མཚོ་སྔོན་དུ་མྱུར་ལམ་2འཛུགས་སྐྲུན་དང་གཞུང་ལམ་2རྒྱས་སྐྲུན་བྱ་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། 04-01



          ད་ལོ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་བརྒྱ་ལོ་དང་བོའི་འབད་འཐབ་དམིགས་ཚད་དང“ལྔ་བཅུ་གསུམ་པའི”འཆར་འགོད་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཡིན་ཞིང་། མཚོ་སྔོན་གྱི་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ཁག་སྤྱི་འདོམས་ཡག་པོ་བསྒྲུབས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་ཧུར་ཐག་བྱ་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོ་ཚང་ནས་བ་ཡན་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རེབ་གོང་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ། ལའོ་མང་ཡ་ནས་ཡིའུ་ཧྲ་རི་བོའི་བར་གྱི་རིམ་པ་གཉིས་པའི་གཞུང་ལམ། ཡིའུ་ཧྲ་རི་བོ་ནས་མང་ཡ་རྡོ་བལ་གཏེར་ཁའི(མཚོ་སྔོན་དང་ཤིན་ཅང་གི་འདྲེས་མཚམས)རིམ་པ་གཉིས་པའི་གཞུང་ལམ་གྱི་རྣམ་གྲངས་བཞི་ལས་འགོ་བཙུགས་ཏེ་མི་དམངས་ཀྱི་འགྲུལ་བཞུད་ལ་སྔར་ལས་སྟབས་བདེ་ཡོང་བ་བྱ་རྒྱུ་རེད།

          གྲོ་ཚང་ནས་བ་ཡན་བར་གྱི་མྱུར་བགྲོད་གཞུང་ལམ། སྔོན་དཔག་བྱས་ན་ད་ལོའི་ཟླ5པར་ལས་འགོ་ཚུགས་ཐུབ་པ་དང་ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ53.6ཟིན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར68.58བཏང་ནས་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་དང་འཛུགས་སྐྲུན་ལས་ཡུན་ལོ4ཡིན། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་ཉན་པོ་གྲོང་རྡལ་དུ་འགོ་བརྩམས་ཏེ། པེ་ཅིང་ནས་ལྷ་སའི་བར་གྱི་རྒྱལ་ལམ6པའི་མྱུར་བགྲོད་གཞུང་ལམ་དང་སྣོལ་མཐུད་བྱས་ནས། ཧྲེང་ཅ་འགག་དང་། ཆུས་ཨུ་གྲོང་རྡལ། མ་དབྱིང་རི་བོ་བཅས་བརྒྱུད་དེ་ཡ་རྫི་ནས་རོང་བོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཡ་རྐ་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་སྦྲེལ་མཐུད་ཀྱིས་བ་ཡན་རྫོང་བ་ཡན་གྲོང་རྡལ་གྱི་ཞིང་ཆེན་ལམ202དང་ཞིང་ཆེན་ལམ306ལ་མཐུད་ཡོད།

          རེབ་གོང་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ། སྔོན་དཔག་བྱས་ན་ད་ལོའི་ཟླ11པར་ལས་འགོ་ཚུགས་ཐུབ་པ་དང་ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ210ཟིན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར200བཏང་ནས་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་དང་འཛུགས་སྐྲུན་དུས་ཡུན་ལོ6ཡིན།  རེབ་གོང་རྫོང་སྒོ་དམར་གྲོང་གསར་གྱི་ཤར་ངོས་ནས་མགོ་བརྩམས་ཏེ། ཡ་རྐ་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་རེབ་གོང་རྫོང་དང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རྫོང་བཅས་བརྒྱུད་མཐར་རྨ་ལྷོ་སོག་རྫོང་གི་གསེར་ལུང་ཞང(ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་འདྲེས་མཚམས)དུ་སླེབས་པ་དང་ཀན་སུའུ་ཞིང་ཆེན་གྱིས་འཆར་འགོད་བྱས་པའི་འབྲོང་ཡུལ་ནས་བུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་ལ་མཐུད་རྒྱུ་རེད། 
          ལའོ་མང་ཡ་ནས་ཡིའུ་ཧྲ་རི་མདོའི་རིམ་པ་གཉིས་པའི་གཞུང་ལམ། སྔོན་དཔག་བྱས་ན་ད་ལོའི་ཟླ4པར་ལས་འགོ་ཚུགས་ཐུབ་པ་དང་ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ84ཡོད་ལ། འདི་ནི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར19.2བཏང་ནས་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་དང་འཛུགས་སྐྲུན་དུས་ཡུན་ལོ2ཡིན་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལའོ་མང་ཡའི་འདྲིས་མདོ་དང་ཡུའུ་ཧྲ་རིའི་འདྲིས་མདོ་ནས་མང་ཡ་རྡོ་བལ་གཏེར་ཁའི(མཚོ་སྔོན་དང་ཤིན་ཅང་གི་འདྲེས་མཚམས)གཞུང་ལམ་དང་མཐུད་ཡོད།

          ཡིའུ་ཧྲ་རི་བོའི་འདྲེས་མདོ་ནས་མང་ཡ་རྡོ་བལ་གཏེར་ཁའི(མཚོ་སྔོན་དང་ཤིན་ཅང་གི་འདྲེས་མཚམས)བར་གྱི་རིམ་པ་གཉིས་པའི་གཞུང་ལམ། སྔོན་དཔག་བྱས་ན་ད་ལོའི་ཟླ4པར་ལས་འགོ་ཚུགས་ཐུབ་པ་དང་ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ69ཡོད་ལ། འདི་ནི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར14.3བཏང་སྟེ་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་དང་འཛུགས་སྐྲུན་དུས་ཡུན་ལོ2ཡིན་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཡ་གྲོང་ཁྱེར་ཧྭ་ཐུའུ་ཀོའུ་གྲོང་རྡལ་ཁུལ་གྱི་ཡིའུ་ཧྲ་རི་བོའི་འདྲེས་མདོའི་ནུབ་ཕྱོགས་སུ་སྤྱི་ལེ2.1ཙམ་གྱི་ས་ནས་མགོ་བརྩམས་ཏེ། ལའོ་མང་ཡ་ནས་ཡིའུ་ཧྲ་རི་བོའི་འདྲེས་མདོ་བར་གྱི་གཞུང་ལམ་དང་སྦྲེལ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1