༄༅།།ནུབ་ཕྱོགས་གནའ་དེང་ལོ་ཙཱའི་གཞུང་ལུགས་ཀྱི་ཁྱད་ཆོས་ལ་ཕྲན་ཙམ་དཔྱད་པ།

ཚེ་རྒྱམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-31



ཚེ་རྒྱམ།
ནུབ་ཕྱོགས་ལོ་ཙཱའི་གཞུང་ལུགས་ཀྱི་ངོ་སྤྲོད་རགས་བསྡུས། 
        ནུབ་ཕྱོགས་ལོ་ཙཱའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་པོ་དེ་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དུས་དཀྱིལ་གྱི་སྐབས་སུ་ཨན་ཏི་རོ་ནེ་ཁུ་ཡིས་ལ་ཏིང་སྐད་དུ་བསྒྱུར་བའི་《ཨོ་ཟེ་ཏི།》 ནི་ནུབ་ཕྱོགས་ཀྱི་བསྒྱུར་ཆོས་དང་པོ་ཡིན་པར་གསུང་བས། ནུབ་ཕྱོགས་ལོ་ཙཱ་ལ་ད་ལྟའི་བར་དུ་ལོ་ངོ་སྟོང་གཉིས་དང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་འདུག་ཅེས་བརྗོད་ཆོག དེ་མིན་ནུབ་ཕྱོགས་ལོ་ཙཱའི་གཞུང་ལུགས་ཀྱི་མ་ལག་ཧྲིལ་བོ་ཕྱོགས་གཉིས་སུ་དགར་ནས་བཤད་ཆོག་སྟེ། གཅིག་ནི་རིག་རྩལ་རིག་པའི་ལོ་ཙཱའི་གཞུང་ལུགས་དང་ཅིག་ཤོས་ནི་སྐད་བརྡ་རིག་པའི་ལོ་ཙཱའི་གཞུང་ལུགས་ཡིན། དང་པོ་རིག་རྩལ་རིག་པའི་ལོ་ཙཱའི་གཞུང་ལུགས་ལ་མཚོན་ན་གནའ་རབས་རོ་མའི་ཟློས་གར་གྱི་ལོ་ཙཱ་བ་ཐའེ་ལུན་སི(泰伦斯)སོགས་ནས་འགོ་བརྩམས་ཏེ་ལིའེ་ཝེ(列维)སོགས་གྱི་བར་ཡིན་ཞིང་། ཁོ་ཚོས་ལོ་ཙཱ་ནི་རྩོམ་རིག་སྒྱུ་རྩལ་ཞིག་ཡིན་པར་འདོད་བཞིན་ཡོད། སྐད་བརྡ་རིག་པའི་ལོ་ཙཱའི་གཞུང་ལུགས་མཁན་རོ་མའི་ཨའོ་ཀུའུ་སི་ཏིན(奥古斯丁)སོགས་ཀྱི་ལྟ་བ་གཙོ་བོའི་གཞིར་འཛིན་ས་སྐད་ཡིག་ཡིན་ལ། སྐད་ཆའི་གྲུབ་ལུགས་ཀྱི་ཁྱད་ཆོས་དང་བཀོལ་སྤྱོད་བྱེད་ཐབས་སོགས་ཀྱི་སྟེང་ནས་ལོ་ཙཱའི་ལྟ་བ་མང་པོ་བཏོན་ཏེ་གཞུང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གོང་གི་ཕྱོགས་འདི་གཉིས་ནི་ཆེ་ས་ནས་དབྱེ་བ་འབྱེད་པ་ཡིན་ཞིང་། ཞིབ་ཕྲར་དབྱེ་ན་ད་དུང་དོན་འགྲེལ་རིག་པ་དང་མཚོན་རྟགས་རིག་པ་སོགས་ལོ་ཙཱའི་གཞུང་ལུགས་ཀྱི་ཐད་ལ་ལྟ་བ་བཏོན་ཡོད་པའི་གྲུབ་མཐའ་མང་པོ་ཡོད། 

ལྟ་བ་སྣ་མང་བྱུང་བའི་ཁྱད་ཆོས། 

1.རིག་ཚན་སྣ་མང་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱེད་པ།
        ལོ་ངོ་ཉིས་སྟོང་ལྷག་གི་ལོ་ཙཱའི་གཞུང་ལུགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་ནུབ་ཕྱོགས་ལ་ལོ་ཙཱའི་གཞུང་ལུགས་གསར་གཏོད་པ་མང་པོ་བྱུང་ཡོད་ལ། ལོ་ཙཱའི་ལྟ་བའང་མི་འདྲ་བ་མང་པོ་བྱུང་འདུག དཔེར་ན། རོ་མའི་ལོ་ཙཱ་བ་གྲགས་ཅན་ཞི་སའེ་རོ་(Marcus Tullis Cicero སྤྱི་ལོ་སྔོན་གྱི106-43)ཡིས་ལོ་ཙཱ་བ་ཅིག་ཡིན་ཕྱིན་ངེས་པར་དུ་བུ་ཡིག་གི་སྐད་ཆའི་ཁྱད་ཆོས་ལ་དོ་སྣང་བྱེད་དགོས་པ་དང་བུ་ཡིག་གི་ཀློག་པ་པོ་དང་འཚམ་པའི་སྐད་ཆ་ཡིས་ཀློག་མཁན་དང་ཉན་མཁན་གྱི་ཡིད་སེམས་འགུག་དགོས་ཟེར་ལ། དེ་མིན་ཨ་རིའི་ཡིའུ་ཅིན་ནའེ་ཏ(1914—)(Eugene A.Nida)ཡིས་ཀྱང་ཁོའི་ལོ་ཙཱའི་གཞུང་ལུགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་“འགུལ་རྣམ་དོ་མཉམ”(动态对等)གྱི་ལྟ་བ་བཏོན་ནས་ལོ་ཙཱ་ཡིས་གཙོ་བོར་སྡུད་ལེན་བྱེད་མཁན་ལ་ཞབས་ཞུ་བྱེད་དགོས་པར་མ་ཟད། སྡུད་ལེན་མཁན་ལ་མ་ཡིག་གི་ནང་དོན་འཕྱུགས་ལྷད་མེད་པའི་སྒོ་ནས་མཚོན་ཐུབ་དགོས་ཞེས་སྨྲས་ཡོད། གོང་ནས་དཔེ་རུ་དྲངས་བའི་མི་འདི་གཉིས་ལྟ་བུར་མཚོན་ན་གཅིག་གིས་རྩོམ་རྩལ་རིག་པའི་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱས་ཡོད་པ་དང་ཅིག་ཤོས་ཀྱིས་སྐད་བརྡ་རིག་པའི་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱས་འདུག དེ་མིན་ད་དུང་རྒྱས་འགྲེལ་རིག་པ་དང་ལོ་ཙཱ་རིག་པ། མཚོན་རྟགས་རིག་པ། རིག་གནས་རིག་པ། ཤེས་རྟོགས་སེམས་ཁམས་རིག་པ་སོགས་ཀྱི་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱས་འདུག་པ་ཧ་ཅང་མང་མོད་ཚིག་ཚོགས་མང་དྲགས་པར་དོགས་ནས་གོང་དུ་དཔེ་གཉིས་ལས་དྲངས་མེད།

2.རིག་ཚན་རིགས་གཅིག་གི་ཟུར་མི་འདྲ་བའི་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱེད་པ།
        རིག་ཚན་གཅིག་གི་ཁོངས་སུ་གཏོགས་ཀྱང་ཟུར་མི་འདྲ་བ་མང་པོའི་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱས་ཏེ་ལོ་ཙཱ་ལ་མཚན་ཉིད་དང་དབྱེ་བ་སོགས་སྣ་མང་བཀར་འདུག་སྟེ། དཔེར་ན། ཨ་རིའི་མིང་དུ་གྲགས་པའི་སྐད་བརྡ་རིག་པའི་ལོ་ཙཱའི་གཞུང་ལུགས་པ་ལུའོ་མན་ཡ་ཁོ་པུའུ་སུང་(Roman Jokobson1896-1982)གིས། 959ལོར་སྤེལ་བའི《 ལོ་ཙཱའི་སྐད་བརྡ་རིག་པའི་གནད་དོན་ལ་དཔྱད་པ།》ཟེར་བའི་དཔྱད་རྩོམ་འདིའི་ནང་དུ་ལོ་ཙཱ་ལ་རིགས་གསུམ་དབྱེ་འདུག་སྟེ། སྐད་ནང་ལོ་ཙཱ་དང་སྐད་གཉིས་ལོ་ཙཱ། རྟགས་མཚོན་ལོ་ཙཱ་བཅས་སོ། དེ་མིན་ད་དུང་དབྱིན་ཇིའི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་བ་ཉེའུ་མ་ཁོ(Newmark 1916-)ཡིས་སྐད་ཆ་ལ་དབྱེ་ན་སྐད་ཡིག་ཚད་ལྡན་དང་སྐད་ཡིག་ཚད་ལྡན་མིན་པ་རིགས་གཉིས་ཡོད་ལ་ལོ་ཙཱ་ནི་ཚན་རིག་ཅིག་ཡིན། སྐད་ཡིག་ཚད་ལྡན་ལ་སྤྱིར་བཏང་དུ་སྒྱུར་ཐབས་ཡང་དག་པ་གཅིག་མ་གཏོགས་མེད་པས་ཆོས་ཉིད་ཅིག་ཆགས་འདུག་པར་སྨྲས་པ་ལྟ་བུའོ། གོང་གི་འདི་གཉིས་ལྟ་བུར་མཚོན་ན་གཉིས་ཀ་སྐད་བརྡ་རིག་པའི་ཁོངས་སུ་གཏོགས་ཀྱང་སོ་སོས་ལོ་ཙཱ་ལ་ཞིབ་འཇུག་བྱེད་པའི་ཟུར་སྣེ་མི་འདྲ།

དཔྱད་གཞིའི་ཁུངས་ཡངས་པའི་ཁྱད་ཆོས།
        1.ནུབ་ཕྱོགས་ལོ་ཙཱའི་གཞུང་ལུགས་ལ་ཆེ་ཕྱོགས་ནས་དབྱེ་ན་རིག་རྩལ་སྨྲ་བ་དང་སྐད་བརྡ་སྨྲ་བ། ལོ་ཙཱ་རིག་པ་སྨྲ་བ། རྒྱས་འགྲེལ་སྨྲ་བ། གཞི་ཕྲལ་རིག་པ་སྨྲ་བ་སོགས་གྲུབ་མཐའ་མང་པོ་ཞིག་ཡོད་པ་དང་། ཁོ་ཚོས་རིག་ཚན་སྣ་མང་ཞིག་གི་ཐད་ནས་ལོ་ཙཱ་ལ་ཞིབ་འཇུག་བྱེད་བཞིན་འདུག་པས། རྩོམ་རིག་ལོ་ཙཱའམ་ཡང་ན་ཆོས་ལུགས་ལོ་ཙཱ་ཙམ་ལས་མེད་པའི་སྣ་རྐྱང་ཞིག་མིན་པར་ཕྱོགས་མང་པོ་དང་ཟུར་མང་པོ་ནས་དཔྱད་པ་བཏང་འདུག
        2.ཡིག་ཐོག་གི་མ་ཡིག་དང་བུ་ཡིག་(文本与文本比较)གཉིས་བསྡུར་བ་བྱེད་པ་ཙམ་ལས་བརྒལ་ཏེ། རྩོམ་པ་པོ་དང་ཀློག་པ་པོ། ནང་དོན། དུས་བབ། མཚོན་སྟངས་སོགས་ཟུར་མང་པོ་ནས་ཞིབ་འཇུག་བྱས་འདུག་སྟེ། དཔེར་ན། ཨའོ་ཀུའུ་སི་ཏིན(奥古斯丁)གྱིས་བུ་ཡིག་གི་རྩོམ་གཤིས་དང་བུ་ཡིག་གི་ཀློག་པ་པོ་གཉིས་མཉམ་དུ་བཞག་ནས་བློ་སྒོ་འབྱེད་པའི་བརྩམས་ཆོས་ཀྱི་རིགས་ལོ་ཙཱ་བྱེད་དགོས་ན་བབ་ཆགས་ཀྱི་འགྱུར་གཤིས་ཡོང་དུ་འཇུག་དགོས་པ་དང་། ཡེ་ཤུ་ལ་བསྟོད་པའི་བརྩམས་ཆོས་བསྒྱུར་ན་སྙན་བརྗིད་ལྡན་པའི་འགྱུར་གཤིས་ཡོད་དགོས། དེ་མིན་ད་དུང་གདམ་ངག་དང་མཛུབ་སྟོན་རང་བཞིན་གྱི་བརྩམས་ཆོས་བསྒྱུར་ན་བརྗིད་ཉམས་ལྡན་པའི་འགྱུར་གཤིས་དགོས་ཞེས་བརྗོད་པ་ལྟ་བུ་དང་། ཡིའུ་ཅིན་ནའེ་ཏ་ཡིས་ལོ་ཙཱ་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་རྩོམ་པ་པོ་དང་ཀློག་པ་པོ། ནང་དོན། དུས་བབ། མཚོན་སྟངས་སོགས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་དགོས་ཞེས་ནན་སྐུལ་བྱས་འདུག་པ་ལྟ་བུ་རེད། 

སྐད་རིགས་སྣ་གཅིག་ནས་སྣ་མང་དུ་འགྲོ་བའི་ཁྱད་ཆོས། 
        ནུབ་ཕྱོགས་ཀྱི་ལོ་ཙཱ་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་ཆབ་སྲིད་དང་ཀློག་པ་པོའི་དགོས་མཁོ་དང་བསྟུན་ནས། མ་ཡིག་གཅིག་སྐད་རིགས་སྣ་གཅིག་ནས་སྣ་མང་དུ་འཕེལ་བ་དང་། ཡིག་སྐད་ནས་ཡུལ་སྐད་ཀྱི་རྣམ་པར་བསྒྱུར་བའི་ཁྱད་ཆོས་ཤིག་ཀྱང་འདུག་སྙམ་སྟེ། དཔེར་ན། སྤྱི་ལོ་405ལོར་ཀྲེ་ལོ་མུའུ་ཡིས་《ལ་ཏིང་སྐད་ཀྱི་ལམ་ནས་བྲིས་པའི་གོ་སླ་བའི་དམ་པའི་གསུང་རབས།》ཞེས་པ་འདི་ཤིས་པོ་ལའེ་སྐད་ནས་མང་ཚོགས་ཀྱིས་གོ་སླ་བའི་ཡུལ་སྐད་དུ་བསྒྱུར་བ་ཡིན་ལ། འདི་ནི་རོ་མའི་གནམ་བདག་ཆོས་ཚོགས་ཀྱིས་ཁས་ལེན་པའི་ཡིག་ཆ་ཁོ་ནའང་ཡིན། དེ་མིན་ད་དུང་ཝུའུ་ཧྥེ་ལཱས་(乌斐拉)དང་ཀི་ཐི་ཡུས།(哥特语)ཨར་ཏེ་མོའུ་(阿尔德姆)དང་ཨར་ཧྥུ་ལི་ཁེ(阿尔弗里克)སོགས་ཀྱིས་དབྱིན་སྐད་ཀྱི་ལམ་ནས《དམ་པའི་གསུང་རབས།》བསྒྱུར་བའང་འདུག་ཅིང་། 1307ལོར་དབྱི་ཐ་ལིའི་སྙན་ངག་པ་གྲགས་ཅན་ཏན་ཏིང་གིས་ཡུལ་སྐད་ཀྱིས་ལོ་ཙཱ་བྱེད་དགོས་པའི་ལྟ་བ་བཏོན་པ་སོགས་ལྟ་བུའོ། །

ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཁྱད་ཆོས།
        ཡིག་ཐོག་གི་ལོ་ཙཱ་གཞིར་བཟུང་ནས་བཤད་ན་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དུས་དཀྱིལ་གྱི་སྐབས་སུ་ཨན་ཏི་རོ་ཉེ་ཁུ་ཡིས་ལ་ཏིང་སྐད་ཀྱིས་བསྒྱུར་བའི་《ཨོ་ཟེ་ཏི།》 ནི་ནུབ་ཕྱོགས་ཀྱི་འགྱུར་ཆོས་དང་པོ་ཡིན་པར་གསུང་བས། ད་ལྟའི་བར་དུ་ལོ་ངོ་སྟོང་གཉིས་དང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་། ནུབ་ཕྱོགས་ཀྱི་ལོ་ཙཱའི་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་མཐོ་རླབས་དང་པོའང་འདི་ནས་མགོ་བརྩམས་ཡོད། གཞན་ད་དུང་ནུབ་ཕྱོགས་ཀྱི་ལོ་ཙཱའི་གཞུང་ལུགས་དང་འབྲེལ་ཡོད་ཀྱི་བརྩམས་ཆོས་ཐོག་མ་ནི་ཞི་སའེ་ལུའོ་ཡིས་སྤྱི་ལོ་སྔོན་གྱི45-46བར་བརྩམས་པའི་《ཆེས་ཕུལ་དུ་བྱུང་བའི་གཏམ་བཤད་པའི་སྐོར་གླེང་བ》དང《དགེ་སྡིག་གི་མཚན་ཉིད་སྤྲོས་པ》སོགས་ཡིན་ལ། དེ་མིན་ད་དུང་ལོ་ཙཱ་དང་འབྲེལ་ཡོད་ཀྱི་གསུང་རྩོམ་དང་པོ་སོགས་གང་གི་ཆ་ནས་བལྟས་ཀྱང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཁྱད་ཆོས་མངོན་ཐུབ། 
        མཇུག་བསྡུ་བ། གོང་གི་ནུབ་ཕྱོགས་གནའ་དེང་ལོ་ཙཱའི་གཞུང་ལུགས་ཀྱི་ཁྱད་ཆོས་ལས་བསྩལ་བའི་བློ་སྐྱེད། དགེ་རྒན་འབའ་སྟོད་ཚེ་དབང་རྡོ་རྗེ་ཡིས་《བོད་ཀྱི་ལོ་ཙཱའི་གཞུང་ལུགས་མཐའ་དཔྱོད་སྐད་གཉིས་སྨྲ་བའི་འཇུག་སྒོ།》 ཞེས་པའི་ནང་དུ་བོད་ཀྱི་ལོ་ཙཱའི་གཞུང་ལུགས་དེ་འཛམ་གླིང་གི་ལོ་ཙཱའི་གཞུང་ལུགས་སྤྱི་དང་དེའི་འཕེལ་ཕྱོགས་སོགས་དང་བསྡུར་ན་ཞན་ཆ་གཙོ་བོ་ཕྱོགས་གཉིས་ན་མངོན་ཡོད་དེ། གཅིག་ནི་བསྟན་པ་སྔ་དར་སྤྱི་དང་ལྷག་པར་དུ་བསྟན་པ་ཕྱི་དར་ནས་བཟུང་ལོ་ཙཱའི་ལག་ལེན་ལ་གཞོལ་ཆེ་བ་ལས་གཞུང་ལུགས་ཀྱི་ཐད་ནས་སྔོན་གྱི་སྒྲ་སྦྱོར་བམ་གཉིས་སོགས་འཐུས་ཇེ་ཚང་དང་རྒྱ་ཆེ་རུ་བཏང་མེད་པ་དང་། ཅིག་ཤོས་ནི་ནང་བསྟན་ལོ་ཙཱ་ལ་གཙོར་དམིགས་པ་མ་གཏོགས་རྩོམ་རིགས་མི་འདྲ་བའི་ཆ་ནས་དཔྱད་བརྗོད་མཛད་པ་ཉུང་ཟེར་བ་ནང་བཞིན། ང་ཚོས་ཀྱང་མི་ཟན་རིང་ལུགས་ཀྱི་ལོ་ཙཱའི་ལྟ་བ(食人主义翻译观)སྤྱད་ནས་སྙིགས་དོར་བཅུད་ལེན་སྒོས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་ཞིབ་འཇུག་བྱས་ཏེ་སྔར་ལས་ཀྱང་འཐུས་ཇེ་ཚང་དང་རྒྱ་ཇེ་ཆེ་རུ་བཏང་ནས། བོད་ལའང་རང་རྐྱ་ཐུབ་པའི་ལོ་ཙཱ་རིག་པའི་རིག་ཚན་ཞིག་བསྐྲུན་པའི་ཕྱོགས་ལ་མཉམ་དུ་འབད་རྒྱུ་ནི་ཤིན་ཏུ་གལ་ཆེའོ་སྙམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1