་བྱ་བ་དུར་གྱིས་ཁ་གན་སུའུ་ལུའུ་ལ་བག་མར་བཏང་བ་ཡིན། དེས་ན་ཁ་གན་སུའུ་ལུའུ་ཡིས་དེ་སྔོན་ཐང་གུར་གྱི་ཅའོ་ཧོ་ཀོང་ཇོ་དང་དྲུ་གུ་ཕྱི་མའི་རྒྱལ་རབས་ཀྱི་ཀོང་ཇོ་བཅས་ཁབ་ཏུ་བསུས་ཡོད་བཞིན་དུ་བོད་བཙན་པོའི་གཅེན་མོ་འདྲོན་མ་ལོད་བཙུན་མོར་བསུས་པ་དེ་ལ་རྒྱའི་ཡིག་ཚང་དུ། “(སུའུ་ལུའུ་ཡིས་)ཐང་གུར་ཀོང་ཇོ་བཙུན་མོར་བླངས་ཡོད་བཞིན་དུ་ལྐོག་ནས་དྲུ་གུ་དང་བོད་ལ་འབྲེལ་བ་བྱས་ཤིང་། དྲུ་གུ་དང་བོད་ཀྱིས་ཁོར་བུ་མོ་རེ་ཆུང་མར་བྱིན་པར། ཁོས་དེ་གསུམ་གའི་བུ་མོ་ཁ་ཏུན་(རྒྱལ་མོ་)དུ་བསྐོས་” ﹙46﹚ཞེས་འཁོད་ཡོད།
མཇུག་བསྡུའི་གཏམ།
བོད་ཀྱི་བཙནམོ་འདྲོན་མ་ལོད་དུར་གྱིས་ཁ་གན་ལ་བག་མར་བཏང་བ་ནི་བོད་དུར་ཕན་ཚུན་གཉིས་ཀའི་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་པའི་གཉེན་སྒྲིག་ཅིག་ཡིན་ཏེ། གཙོ་བོ་བོད་དུར་གྱི་མནའ་འབྲེལ་གཏིང་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན། དེ་ཡང་བོད་དུར་གཉིས་ནི་ཕན་ཚུན་ས་ཁད་ཉེ་བའི་མངའ་ཐང་སྟོབས་འབྱོར་ཅན་ཞིག་ཡིན་པས། མཛའ་མཐུན་རོགས་རེས་དང་གཉིས་རྒྱལ་གཉིས་ཁེའི་མནའ་འབྲེལ་གྱི་རྨང་གཞི་གྲུབ་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ཆེར་ལྡན་པའི་འགག་གནས་སུ་གནས་པས། ཕན་ཚུན་དབར་གཅིག་རོགས་གཅིག་ཕན་གྱི་དགོས་མཁོ་བྱུང་བ། མནའ་འབྲེལ་གྱིས་རྒྱལ་རབས་སྔ་མའི་སྐབས་ནས་ཕན་ཚུན་དབར་ནུས་པ་ཆེན་པོ་ཐོན་མྱོང་བས། ཕན་ཚུན་དབར་རྒྱུས་མངའ་ཆེ་ཞིང་མནའ་འབྲེལ་གྱི་གྲུབ་འབྲས་ལའང་ཡིད་ཆེས་བརྟན་པོ་བྱུང་བ་སོགས། མནའ་འབྲེལ་གྱིས་ས་ཁུལ་གཉིས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་མྱོང་བ་བཅས་ཀྱིས་བོད་དུར་དབར་ཆབ་སྲིད་གཉེན་འབྲེལ་དེ་འདྲ་འབྱུང་བའི་རྒྱུ་རྐྱེན་འཛོམས་པ་ཡིན། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①⑦⒆⒇﹙22﹚﹙23﹚﹙25﹚﹙45﹚《王尧藏学文集》(卷-), 中国藏学出版社,2012年,第28-29、29-30、15、15、17、17、17、28 页。
② 中共中央马克思恩格斯列宁斯大林著作编译局编:《马克思恩格斯选集》(第四卷),人民出版社,2006年,76 页。
③ པེ་ཏི་ཞེས་པ་ནི་དྲུ་གུ་སོགས་སྐབས་དེའི་ཐང་གུར་གྱི་བྱང་ཕྱོགས་མི་རིགས་ཁག་ལ་གོ
④ 吴兢撰、裴汝诚等译注:《贞观政要译注》,上海古籍出版社,2006年,420页。
⑤ བོད་དུར་དབར་གཉེན་སྒྲིག་གི་འབྲེལ་བ་བཙུགས་རྗེས་སྤྱི་ལོ༧༣༤ལོར། ཐང་གུར་གྱི་དམག་དཔོན་ལིའུ་ཧོན་(刘涣)གྱིས་གཞན་གྱི་ངན་སྐུལ་ལ་བརྟེན་ནས་དུར་གྱིས་བློན་པོ་ཆུའེ་སི་ཅིན་(阙俟斤)བཀུམས་ནས་དེའི་ནོར་ལུག་འཕྲོགས་པ་དང་། དུར་གྱིས་བློན་པོ་ཆུའེ་དབྱི་ནན་རུའུ་(阙芬聊讶鴷)ཡིས་དངུལ་གྱི་བུམ་པ་དང་གླ་རྩི་སོགས་དངོས་ཆས་མང་པོ་ཁྱེར་ཏེ་བཙན་པོ་ཁྲི་ལྡེ་གཙུག་བཙན་ལ་སྐྱེས་འབུལ་དུ་ཕྱིན་པ་ཕ་སྨིར་མཐོ་སྒང་བརྒྱུད་དུས་ས་གནས་དེ་གའི་ཐང་དམག་གིས་བཟུང་། དེ་རྗེས་ཐང་གུར་གྱིས་དུར་གྱིས་ཀྱི་བོད་འབུལ་ལེགས་སྐྱེས་ཡོངས་རྫོགས་བོད་ཀྱི་བཙན་པོར་འཕྲོད་པར་བྱས་ཤིང་། འཕྲོགས་པའི་རྟ་ལུག་གི་སྐྱིན་ཚབ་སྤྲད་པ་དང་སྦྲགས། ལིའུ་ཧོན་གྱི་ཁྱིམ་གཏོར་ཅིང་དེའི་མགོ་བཅད་དེ་སུའུ་ལུའུ་ལ་བསྐུར། ཡིན་ནའང་། སུའུ་ལུའུ་ཡིས་སྐྱིན་ཚབ་སོར་ཆུད་མ་བྱུང་བར་ཁ་གཡར་ཏེ་ཨན་ཞིར་ཕར་རྒོལ་བྱས། འདུམ་ཐབས་མ་བྱུང་བས་ཐང་དུར་གཉིས་དབར་ལོ་ངོ་གསུམ་རིང་འཐབ།
⑥ ཐང་དུར་གཉིས་འཐབ་པའི་སྐབས་སུ་བོད་ཐང་གཉིས་དབར་ཞི་འདུམ་བྱུང་བས། བཙན་པོའི་རྒྱལ་རབས་ཀྱིས་དུར་གྱིས་ལ་རོགས་སྐྱོར་བྱས་མེད་ཀྱང་། “བྱྀ་བའྀ་ལོ་(སྤྱི་ལོ༧༣༦ལོ་)ལ། ......ཅོག་རོ་མང་པོ་རྗེ་ཁྱྀ་ཆུང་གྱྀས། དྲུ་གུ་ཡུལ་དུ་དྲངས་”ཞེས་དུར་གྱིས་ཀྱིས་ཏ་ཟིག་ལ་འཐབ་རིང་དུར་གྱིས་ལ་རོགས་སྐྱོར་བས་ཡོད་པ་མ་ཟད། “གླང་གྀ་ལོ་(སྤྱི་ལོ༧༣༧ལོ་)ལ། ......བློན་སྐྱེས:བཟང:ལྡོང་ཙབ:གྱྀས། བྲུ་ཞ་ཡུལ་དུ་དྲངས། ......བྲུ་ཞའོ:རྒྱལ:པོ:ཕབ་སྟེ:པྱག་འཚལད”ཅེས་ལོ་ཕྱི་མར་བོད་དུར་བར་གྱི་བྲུ་ཤ་བླངས་པས། སྐབས་དེར་ནུབ་ཕྱོགས་ཀྱི་ཡུལ་ཚོ་ཉི་ཤུ་ལྷག་གིས་བཙན་པོའི་རྒྱལ་རབས་ལ་མགོ་བཏགས། འོན་ཀྱང་སུའུ་ལུའུ་བཀྲོངས་རྗེས་དུར་གྱིས་སྲིད་དབང་ནང་ཚན་གསུམ་དུ་གྱེས་ནས་འགལ་ཟླར་གྱུར་ཅིང་། སྐབས་དེ་དང་བསྟུན་ཏེ་ཐང་གུར་གྱིས་དེ་དག་རེ་རེ་བཞིན་བཅོམ་པས། དེ་ཚུན་བོད་དུར་མཉམ་འབྲེལ་མ་བྱུང་བ་དང་། བོད་ཐང་གཉིས་ཡང་བསྐྱར་འཁྲུག་འགོ་ཚུགས་པ་ཡིན།
⑧ སུའོ་ཀི་བཀྲོངས་རྗེས་ཁོའི་མངའ་འབངས་ཕལ་ཆེ་བ་ཐང་གུར་གྱིས་བསྐོས་པའི་དྲུ་གུ་ནུབ་མའི་རུས་ཚོ་བཅུའི་ཁ་གན་ཨ་ཧྲི་ན་ཞན་དང་དྲུ་གུ་ཕྱི་མའི་རྒྱལ་རབས་ཀྱི་དབང་འོག་ཏུ་གྱུར་ཅིང་། འགའ་ཤས་ནི་ཕྱོགས་སོ་སོར་འཐོར།
⑨ འདིར་《ཐང་ཡིག་རྙིང་མ་》ལྟར་བཀོད་པ་ཡིན་ཏེ། 《སྲིད་སྐྱོང་མེ་ལོང་》དང་《ཐང་ཡིག་གསར་མ་》རུ་མངའ་འབངས་ཁྲི་ཉི་ཤུ་ཡོད་པར་བཤད།
⑩ དེང་གི་ཅིར་ཅི་སི་སི་ཐན་རྒྱལ་ཁབ་(吉尔吉斯斯坦)ཀྱི་ཐོ་ཁུ་མ་ཁེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱད་ཀྱི་སར་ཡོད། མཁར་དེའི་བྱང་ཕྱོགས་སུ་སུའེ་ཡེ་ཆུ་བོ་(碎叶川)འམ་ཁྲུའུ་ཧོ་ཆུ་བོ་(楚河)ཞེས་པ་ཞིག་ཡོད་པ་ལས་ས་མིང་དེ་ལྟར་ཐོགས་སྐད།
⑾﹙35﹚﹙36﹚﹙38﹚刘昫等编:《二十四史(简体字本)•旧唐书》,中华书局,2016年,第3554、3557、3557、3557页。
⑿ ཕྱོགས་བཞིའི་རྒྱལ་ཁམས་ལས་ལེགས་ཆ་ལེན་ཚུལ་ནི་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༦ལོར་དཔར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཡི་སྟོད་ཆའི་ཤོག་ངོས་༡༨༤ན་གསལ།
⒀ [日]森安孝夫著,钟美珠、俊谋译:《中亚史中的西藏–吐蕃在世界史中所居地位之展望》发表于《西藏研究》, l987年第4期。
⒁ འདུས་སྲོང་གི་སྐུ་ཚེའི་སྟོད་དང་དེའི་ཡར་སྔོན་ལ། བཙན་པོའི་རྒྱལ་རབས་ཀྱིས་བོད་ཀྱི་ནུབ་བྱང་ཕྱོགས་ཀྱི་དྲུ་གུ་ནུབ་མ་བ་དག་རང་ཁོངས་སུ་འགུག་པའམ། དེ་དག་ལ་རྒྱབ་སྐྱོར་བྱེད་པར་འབད་པས། བྱང་རྒྱབ་ཀྱི་ཨན་ཞི་སྡེ་བཞི་ཙམ་མ་ཡིན་པའི་བྱང་ཤར་གྱི་འ་ཞ་དང་རྨ་ཙོང་ཆུ་བོའི་ཉེ་འབྲེལ་གྱི་ས་ཆ་གང་མང་། ཤར་ལྷོའི་མྱྭ་དཀར་ནག ནུབ་ཕྱོགས་ཀྱི་བྲུ་ཤ་དང་ཧུའུ་སྨི་ལ་སོགས་པར་ཡང་དབང་བསྒྱུར་དང་ཚོད་འཛིན་བྱེད་ཐུབ་ཡོད་མོད། འདུས་སྲོང་གི་སྐུ་ཚེའི་སྨད་དུ་མགར་རྒྱུད་བློན་ཆེན་རྣམས་སྔ་ཕྱིར་ཚར་བཅད་པས། བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ཤར་ནུབ་ཕྱོགས་སུ་བསྐྱེད་པ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
⒂ སུའེ་ཡེ་ཆུ་བོའི་ནུབ་ཕྱོགས་ཀྱི་དྲུ་གུ་ནུབ་མའི་སི་ཅིན་ཚོ་ཤོག་ལྔ་དང་བོད་ཀྱི་དབར་བྱེ་ཐང་གཅིག་གིས་མ་གཏོགས་བར་ཆོད་མེད་ཅིང་། ཡུལ་དེ་ནས་སྐྱ་དམག་མགྱོགས་པོར་ཕྱིན་ཚེ་ཉིན་བཅུ་ཙམ་གྱི་ནང་བོད་ཀྱི་ཕོ་བྲང་རྡོག་པས་བརྫི་ཐུབ་ཚུལ་མགར་ཁྲི་འབྲིང་གིས་ཐང་གུར་གྱི་མཇལ་འདུམ་ཕོ་ཉ་ཀོ་ཡོནཀྲེན་དང་མཇལ་འདུམ་བྱེད་སྐབས་བརྗོད་འདུག་སྟེ། ཞིབ་ཕྲ་རྒྱའི་ཡིག་ཚང་《ཐུང་ཏེན》(通典)གྱི་《བོདཀྱི་ལོ་རྒྱུས་》ཞེས་པར་གསལ།
⒃⒅﹙27﹚﹙32﹚﹙40﹚﹙46﹚[宋]司马光著,黄锦故主编:《资治通鉴》第五辑•隋唐(上),新世界出版社,2009年,第682、709、901、990、1030、1070 页。
⒄ 江戍疆、宋建伟:《唐与吐蕃在西域的斗争》载于《喀什师范学院学报》,1989年,第1期。
﹙21﹚ཐང་གུར་གྱི་བློན་ཆེན་ཕེ་ཞིན་ཅན་གྱིས་པར་སིག་གི་རྒྱལ་སྲས་ཕྱིར་སྐྱེལ་བར་བསྙད་ནས་དྲུ་གུ་ནུབ་མའི་མངའ་ཁོངས་བརྒྱུད་སྐབས། ཨ་ཧྲི་ན་ཏུའུ་ཀྲི་དང་ལི་ཀྲེ་ཧྥུ་གཉིས་ནི་དོགས་མེད་དུ་གནས་པས། དེ་རྗེས་ཐང་དམག་གིས་འཇུ་བཟུང་བྱས།
﹙24﹚[宋]王溥撰,牛繼清校证:《唐会要校证》(下),三秦出版社,2012年,第 1140页。﹙26﹚རྒྱའི་ཡིག་ཚང་ལྟར་ན། ཐང་གུར་གྱིས་བསྐོས་པའི་ཏོ་ལུའུ་ཚོ་ལྔའི་ཁ་གན་ཨ་ཧྲི་ན་ཡོན་ཆིང་བྱ་བ་ནི་དེའི་གཤམ་འོག་གི་དཔོན་ངན་ལའེ་ཅུན་ཁྲིན་བྱ་བས་ཉེས་མེད་དུ་བཀྲོངས་(སྤྱི་ལོ་༩༣ལོར་)པ་མ་ཟད། དེའི་བུ་ཆུང་བ་ཨ་ཧྲི་ན་ཞན་བྱ་བ་ཡང་རྒྱང་འབུད་དུ་བཏང་། དེ་རྗེས་(སྤྱི་ལོ་༦༩༤ལོར་)དྲུ་གུ་ནུབ་མ་བས་དེའི་བུ་ཆེ་བ་ཨ་ཧྲི་ན་ཐུའེ་ཙི་བྱ་བ་ཁ་གན་དུ་བཀུར་ནས་མགར་བཙན་ཉེན་གུང་རྟོན་དང་མཉམ་དུ་ཨན་ཞི་སྡེ་བཞིར་ཕར་རྒོལ་བྱས་པ་ལ། ཝང་ཞའོ་ཅེའི་དཔུང་གིས་ཕམ་པར་བྱས་པ་ཡིན་པས། དེས་ན་བོད་རྒྱའི་ཡིག་ཚང་ཕན་ཚུན་ཞིབ་བསྡུར་བྱས་ཚེ། སྤྱི་ལོ་༦༩༤ལོ་དང་༦༩༩ལོ་སྟེ། སྔ་ཕྱིར་བོད་དུ་ཡོང་བའི་ཏོན་ཡ་བགོ་ཁ་གན་བྱ་བ་ནི་ཨ་ཧྲི་ན་ཐུའེ་ཙི་ཡིན་ངེས།
﹙28﹚ཏུན་ཧོང་ཤོག་དྲིལ་P. T1288ལས། “བྱྀ་བའྀ་ལོ་(སྤྱི་ལོ་༧༡༢ལོ་)ལ། བཙན་པོ་མཚན་རྒྱལ:གཙུག་རུ་ལས། ཁྲྀ་ལྡེ་གཙུག་རྩན་དུ་གསོལད། པྱྀ་ཁྲྀ་མ་ལོད་ནོངས་”ཞེས་བྱུང་བས་ཤེས་ནུས།
﹙29﹚ཨ་ཧྲི་ན་ཞན་ནི་ཐང་གུར་གྱིས་བསྐོས་པའི་དྲུ་གུ་ནུབ་མའི་རྗེ་བོ་ཞིག་ཡིན། ཁོས་ཐང་གུར་གྱི་རྒྱབ་རོགས་འོག་སྤྱི་ལོ་༧༡༡ལོར་སུའོ་ཀི་དྲུ་གུ་ཕྱི་མས་བཀྲོངས་པ་དང་བསྟུན་ནས་དྲུ་གུ་ནུབ་མའི་ཚོ་ཤོག་ཕལ་ཆེར་ལ་དབང་བསྒྱུར་བྱས་པ་མ་ཟད། ཐང་གུར་གྱི་ཨན་ཞི་ཏུའུ་ཧུའུ་ཧྥུ་དང་པེ་ཐིང་ཏུའུ་ཧུའུ་ཧྥུ་གཉིས་ཀའི་འགོ་འཛིན་དུ་གྱུར་ཨའི་ཆི་ཞིའི་ཅའེ་ཏུའུ་ཧྲི་སོགས་ཀྱི་གོ་གནས་ཀྱང་བཟུང་ནས་སྟོད་ཀྱི་ཏ་ཟིག་དང་སྨད་ཀྱི་དྲུ་གུ་ཕྱི་མར་ཐེངས་མང་འཐབ་འཁྲུག་བྱེད་མྱོང་།
﹙30﹚﹙31﹚薛宗正:《突厥稀见史料辑成—正史外突厥文献集萃》新疆人民出版社,2005年,第354、354页。
﹙33﹚འཇམ་དབྱངས་དར་རྒྱས། 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་》བཞི་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༡༥ལོར་དཔར། དེབ་ངོས་༣༩ན་གསལ།
﹙34﹚罗广武:《两唐书吐蕃传译注》中国藏学出版社,2014年,第37页。
﹙37﹚黄奋生:《藏族史略》民族出版社,1985年,第85—86页。
﹙39﹚སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། 《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》བཅུ་གཉིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༡༧ལོར་དཔར། དེབ་ངོས་༨༠ན་གསལ།
﹙41﹚《སྲིད་སྐྱོང་མེ་ལོང་》དུ་གསལ་ཞིང་། དེའི་འགོག་སྲུང་གི་ཡུན་ཚད་སོགས་ལམ་ལུགས་ཞིབ་པ《མ་ཧཱ་རུས་སྦལ་མ་》རུ་གསལ།
﹙42﹚པའེ་ཀུའེ་སིས་བཙན་པོའི་རྒྱལ་རབས་ཀྱིས་ལོ་དེར་དུར་གྱིས་ལ་དམག་རོགས་མངགས་པར་འདོད་པ་དང་། ཝང་ཞའོ་ཧྥུས་མེད་པར་འདོད་མོད། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》སུ། “སྦྲུལ:གྱྀ་ལོ་ལ། ......དམག:དྲུ་གུ:ཡུལ་དུ་དྲངས་ཕ:སླར:འཁོརད་པར:ལོ་གཆྀག”ཅེས་བཀོད་པ་མ་ཟད། སྦྲུལ་ལོ་དེ་ནི་སྤྱི་ལོ་༧༢༩ལོ་ཡིན་པས། པའེ་ཀུའེ་སིའི་ལྟ་བ་དེ་ནི་རྣམ་དག་བདེན་ཐུབ་ཅིག་ཡིན་པར་སྙམ།
﹙43﹚ཏུན་ཧོང་ཡིག་རྙིང་དུ་ཏ་ཆིག་ཅེས་དང་། ཕྱིས་ཀྱི་ཡིག་ཆར་ཏ་ཟིག་ཅེས་བྲིས་པ་མང་། སྐབས་དེའི་ཏ་ཟིག་ནི་གོས་དཀར་ཏ་ཟིག་སྟེ། རྒྱ་ཡིག་ནང་དུ་ཝོ་མ་ཡ་རྒྱལ་རབས་(倭马亚王朝或伍麦叶王朝)ཞེས་འབོད་པ་དེ་ཡིན། སྤྱི་ལོ་༦༦༡ལོ་ནས་༧༥༠ལོའི་བར་སྲིད་དབང་བཟུང་བའི་ཨ་རབ་བཙན་རྒྱལ་ཞེས་པ་དེར་གོ གོས་དཀར་ཏ་ཟིག་གི་སྲིད་དབང་ནི་སྤྱི་ལོ་༧༥༠ལོར་གོས་ནག་ཏ་ཟིག་གམ་ཨ་པ་སིའི་རྒྱལ་རབས་(阿拔斯王朝)ཀྱིས་བསྣུབས་པའོ།
﹙44﹚རྒྱ་ཡིག་ཏུ་康国ཞེས་ཟེར། ཏུན་ཧོང་བོད་ཡིག་ཡིག་ཚང་ནང་བྱུང་བའི་ག་གོན་ཞིག་པ་དེ་ཡིན་པ་འདྲ།