མཁའ་འགྲོ་ཚེ་རིང་།
བོད་རིག་པའི་རིག་ཚན་འཛུགས་སྐྱོང་སྐོར་གྱི་བསམ་གཞིག་དང་ལག་ལེན།
—ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བན་གོ་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།
གནད་བསྡུས། རིག་གཞུང་བཅར་འདྲི་འདིའི་ནང་བོད་རིག་པ་ཞེས་པའི་རིག་ཚན་འདི་ལ་གོ་བ་ཇི་ལྟར་ལེན་དགོས་པ་དང་། མིག་སྔར་བོད་རིག་པའི་ཞིབ་འཇུག་གི་གནས་བབ་ཅི་འདྲ་ཡིན་པ། བོད་རིག་པ་དང་། བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་། མི་རིགས་རིག་པ་སོགས་ཀྱི་བར་ལ་འབྲེལ་བ་དང་ཁྱད་པར་ཅི་འདྲ་ཡོད་པ། སྒོས་སུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་རིག་ཚན་འཛུགས་སྐྱོང་བྱ་གཞག་མཚོན་དཔེར་བཟུང་སྟེ། འབུམ་རམས་པའི་སློབ་མ་གསོ་སྐྱོང་བྱེད་ཕྱོགས་ཐད་ཀྱི་ཉམས་མྱོང་དང་། ད་ཕན་ཐོབ་པའི་གྲུབ་འབྲས། སླད་མར་འདིའི་ཐད་ལ་འཆར་གཞི་ཅི་འདྲ་ཡོད་པ་སོགས་ངོ་སྤྲོད་དང་གསལ་བཤད་བྱས་འདུག
གནད་ཚིག རིག་ཚན་འཛུགས་སྐྱོང་། སྒྲ་ཡངས་པའི་བོད་རིག་པ། སྒྲ་དོག་འཇུག་གི་བོད་རིག་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K28 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)03-017-17
དགེ་རྒན་ཆེ་མོ་བན་གོའམ་དབྱངས་ཅན་སྒེག་པའི་བློ་གྲོས་ལགས་ནི་1962ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དུ་སྐུ་འཁྲུངས་ཤིང་། 1974ལོའི་ཟླ་9པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭ་འགྲིམས་པ་དང་། 1979ལོའི་ཟླ་7པར་སློབ་མཐར་ཕྱིན་ནས་སློབ་གྲྭ་དེའི་གྲངས་རིག་དགེ་རྒན་གྱི་འགན་བཞེས་ཏེ། སྐད་གཉིས་སྨྲ་བའི་གྲངས་རིག་གི་རྐང་འཛིན་དགེ་རྒན་མང་པོ་གསོ་སྐྱོང་གནང་། 1981ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ཏུ་རྒྱུགས་འཕྲོད་པས། སྔ་རྗེས་སུ་མཁས་དབང་ཚེ་ཏན་ཞབས་དྲུང་དང་དོར་ཞི་གདོང་དྲུག་སྙེམས་བློ་སོགས་བཤེས་གཉེན་དམ་པ་མང་པོ་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་པའི་གནས་མཐའ་དག་ལ་གསན་གཟིགས་མཛད། 1988ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་རྗེས་ཀན་ལྷོ་ཁུལ་རྩོམ་སྒྱུར་ཅུད་ནང་ཕྱག་ལས་གནང་ནས་བཞུགས། སྐབས་དེར་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་ལ་མུ་མཐུད་དུ་རྨང་གཞི་བརྟན་པོ་ཞིག་འཇོག་པའི་ཐུགས་འདུན་རབ་ཏུ་ཆེ་བས། རྗེ་གུང་ཐང་བསྟན་པའི་དབང་ཕྱུག་ཚང་གི་ཐུགས་ཁུར་འོག ལས་ཞོར་དུ་ལོ་ངོ་མང་པོར་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ། སྨྲ་བའི་དབང་ཕྱུག་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་ཀྱི་སྐུ་དྲུང་དུ་ཚད་མ་དང་། ཕར་ཕྱིན། དབུ་མ་སོགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་མཛད་པའི་སྐལ་བ་བཟང་པོ་ཐོབ་ནས་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པར་གྱུར། 1993ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ལས་གནས་སྤོས་ཏེ་དགེ་རྒན་གྱི་ཕྱག་ལས་གནང་། 2000ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་འགོ་གཙོའི་འགན་བཞེས་པ་ནས་བཟུང་། ལོ་ངོ་བཅུ་ལྷག་ལ་འབད་བརྩོན་གནང་བ་བརྒྱུད། བོད་རིག་པའི་སློབ་གླིང་གི་སློབ་མའི་གྲངས་ཚད་དེ་སྔོན་གྱི་བརྒྱ་ཕྲག་ནས་1300ལྷག་ལ་འཕེལ་རྒྱས་བྱུང་། 2003ལོར་རྒྱལ་ཡོངས་ནས་བོད་བརྒྱུད་ཚད་མ་རིག་པ་ཆེད་སྦྱོང་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་སྲོལ་གཏོད་ཅིང་། ལོ་དེར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ནས་ད་ལྟའི་བར་འབུམ་རམས་པའི་སློབ་མ་80ལྷག་གསོ་སྐྱོང་གནང་བ་མ་ཟད། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བོད་ཀྱི་སྐད་ཡིག་རྩོམ་རིག་དང་། ཆོས་ལུགས་རིག་པ། གཏན་ཚིགས་རིག་པ། བོད་རིག་པ་བཅས་ཀྱི་རབ་འབྱམས་པའི་སློབ་མ་ཉིས་བརྒྱར་ཉེ་བ་བསྐྱངས་ཤིང་།དཔེ་ཁྲིད་ཀྱི་ཞོར་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་གི་ལས་འགན་མང་པོ་ཕྲག་ཏུ་བཞེས་ཡོད་ལ། སྔ་རྗེས་སུ《རྟགས་རིགས་ཀྱི་གོ་དོན་གཟུར་གནས་དགྱེས་པའི་མཆོད་སྤྲིན》ཞེས་པ་དང་། 《ནཱ་རོ་ཆོས་དྲུག》《ཀློང་ཆེན་མཛོད་བདུན》 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》 《སྒྲ་རིག་པའི་འཇུག་སྒོ》སོགས་ཀྱིས་གཙོས་པའི་ཆེད་རྩོམ་དང་འགྱུར་རྩོམ། སྒྲིག་རྩོམ་སོགས་རིག་གཞུང་གསུང་རྩོམ་མང་པོ་མཛད་ཡོད། གྲུབ་འབྲས་འདི་དག་ལ་བརྟེན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་གསབ་ཐོབ་པའི་ཆེད་མཁས་པ་དང་། རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་ཐེབས་རྩའི་འཆར་འགོད་དཔྱད་བསྡུར་གཏན་འཁེལ་ཚོ་ཆུང་གི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་གྱི་སྣེ་ཁྲིད་པ་སོགས་ཀྱི་མཚན་སྙན་དང་ཆོ་ལོ་ཐོབ་པ་མ་ཟད། ཞིབ་འཇུག་གི་གྲུབ་འབྲས་འགའ་ཞིག་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་ཡོད། གཞན་ཡང་རྒྱལ་ཡོངས་གཏན་ཚིགས་རིག་པའི་ལྷན་ཚོགས་ཀྱི་ནང་ཚན་ཚད་མ་རིག་པའི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་ཆེན་མོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཙོང་ཁ་པ་ཞིབ་འཇུག་གླིང་གི་གདན་ཞུས་ཞིབ་འཇུག་པ་སོགས་ཀྱི་ཟུར་འགན་ཡང་མང་དུ་བཞེས་ཡོད། ཁྱད་པར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དང་། ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་འགོ་གཙོའི་འགན་བཞེས་པའི་རིང་ལ། བོད་རིག་པའི་རིག་ཚན་འཛུགས་སྐྱོང་གི་ཕྱོགས་ལ་ཐུགས་གཞིག་མང་དུ་གནང་ཞིང་། ལག་ལེན་དངོས་དང་སྦྱར་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། འདིར《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ》རྩོམ་སྒྲིག་ཁང་གི་རེ་སྐུལ་ལྟར། དགེ་རྒན་ཆེ་མོ་བན་གོ་ལགས་ལ་བཅར་འདྲི་ཞུས་པ་བརྒྱུད། ང་ཚོས་བོད་རིག་པ་ཞེས་པའི་རིག་ཚན་འདི་ལ་གོ་བ་ཇི་ལྟར་ལེན་དགོས་པ་དང་། མིག་སྔར་བོད་རིག་པའི་ཞིབ་འཇུག་གི་གནས་བབ་ཅི་འདྲ་ཡིན་པ། བོད་རིག་པ་དང་།བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་། མི་རིགས་རིག་པ་སོགས་ཀྱི་བར་ལ་འབྲེལ་བ་དང་ཁྱད་པར་ཅི་འདྲ་ཡོད་པ་སོགས་ཀྱི་སྐོར་ལ་དགེ་རྒན་ཁོང་གིས་བསམ་གཞིག་ཅི་ལྟར་གནང་བ་དང་། དགོངས་འཆར་གང་འདྲ་ཡོད་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་བོད་རིག་པའི་རིག་ཚན་འཛུགས་སྐྱོང་གི་ཐད་ལ་ང་ཚོར་དཔེ་ལྟ་རུང་བའི་ཉམས་མྱོང་དང་གྲུབ་འབྲས་གང་དག་བླངས་ཡོད་པ་སོགས་ངོ་སྤྲོད་དང་གསལ་བཤད་མདོར་བསྡུས་ཤིག་བྱས་ཡོད།
བཅར་འདྲི་བ། རྒན་ལགས་སྐུ་ཁམས་བཟང་། ཐོག་མར་ཁྱེད་ཀྱིས་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ད་ཕན་རྒན་ཁྱེད་ཀྱི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏིང་ཟབ་ལ། ཡང་སྒོས་སུ་བོད་བརྒྱུད་ནང་བསྟན་དང་ཚད་མ་རིག་པའི་གཞུང་ལ་ཞིབ་འཇུག་དང་ལོ་ཙཱ་གནང་བའི་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོབ་ཡོད་རུང་། འདིར་དེ་དག་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། ཐེངས་འདིར་གཙོ་བོ་མིག་སྔར་མི་རིགས་སློབ་ཆེན་སོ་སོ་ནས་བོད་ཀྱི་རིག་གནས་འཛུགས་སྐྱོང་སྤེལ་གསུམ་ལ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་བོད་རིག་པའི་རིག་ཚན་འཛུགས་སྐྱོང་གི་སྐོར་རྒན་ལགས་ལ་བཅར་འདྲི་ཞུ་བའི་འདུན་པ་ཆེ། ཐོག་མར་རྒན་ལགས་ཀྱིས་བོད་རིག་པ་ཞེས་པའི་རིག་ཚན་འདི་ཕལ་ཆེར་དུས་ནམ་ཞིག་ནས་དར་བ་དང་། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་རིག་ཚན་འདི་ལ་ཞིབ་འཇུག་བས་པའི་གནས་བབ་ཅི་འདྲ་ཡིན་པའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས་ཞུ།
དགེ་རྒན་ཆེ་མོ་བན་གོ་ལགས། རེད། མདོ་དབུས་མཐོ་སྒང་གི་ལྗོངས་འདིར་འཚོ་ཞིང་གཞེས་པའི་བོད་མི་རིགས་ལ་མཚོན་ན། གཙུག་ལག་རིག་གནས་དར་ཡུན་རིང་བ་མ་ཟད། དེ་ཡི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་ཤིང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པས། རང་རེའི་རྒྱལ་ཁབ་ཙམ་མ་ཟད། འཛམ་གླིང་རིག་གནས་ཀྱི་ཁྱབ་ཁོངས་ནས་ཀྱང་རང་གི་དགེ་མཚན་ལྡན་པ་དང་རང་རྐྱ་འཕེར་བའི་རིག་གནས་ཀྱི་མ་ལག་ཅིག་ཏུ་གྲུབ་ཡོད་ཕྱིར། བོད་རིག་པ་ཞེས་པ་ནི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནང་ཚང་མས་དོ་སྣང་ཆེ་བའི་རིག་ཚན་ཞིག་ལ་གྱུར་དང་འགྱུར་བཞིན་ཡོད། ཞིབ་ཏུ་བཤད་ན། ཚང་མས་ཤེས་གསལ་ལྟར། དུས་རབས་བཅུ་དགུ་པའི་དུས་སྟོད་ལ། ཧང་གྷ་རིའི་བོད་རིག་པའི་མཁས་དབང་ཆའོ་མཱ་ཡིས་《བོད་དབྱིན་ཚིག་མཛོད》དང་། 《བོད་ཡིག་བརྡ་སྤྲོད》 《བོད་ཀྱི་བཀའ་བསྟན་དཀར་ཆག》སོགས་རྩོམ་སྒྲིག་གནང་བ་ནས་བཟུང་། ནུབ་ཕྱོགས་ཀྱི་མཁས་པ་མང་པོས་བོད་རིག་པ་ཞེས་པའི་རིག་ཚན་འདི་ལ་དོ་སྣང་དང་ཞིབ་འཇུག་བྱེད་པའི་དབུ་ཚུགས་པ་དང་། རིམ་བཞིན་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་དགུང་དུ་འཕྱུར་ཞིང་། དེ་དང་བསྟུན་ནས་བོད་རིག་པ་ཞེས་པ་འཛམ་གླིང་རང་བཞིན་གྱི་རིག་གཞུང་ཞིབ་འཇུག་གི་གླེང་གཞི་དང་བྱ་གཞག་ཅིག་ལ་གྱུར། དེ་ཡང་བོད་རིག་པ་ཞེས་པའི་རིག་ཚན་འདི་ནི་ཐོག་མར་ནུབ་ཕྱོགས་ནས་ཚུར་དར་བ་ཞིག་ཡིན་པས། རིག་ཚན་འདི་ཡི་གོ་དོན་གྱི་ཐད་ཐོག་མའི་དུས་ལ་ནུབ་ཕྱོགས་ཀྱི་མཁས་དབང་དག་གི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་ཚུལ་གྱི་ཤན་ཞུགས་པ་མ་ཟད། དུས་ཡུན་རིང་པོར་ཤན་ཞུགས་འདི་མངོན་གསལ་དོད་པོ་རེད། དཔེར་ན་ཉིས་སྟོང་བཅུ་དྲུག་ལོར་ནོར་ཝེ་རྒྱལ་ཁབ་ཀྱི་ཕེར་ཀེན་སློབ་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་། དེའི་སྔོན་གྱི་རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་ཚོགས་ཆེན་དག་ལ་བརྟག་ན། རིག་གནས་དང་ཆབ་སྲིད་ཀྱི་མཐོང་སྣེ་བརྒྱུད་ནས་ཞིབ་འཇུག་གི་ལས་དོན་གཉེར་བའི་སྲོལ་རྒྱུན་མ་ཉམས་པར་གནས་ཡོད། ཡང་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནང་ནས་བྱེ་བྲག་གི་རིག་ཚན་བགོ་སྟངས་སྔར་བས་ཆེད་ལས་ཅན་དུ་གྱུར་པ་མ་ཟད། ཞིབ་འཇུག་གི་ཐབས་ལམ་ཡང་རིག་ཚན་མང་པོའི་དགེ་མཚན་ཚུར་བསྡུ་བྱེད་བཞིན་ཡོད་ལ། ཞིབ་འཇུག་གི་ཆུ་ཚད་ཀྱང་སྔར་བས་གཏིང་ཟབ་པའི་ཕྱོགས་སུ་གོམ་ཁ་སྤོ་བཞིན་ཡོད། བོད་ཀྱི་རིག་གནས་ཞིབ་འཇུག་གི་ངོས་ནས་བལྟས་ན། ཆོས་ལུགས་དང་ཆབ་སྲིད། དཔལ་འབྱོར། ལོ་རྒྱུས། སྒྱུ་རྩལ། གནའ་རྫས་རྟོག་ཞིབ་སོགས་ཀྱི་ཐད་ལ་ཞིབ་འཇུག་གི་གྲུབ་འབྲས་མི་དམན་པ་ཐོབ་ཡོད། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་བོད་རིག་པའི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནང་ནས་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་གྱི་ཁ་གྲངས་ཀྱང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན་དུ་ནུབ་ཕྱོགས་ཀྱི་བོད་རིག་པའི་རིག་གཞུང་ཞིབ་འཇུག་གི་ཚབ་མཚོན་རང་བཞིན་ལྡན་པའི་ཨ་རི་ལྟ་བུར་མཚོན་ན། བོད་རིག་པའི་ཞིབ་འཇུག་གི་ཕྱོགས་ནས་ཆོས་ལུགས་རིག་པ་དང་། མིའི་རིགས་རིག་པ། རྒྱལ་སྤྱིའི་འབྲེལ་བ་སོགས་ཀྱི་ཞིབ་འཇུག་གི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཡང་སྒོས་སུ་དུས་རབས་ཉེར་གཅིག་པའི་ནང་ལ། ནུབ་ཕྱོགས་ཀྱི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དེ་རིག་ཚན་གྱི་ཁ་གྲངས་ཇེ་མང་དང་། རིག་ཚན་མང་པོའི་ཞིབ་འཇུག་གི་ཐབས་ལམ་མཉམ་དུ་སྤྱོད་པའི་རྣམ་པ་མངོན་གསལ་དོད་པོ་རེད། མ་ཟད་མི་རིགས་མང་པོའི་རིག་གནས་དར་ཞིང་འབྲེལ་འདྲིས་ཆེ་བའི་ས་ཁུལ་དང་། ས་ཁོངས་གཅིག་ཏུ་འཚོ་ཞིང་གནས་པའི་མི་རིགས་སོ་སོའི་བར་གྱི་འབྲེལ་བར་ཞིབ་འཇུག་གནང་བ་དེ་ནུབ་ཕྱོགས་ཀྱི་མཁས་པ་དག་གི་དོ་སྣང་བ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། གཞན་ཡང་གོང་ནས་གླེང་བ་ལྟར་བོད་རིག་པ་ཞེས་པའི་རིག་ཚན་འདི་ནུབ་ཕྱོགས་ནས་ཚུར་དར་བ་ཞིག་ཡིན་རུང་། བོད་རིག་པའི་འབྱུང་ཁུངས་ཀྲུང་གོ་སྤྱི་དང་སྒོས་སུ་གངས་ཅན་གྱི་ལྗོངས་འདི་ཡིན་པ་རྩོད་མེད་རེད། རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ལ་མཚོན་ན། ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་ལ། རིག་གནས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་རེད། ཁྱད་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རྗེས་ནས་བོད་རིག་པའི་རིག་གཞུང་ཞིབ་འཇུག་ལ་གྲུབ་འབྲས་གྱ་ནོམ་པ་ཞིག་ཐོབ་ཡོད། སྒོས་སུ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བ་བརྒྱད་པར་པེ་ཅིན་དུ་འཚོགས་པའི་སྐབས་དྲུག་པའི་རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་སྟེང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་སུམ་བརྒྱ་ལྷག་ཞུགས་ཡོད་པ་དང་། རིག་གཞུང་དཔྱད་གླེང་གི་དོན་ཚན་བཅུ་དགུ་ལ་དབྱེ་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་ཞིང་། དེ་ཡི་ནང་དུ་ཆེ་ས་ནས་བཤད་ན་ཨེ་ཤ་ཡ་ལྷོ་མའི་རིག་གནས་བརྒྱུད་ལམ་འཛུགས་སྐྱོང་བྱེད་པའི་སྐོར་དང་། ཆུང་ས་ནས་བཤད་ན་གསུང་རབ་བསྟན་བཅོས་ཀྱི་བྱེ་བྲག་གི་ཞིབ་འཇུག་གྲུབ་འབྲས་བགྲོ་གླེང་གནང་བ་སོགས་འདུས་ཡོད་པས། རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དེ་རིག་གནས་ཀྱི་ངོས་ནས་རང་ལ་གདེང་ཚོད་དང་ཡིད་ཆེས་ཡོད་པ་དང་། དོན་དངོས་ལ་གཞི་བཅོལ་བ། མཉམ་ལས་གཙིགས་སུ་འཛིན་པ་བཅས་ཀྱི་ཞིབ་འཇུག་གི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད། ཡིན་ན་ཡང་རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དེ་རིག་ཚན་ཞིག་གི་ངོས་ནས་གླེང་ན་ད་དུང་དར་བའི་དུས་ཡུན་རིང་པོ་མིན་པ་དང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་དེ་ཡི་གོ་དོན་དང་ཁྱད་ཆོས། ཞིབ་འཇུག་གི་ཐབས་ལམ་སོགས་ལ་འབྲེལ་ཡོད་ཀྱི་ཆེད་ལས་མཁས་པ་དག་གིས་རང་རང་སོ་སོའི་ངོས་ཐད་ནས་ཞིབ་འཇུག་བས་ཏེ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་རུང་། བོད་རིག་པ་ཞེས་པའི་རིག་ཚན་འདི་ཡི་གོ་དོན་དང་གཞུང་ལུགས་ཀྱི་རྒྱབ་རྟེན་སོགས་ལ་ངོས་འཛིན་གཅིག་མཐུན་ཞིག་བྱུང་མེད། དེར་བརྟེན་བོད་རིག་པ་ཞེས་པའི་རིག་ཚན་འདི་འཛུགས་སྐྱོང་བྱེད་དགོས་ན་ངེས་པར་དུ་གནད་དོན་གཙོ་བོ་འདི་རིགས་ལ་མུ་མཐུད་དུ་བགྲོ་གླེང་བྱས་ཏེ། ངོས་འཛིན་གཅིག་མཐུན་ཡོང་རྒྱུ་གལ་ཆེན་རེད་སྙམ།
བཅར་འདྲི་བ། རེད། གོང་ནས་རྒན་ལགས་ཀྱིས་བོད་རིག་པའི་རིག་ཚན་འདི་ཅི་ལྟར་དར་བ་དང་དེ་ཡི་ཞིབ་འཇུག་གི་གནས་བབ་ཅི་འདྲ་ཡིན་པ་སོགས་ཀྱི་སྐོར་ལ་ལན་གནང་བར་ཐུགས་རྗེ་ཆེ་ཞུ། དངོས་གནས་རྒན་ལགས་ཀྱིས་གསུངས་པ་ལྟར། བོད་རིག་པ་ཞེས་པའི་རིག་ཚན་འདི་འཛུགས་སྐྱོང་བྱེད་དགོས་ན།ཐོག་མར་རིག་ཚན་འདི་ལ་ངོས་འཛིན་གཅིག་མཐུན་ཡོང་རྒྱུ་གལ་ཆེན་རེད། དེས་ན་རྒན་ཁྱེད་ཀྱིས་ཐོག་མར་བོད་རིག་པ་ཞེས་པའི་རིག་ཚན་འདི་ཡི་གོ་དོན་གྱི་ངོས་སྐོར་ང་ཚོ་ལ་ངོ་སྤྲོད་ཅིག་གནང་རོགས་ཞུ།
དགེ་རྒན་ཆེ་མོ་བན་གོ་ལགས། བོད་རིག་པ་ཞེས་པའི་རིག་ཚན་འདི་བྱུང་བ་ནས་བཟུང་། དེ་ཡི་གོ་དོན་ལ་མཁས་པ་སོ་སོས་འགྲེལ་བཤད་གང་མང་གནང་ཡོད། དེ་ལས་《ཀྲུང་གོའི་བོད་རིག་པ》ཞེས་པའི་རང་རྒྱལ་གྱི་རིག་གཞུང་ཞིབ་འཇུག་གི་དུས་དེབ་གཙོ་གྲས་དེ་ལས། “བོད་རིག་པ་ཞེས་པ་ནི་བོད་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་འདུས་རང་བཞིན་གྱི་རིག་ཚན་ཞིག་ཡིན་ལ། དེ་ནི་གཞི་རྩའི་ཆ་ནས་མི་ཆོས་རིག་ཚན་གྱི་ཁོངས་སུ་གཏོགས་ཡོད་ཀྱང་། དུས་མཚུངས་སུ་རང་བྱུང་དང་སྤྱི་ཚོགས་ཚན་རིག་གི་ནང་དོན་ཡང་འདུས་ཡོད་”[1]ཅེས་བསྟན་འདུག དེའི་རྗེས་སུ་མཁས་པ་འགའ་ཞིག་གིས་རང་རང་སོ་སོའི་ལྟ་ཚུལ་གསུངས་ཡོད་ལ། དེ་དག་ལས་ཅུང་འཐུས་ཚབ་རང་བཞིན་ལྡན་པ་ནི་ལྷག་པ་ཕུན་ཚོགས་ལགས་ཀྱིས་“བོད་མི་རིགས་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་གནས་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་འདས་སོང་དང་ད་ལྟའི་གནས་བབ།མ་འོངས་པའི་འཕེལ་ཕྱོགས་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་བསམ་པའི་རིག་གནས་དང་དངོས་པོའི་རིག་གནས་ལ་ཞིབ་འཇུག་བྱེད་པ་སོགས་ཕྱོགས་གཅིག་ཏུ་དྲིལ་ན་དེ་ལ་བོད་རིག་པ་ཞིབ་འཇུག་ཟེར་བ་ཡིན་”[2]ཞེས་གསུངས། ལྦང་ཡའོ་ཡིས་“བོད་རིག་པ་ནི་ཞིབ་འཇུག་བྱ་ཡུལ་ཞིག་ཡིན་རུང་ཁྱབ་ཁོངས་རྒྱ་ཆེ་བའི་རིག་ཚན་ཞིག་ཡིན་ལ། རིག་གཞུང་ཞིབ་འཇུག་དང་འདུ་ཤེས་ཟུང་འཇུག་གི་རིག་ཚན་ཞིག་ཡིན་”[3]ཞེས་གསུངས། ཡང་དགེ་ལེགས་ཀྱིས་“བོད་རིག་པ་ནི་ལོ་རྒྱུས་དང་སྐད་བརྡ། ཆོས་ལུགས། ཆབ་སྲིད། སྒྱུ་རྩལ་སོགས་རིག་ཚན་མང་པོ་ཞིག་གིས་གྲུབ་པའི་རིག་ཚན་གྱི་ཚོགས་པ་ཞིག་རེད་”[4]ཅེས་བསྟན་ཡོད། གོང་གི་ལྟ་ཚུལ་དེ་དག་ལས་བོད་རིག་པ་ཞེས་པ་ནི་རིག་ཚན་ཞིག་ཡིན་པའི་ལྟ་བ་གཅིག་ལ་བབས་ཡོད། དེ་ཡི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པས་བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས། རིག་གནས། ཆོས་ལུགས་སོགས་ཁྱབ་ཁོངས་སྣ་མང་འདུས་ལ། ཁྱད་ཆོས་འབུར་དུ་ཐོན་པའང་གཏན་འབེབས་གསལ་པོ་བྱས་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྐབས་ལ་མཚོན་ན། དངོས་གནས་རང་རྒྱལ་གྱི་བོད་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་སྐོར་ལ་དཔྱད་གླེང་དང་། རིག་གཞུང་ཞིབ་འཇུག་གི་ལོ་རྒྱུས་ལ་ཕྱོགས་བསྡོམས། གསར་དུ་དར་བའི་རིག་ཚན་འདི་ཡི་མིང་དང་གོ་དོན། ཞིབ་འཇུག་བྱ་ཡུལ། ཞིབ་འཇུག་གི་ཁྱབ་ཁོངས་སོགས་ལ་འགྲེལ་བཤད་དང་ཕྱོགས་བསྡོམས། གཏན་འབེབས་བཅས་བྱེད་པའི་དུས་རིམ་ཞིག་རེད། ལོ་རབས་དགུ་བཅུ་པ་ནས་བཟུང་། བོད་རིག་པའི་རིག་ཚན་འདི་ཡི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་པའི་སྐོར་ལ་མཁས་པ་སོ་སོས་མཐོང་ཆེན་བྱས་ཏེ། སྔ་རྗེས་སུ་རིག་གཞུང་གསུང་རྩོམ་མང་པོ་འགྲེམས་སྤེལ་བྱས་ཡོད་ལ། སྲོལ་རྒྱུན་གྱི་བོད་རིག་པ་དང་དེང་རབས་ཀྱི་བོད་རིག་པ་ཞེས་པ་སོགས་ཀྱི་བརྡ་ཆད་དང་འགྲེལ་བཤད་རྒྱག་སྟངས་ཀྱང་གསར་དུ་ཐོན་པ་རེད། འདི་དག་གིས་བོད་རིག་པའི་རིག་ཚན་འདི་ཡི་ཁྱད་ཆོས་དང་ཞིབ་འཇུག་བྱེད་ཐབས་སྔར་བས་དབྱེ་ཞིབ་གསལ་པོ་བྱས་ཏེ། བོད་རིག་པའི་རིག་ཚན་འཛུགས་སྐྱོང་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད། དེ་ནས་ཉིས་སྟོང་གསུམ་ལོར་སླེབས་དུས《ཀྲུང་གོའི་བོད་རིག་པའི་ལོ་རྒྱུས(1949ལོའི་སྔོན)》[5]ཞེས་པ་པར་སྐྲུན་བྱས་ཤིང་། དེ་ཡི་ནང་དུ་བོད་རིག་པའི་གོ་དོན་དང་རིག་ཚན་གྱི་ཁྱད་ཆོས། ཞིབ་འཇུག་གི་ཁྱབ་ཁོངས་དང་ཞིབ་འཇུག་བྱ་ཡུལ་སོགས་ཆེད་དུ་གླེང་བ་མ་ཟད། རང་རྒྱ་ལ་གྱི་བོད་རིག་པའི་ལོ་རྒྱུས་ལ་དུས་རིམ་རང་བཞིན་གྱི་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཏེ། བོད་རིག་པའི་རིག་ཚན་འདི་ཡི་སྒྲིག་གཞི་དང་འཛུགས་སྐྱོང་ལ་རིགས་ལམ་གསལ་པོ་ཞིག་མཁོ་འདོན་བྱས་པ་རེད། གྲུབ་འབྲས་འདི་དག་གིས་བོད་རིག་པ་ཞིབ་འཇུག་བྱེད་པའི་རྒྱབ་རྟེན་ནི་ལོ་རྒྱུས་དར་ཡུན་རིང་བ་དང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་བོད་ཀྱི་གསུང་རབ་བསྟན་བཅོས་ཁག་ཡིན་པ་གསལ་བཤད་བྱས་ཡོད་ལ། དུས་མཚུངས་སུ་བོད་རིག་པ་དང་རིག་ཚན་གཞན་དག་གི་བར་ནས་ཞིབ་འཇུག་གི་ཐབས་ལམ་ཟུང་འཇུག་བྱེད་པའི་རིགས་ལམ་དང་ཞིབ་འཇུག་བྱ་ཐབས་ལ་གདེང་འཇོག་ཐོབ་པ་རེད། གཞན་ཡང་འདིར་གསལ་བཤད་བྱེད་དགོས་པ་ཞིག་ནི། བོད་རིག་པའི་རིག་ཚན་འདི་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་པའི་གོ་རིམ་ཁྲོད་ནས། བོད་རིག་པའི་རིག་ཚན་གྱི་ཁྱད་ཆོས་འབུར་དུ་གཏོད་པ་དམིགས་སུ་བཟུང་ནས། གོ་ལོག་ཐེབས་པའི་གནས་ཚུལ་ཡང་ཁ་ཤས་བྱུང་ཡོད་དེ། མཁས་པ་འགའ་ཞིག་གིས་བོད་རིགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་བོད་རིག་པའི་རིག་ཚན་གྱི་ཁོངས་སུ་བསྡུས་པས། ཕར་བལྟས་ན་རིག་ཚན་གྱི་མི་རིགས་རང་བཞིན་འབུར་དུ་གཏོད་པ་འདྲ་རུང་། དོན་དུ་རིག་ཚན་དེ་ཡི་རིག་གཞུང་གི་ཁྱད་ཆོས་ཟུར་གྱིས་བཅོམ་པས་མི་རིགས་དང་འབྲེལ་བ་ཡོད་པ་ཙམ་གྱིས་འཐུས་པར་བྱས་ཡོད། མི་འགའ་ཡིས་འདི་ལ་དཔེ་གསོན་ཉམས་ལྡན་པ་ཞིག་ཀྱང་བཞག་ཡོད། ཅི་རེད་ཟེར་ན། བོད་རིག་པའི་བྲོ་ཁུག་ཟེར། ཁུག་མའི་ནང་དུ་བསྡུས་པ་ཐམས་ཅད་ལ་བོད་རིག་པ་ཟེར་བས། འདི་ལས་བཤད་བཤད་ཐམས་ཅད་བོད་རིག་པ་དང་། བྲིས་བྲིས་ཐམས་ཅད་བོད་རིག་པར་གྱུར། དེ་བས་གཞུང་ལུགས་ཀྱི་རྒྱབ་རྟེན་དང་བསྡོངས་ནས་བོད་རིག་པའི་རིག་ཚན་འདི་ལ་དབྱེ་བ་གསལ་པོ་འབྱེད་རྒྱུ་གལ་ཆེན་རེད་སྙམ།
བཅར་འདྲི་བ། རྒན་ལགས་ཀྱིས་བོད་རིག་པའི་གོ་དོན་དང་དེ་ཡི་འཕེལ་རིམ་སྐོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། གོང་དུ་རྒན་ལགས་ཀྱིས་གསུངས་པ་ལྟར། བོད་རིག་པ་དེ་འཕེལ་རྒྱས་ཀྱི་གོ་རིམ་དང་ཞིབ་འཇུག་གི་ཐབས་ལམ་སོགས་གཞིར་བཟུང་ནས་སྲོལ་རྒྱུན་གྱི་བོད་རིག་པ་དང་དེང་རབས་ཀྱི་བོད་རིག་པ་ཞེས་དབྱེ་བ་ལྟ་བུ་དང་། ཡང་ཞིབ་འཇུག་གི་ཁྱབ་ཁོངས་དང་ནང་དོན་གྱི་ཆ་ནས་ཆོས་ལུགས་དང་ཆབ་སྲིད།དཔལ་འབྱོར། ལོ་རྒྱུས། སྒྱུ་རྩལ། གནའ་རྫས་རྟོག་ཞིབ་སོགས་མང་དུ་དབྱེ་བ་རེད། དེའི་ཟུར་ནས་བོད་རིག་པའི་བྲོ་ཁུག་གི་གནད་དོན་ཡང་ཐོན་བཞིན་ཡོད་པས། ང་ཚོས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་དང་ཞིབ་འཇུག་གི་ཟབ་ཚད་སོགས་གཞིར་བཟུང་ནས་དེ་ལ་རིགས་དང་དབྱེ་བ་ཅི་ལྟར་དགར་ན་འགྲིག་གམ།
དགེ་རྒན་ཆེ་མོ་བན་གོ་ལགས། དཔེར་ན་སྤྱི་ལོ་ཉིས་སྟོང་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས》ཞེས་པའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་ལ། དེབ་འདིའི་ནང་དུ་བོད་རིག་པ་ནི་ཚང་མས་ཁས་ལེན་པའི་འཛམ་གླིང་རང་བཞིན་གྱི་རིག་ཚན་གསར་པ་ཞིག་ཡིན་ལ། རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཁྲོད་དེ་ལ་མཐོང་ཆེན་བྱེད་བཞིན་ཡོད། དེ་ནི་སྲོལ་རྒྱུན་གྱི་རིག་པའི་གནས་བཅུ་ལས་བརྒལ་ཞིང་། ཆབ་སྲིད་དང་དཔལ་འབྱོར། ལོ་རྒྱུས། རྩོམ་རིག་སྒྱུ་རྩལ། ཆོས་ལུགས། མཚན་ཉིད་རིག་པ། སྐད་ཡིག་རྩོམ་རིགས། སློབ་གསོ། གནའ་རྫས་རྟོག་ཞིབ། དམངས་སྲོལ། བོད་སྨན་དང་བོད་ལུགས་གསོ་རིག གནམ་རིག་སྐར་རྩིས། སྐྱེས་ཁམས་སྲུང་སྐྱོབ། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། ཞིང་ལས་དང་འབྲོག་ལས་སོགས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་རྨང་གཞིའི་རིག་ཚན་མང་པོ་འདུས་ཡོད་པས། བོད་ཀྱི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པའི་རིག་ཚན་གྱི་མ་ལག་རྒྱ་ཆེན་པོ་ཞིག་ཡིན་ཞེས་བསྟན་ཡོད། འདི་ལས་བོད་རིག་པ་ནི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་རྒྱ་ཆེན་པོ་ཞིག་ཡིན་པ་དང་། དེ་ཡི་ཁྱབ་ཁོངས་ནི་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་ལས་བརྒལ་ཡོད་པ་གསལ་བཤད་བྱས་ཡོད། དེར་བརྟེན་བོད་རིག་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་པའི་གནས་བཅུ་ཡིས་འཐུས་པ་ཙམ་ཞིག་མ་ཡིན་ལ། བོད་དང་འབྲེལ་བ་ཡོད་པ་ཙམ་གྱིས་བོད་རིག་པར་གཏོགས་པ་ཞིག་ཀྱང་གཏན་ནས་མིན་པས། ངས་ཀྱང་འདིའི་སྐོར་ལ་བསམ་བློ་མང་པོ་བཏང་མྱོང་ལ་འབྲེལ་ཡོད་ཀྱི་དཔྱད་རྩོམ་ཡང་བྲིས་པ་་ཡིན། འདིའི་ཐད་ང་རང་གིས་བལྟས་ན་སྒྲ་ཡངས་འཇུག་གི་བོད་རིག་པ་དང་སྒྲ་དོག་འཇུག་གི་བོད་རིག་པ་ཞེས་ཁག་གཉིས་སུ་དབྱེ་ན་འགྲིག་པར་བསམ། ཚང་མས་ཤེས་གསལ་ལྟར། བོད་རིག་པ་ནི་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་གཞུང་རྟ་ལྟ་བུར་བཟུང་ནས་གྲུབ་པ་ཞིག་རེད། རིག་གནས་ཆེ་ཆུང་བཅུའི་དབྱེ་སྟངས་ཀྱང་གནའ་བོའི་རྒྱ་གར་གྱི་ཤེས་བའི་མ་ལག་གྲུབ་སྟངས་དང་། དེ་ཡི་རིག་ཚན་དབྱེ་སྟངས་གཞིར་བཟུང་ནས་དུས་རབས་བཅུ་གསུམ་པའི་ནང་བོད་དུ་དར་ཞིང་། དེ་ནས་རིམ་བཞིན་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ལ། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་དགོན་སྡེ་ཁག་གིས་འཐུས་སྒོ་ཚང་བའི་སློབ་གསོའི་ལམ་ལུགས་འདི་བརྒྱུད་དེ། མཁས་པ་བགྲང་ལས་འདས་པ་གསོ་སྐྱོང་བྱས་པ་མ་ཟད། གསུང་རབ་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་ཐོན་ཡོད། ད་ལྟའི་བོད་རིག་པ་ཞིབ་འཇུག་གི་རྨང་གཞི་དང་རྒྱབ་རྟེན་ནི་སྔར་བཞིན་ལོ་རྒྱུས་ཀྱི་ཡིག་ཆ་འདི་རིགས་ཡིན་པས། བོད་རིག་པ་ཞེས་པའི་རིག་ཚན་འདི་གྲུབ་པ་དང་གནས་ཐུབ་པའི་རྒྱུ་མཚན་ཡང་འདི་ལ་རག་ལས་ཡོད། དེར་བརྟེན་ང་རང་གིས་གོང་ནས་བཤད་པའི་སྒྲ་དོག་འཇུག་གི་བོད་རིག་པ་ཞེས་པ་དེ་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་ལ་གོ་དགོས་སྙམ། སྒྲ་དོག་འཇུག་གི་བོད་རིག་པ་འདི་ལ་མཚོན་ན། སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་ཡི་རིག་ཚན་གྱི་མ་ལག་གཞིར་བཟུང་སྟེ། བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་རིག་གནས་ཆེ་ཆུང་བཅུ་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་བོད་རིག་པའི་ཤེས་ཡོན་པ་གསོ་སྐྱོང་བྱས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་པ་རེད། མ་ཟད་དེང་གི་རིག་ཚན་འཕེལ་རྒྱས་གཏོང་བའི་འགྲོས་དང་བསྟུན་ནས། སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་པོ་དེ་རང་རྒྱལ་གྱི་ད་ལྟའི་རིག་ཚན་སོ་སོའི་ནང་ལ་བཅུག་ནའང་མི་འགྲིག་པ་མེད། དཔེར་ན་སྒྲ་རིག་པ་ཡིན་ན་སྐད་བརྡ་རིག་པའི་རིག་ཚན་གྱི་ནང་ལ་བསྡུ་ཆོག་པ་དང་། ནང་དོན་རིག་པ་ནི་མཚན་ཉིད་རིག་པའི་རིག་ཚན་གྱི་ཁོངས་སུ་བསྡུ་ཆོག་ལ། ཚད་མ་རིག་པ་ནི་གཏན་ཚིགས་རིག་པའི་ཁོངས་སུ་བསྡུ་ཆོག བཟོ་རིག་པ་ནི་འཛུགས་སྐྲུན་རིག་པའི་ཁོངས་སུ་བསྡུ་ཆོག གསོ་བ་རིག་པ་ནི་གསོ་བ་རིག་པ་དང་སྨན་རྫས་རིག་པའི་ཁོངས་སུ་བསྡུ་ཆོག་པ་ལྟ་བུ་རེད། དེ་བཞིན་དུ་རིག་གནས་ཆུང་བ་ལྔ་ཡི་ནང་ནས་སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར་བཅས་ནི་རྩོམ་རིག་གི་ཁོངས་སུ་བསྡུ་ཆོག་པ་དང་། ཟློས་གར་ནི་ཟློས་གར་རིག་པ་དང་། གནམ་རིག་སྐར་རྩིས་ནི་རང་བྱུང་ཚན་རིག་གི་ཁོངས་སུ་བསྡུ་ཆོག ཡིན་ནའང་གོང་ནས་གླེང་བ་ལྟར་རིག་པའི་གནས་བཅུ་ལ་དབྱེ་སྟངས་འདི་ནི་གནའ་བོའི་རྒྱ་གར་གྱི་ནང་བསྟན་རིག་གནས་ཀྱི་རིག་ཚན་དབྱེ་སྟངས་གཞིར་བཟུང་ནས་བོད་ལ་དར་བ་ཞིག་ཡིན་པས། དེང་གི་རིག་ཚན་དབྱེ་སྟངས་དང་བསྡུར་ན་དངོས་གནས་ཁྱད་པར་མང་པོ་ཡོད། དཔེར་ན་ལོ་རྒྱུས་རིག་པ་དང་ཡིག་ཆ་རིག་པ། དཀར་ཆག་རིག་པ་སོགས་ཀྱི་རིག་ཚན་ཤེས་བ་དང་ཞིབ་འཇུག་གི་ཐབས་ལམ། ཞིབ་འཇུག་གི་གྲུབ་འབྲས་སོགས་བོད་ལ་སྔ་མོ་ནས་ཕུན་སུམ་ཚོགས་པ་ཞིག་ཡོད་རུང་དེ་དག་རིག་གནས་ཆེ་ཆུང་བཅུ་དང་ལོགས་སུ་ལུས་པ་ལྟ་བུ་ཞིག་རེད། འདི་དག་ཀྱང་ང་ཚོས་ཀྲུང་གོའི་ལོ་རྒྱུས་རིག་པ་དང་བཅས་པའི་འབྲེལ་ཡོད་ཀྱི་རིག་ཚན་དག་གི་ཁོངས་སུ་བསྡུ་ཆོག འདིར་གསལ་བཤད་དགོས་རྒྱུ་ཞིག་ནི། གལ་ཏེ་སྒྲ་དོག་འཇུག་གི་བོད་རིག་པའི་གནས་ལ་འཇུག་མཁན་ཞིག་ཡིན་ན། ངེས་པར་དུ་བོད་ཡིག་གི་ལྟ་ཀློག་འབྲི་གསུམ་གྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས། དེ་མིན་ན་དཔའ་བོ་ལག་རྡུམ་ལྟ་བུར་འགྱུར་ཉེན་ཆེ་བས། བོད་ཀྱི་སྐད་དང་ཡི་གེ་ནི་བོད་རིག་པར་འཇུག་པའི་ཐོག་མའི་ཆ་རྐྱེན་དང་མ་མཐའི་ཚད་གཞི་ཞིག་རེད།
དེ་མིན་སྒྲ་ཡངས་འཇུག་གི་བོད་རིག་པ་ཞེས་པ་ནི། བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཁོངས་སུ་མ་འདུས་པའི་ལོ་རྒྱུས་ཀྱི་སྐོར་དང་། བོད་རིག་པ་དེ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འགྲོས་དང་བསྟུན་ནས་རིག་ཚན་གཞན་དག་དང་ཟུང་འཇུག་བྱས་པ་ལས་བྱུང་བའི་རིག་ཚན་གསར་པའི་ནང་དོན་དག་ལ་གོ་དགོས། དེ་ལ་དེང་རབས་ཀྱི་རང་བཞིན་དང་། དངོས་ཡོད་ཀྱི་རང་བཞིན། སྔོན་དཔག་གི་རང་བཞིན་བཅས་ལྡན་ལ། རིག་གནས་ཞིབ་འཇུག་གི་ཕྱོགས་ནས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རིགས་ལམ་མང་པོར་བརྟེན་པའི་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་གཙོ་བོར་བཟུང་ཡོད་དེ། གོང་ནས་བཤད་པའི་སྒྲ་དོག་འཇུག་གི་བོད་རིག་པའི་ཁོངས་སུ་འདུས་པའི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཁྱབ་ཁོངས་ནས་སྤྱི་ཚོགས་རིག་པ་དང་། རིག་གནས་རིག་པ། སློབ་གསོ་རིག་པ། ཁྲིམས་ལུགས་རིག་པ། དཔལ་འབྱོར་རིག་པ། ས་གཤིས་རིག་པ་སོགས་ཀྱི་རིག་ཚན་དག་གི་ཁྱབ་ཁོངས་ལ་བསྲིངས་པ་དང་། ཞིབ་འཇུག་གི་ཡིག་རིགས་ཀྱི་ཐད་ནས་སྲོལ་རྒྱུན་གྱི་རྣམ་པ་ལྟར་བོད་ཡིག་དང་རྒྱ་ཡིག་རྐྱང་རྐྱང་མ་ཡིན་པར་། དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ འཇར་མན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ དབྱི་ཐྲ་ལིའི་ཡི་གེ་སོགས་སྤྱོད་པ་དེ་རེད། སྒྲ་ཡངས་འཇུག་གི་བོད་རིག་པའི་གོ་དོན་འདི་གཏན་འཁེལ་བྱུང་ན། བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཤེས་བྱའི་མ་ལག་དང་ཞིབ་འཇུག་གི་ཁྱབ་ཁོངས་ལས་བརྒལ་ནས་བོད་རིག་པའི་རིག་ཚན་གྱི་ནང་དོན་དང་ཞིབ་འཇུག་གི་ཐབས་ལམ་སྔར་བས་གྱ་ནོམ་པ་དང་འཐུས་སྒོ་ཚང་བ་ཡོང་ཐུབ་ལ། ཁྱད་པར་དུ་རིག་གནས་མིའི་རིགས་རིག་པ་དང་། མི་རིགས་རིག་པ་སོགས་ཀྱི་རིག་ཚན་དག་གི་གཞུང་ལུགས་དང་ཞིབ་འཇུག་བྱེད་ཐབས་ལག་ལེན་བྱས་ན། རིག་ཚན་གསར་པ་འདི་གྲུབ་པ་དང་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་དུ་འགྱུར་ངེས་རེད།
བཅར་འདྲི་བ། ད་དུང་རྒན་ལགས་ལ་འདྲི་རྒྱུ་ཞིག་ནི། དེང་སྐབས་རང་རྒྱལ་གྱི་མི་རིགས་སློབ་ཆེན་དག་གི་བོད་རིག་པ་དང་འབྲེལ་བ་ཡོད་པའི་སློབ་གླིང་ངམ་སྡེ་ཁག་དག་ལ་མཚོན་ན། རིག་ཚན་གཙོ་བོ་ནི་བོད་རིག་པའི་རིག་ཚན་འདི་ཡིན་རུང་། རིག་ཚན་གྱི་མིང་དང་ཆེད་སྦྱོང་གི་ཐད་ལ་སྔར་བཞིན་ཅུང་ཟད་རྙོག་དྲ་ཆེ་བའི་སྣང་ཚུལ་ཞིག་འདུག དཔེར་ན་དངོས་གཞིའི་སློབ་མ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སྐབས་སུ་གཙོ་བོ་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་འདི་སློབ་གཉེར་བྱེད་པ་དང་། ཡང་འབུམ་རམས་པའི་སྐབས་སུ་གཙོ་བོ་མི་རིགས་རིག་པའི་ཆེད་ལས་དང་དེ་ཡི་འོག་གི་བོད་རིག་པའི་ཆེད་སྦྱོང་འདི་སློབ་གཉེར་བྱེད་བཞིན་ཡོད། དཔེར་ན་ལྷོ་ནུབ་མི་རིགས་སློབ་ཆེན་ལ་མཚོན་ན་གནས་ཚུལ་དེ་མངོན་གསལ་དོད་པོ་རེད། དེ་ན་བོད་རིག་པ་དང་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་བར་གྱི་འབྲེལ་བ་དང་། བོད་རིག་པ་དང་མི་རིགས་རིག་པའི་བར་གྱི་འབྲེལ་བ་དང་ཁྱད་པར་ཅི་འདྲ་ཡིན་པའི་ཐད་ང་ཚོར་ངོ་སྤྲོད་ཅིག་གནང་རོགས།
དགེ་རྒན་ཆེ་མོ་བན་གོ་ལགས། རིག་ཚན་ནི་རིག་པའི་གནས་གང་རུང་ཞིག་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་གི་དབྱེ་སྟངས་ཤིག་རེད། སྤྱིར་བཏང་བྱས་ན་རིག་ཚན་རང་རྐྱ་འཕེར་བ་ཞིག་གྲུབ་དགོས་ན་དེ་ལ་གཞི་རྩའི་ཆ་རྐྱེན་གསུམ་ངེས་པར་དུ་འཛོམས་དགོས། གཅིག་ནི་ཐུན་མོང་མ་ཡིན་པའི་ཞིབ་འཇུག་བྱ་ཡུལ་ལམ་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་ཡོད་དགོས། གཉིས་ནི་གཏན་ཚིགས་དང་ལྡན་པའི་ཤེས་བྱའི་མ་ལག་ཅིག་ཡོད་དགོས། གསུམ་ནི་ཚན་རིག་ཤེས་བྱའི་ཞིབ་འཇུག་བྱེད་སྟངས་ཤིག་ཡོད་དགོས། དཔེར་ན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་སློབ་གནས་ཀྱི་རིག་ཚན་དང་ཆེད་སྦྱོང་བཀོད་སྒྲིག་བྱེད་སྟངས་ལྟ་བུར་མཚོན་ན། གཅིག་ནི་ཀྲུང་གོའི་སྐད་ཡིག་རྩོམ་རིག་གི་རིག་ཚན་དང་པོའི་འོག་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་གི་རིག་ཚན་གཉིས་པ་བཀོད་སྒྲིག་བྱས་ཡོད་པ་དང་། དེ་ཡི་འོག་ན་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཞིབ་འཇུག་ཁ་ཕྱོགས་ཡོད། གཉིས་ནི་མི་རིགས་རིག་པའི་རིག་ཚན་དང་པོའི་འོག་ན་བོད་རིག་པའི་རིག་ཚན་གཉིས་པ་བཀོད་སྒྲིག་བྱས་ཡོད་པ་དང་། དེ་ཡི་འོག་ན་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་སོགས་ཀྱི་ཞིབ་འཇུག་གི་ཁ་ཕྱོགས་ཡོད། གསུམ་ནི་མཚན་ཉིད་རིག་པའི་རིག་ཚན་དང་པོའི་འོག་ན་བོད་བརྒྱུད་ཚད་མ་རིག་པའི་རིག་ཚན་གཉིས་པའི་ཆེད་སྦྱོང་བཀོད་སྒྲིག་བྱས་ཡོད་པ་ལྟ་བུ་རེད། ད་ལྟའི་བར་དུ་རང་རྒྱལ་གྱི་མི་རིགས་སློབ་ཆེན་དག་གི་རིག་ཚན་དང་ཆེད་སྦྱོང་བཀོད་སྒྲིག་བྱེད་ལུགས་ཀྱི་ཐད་ལ་ཁྱད་པར་ཅུང་ཟད་རེ་ཡོད་ཀྱང་། སྤྱིའི་ཆ་ནས་བོད་རིག་པའི་ཆེད་སྦྱོང་གི་དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་སློབ་མ་ཕལ་ཆེར་གོང་གི་ཆེད་སྦྱོང་འདི་རིགས་ལ་བརྟེན་ནས་གསོ་སྐྱོང་བྱེད་བཞིན་ཡོད། འོན་ཀྱང་མིག་སྔར་བོད་རིག་པ་དང་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་བར་གྱི་འབྲེལ་བ་དང་། ཁྱད་པར་དེ་རིག་གཞུང་ཞིབ་འཇུག་དང་སྒོས་སུ་སློབ་གཉེར་གྱི་གོ་རིམ་ཁྲོད་ནས་གཏན་འཁེལ་གསལ་པོ་ཞིག་མིན་པས། བོད་རིག་པའི་ནང་དོན་དང་ཁྱབ་ཁོངས་སོགས་གཏན་འཁེལ་བྱ་རྒྱུ་དང་། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་རིག་ཚན་འདི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཡོང་བར་ངང་ངམ་ཤུགས་ཀྱིས་ཚོད་འཛིན་ཐེབས་བཞིན་ཡོད། དོན་དུ་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་ནི་མིག་སྔར་རང་རྒྱལ་གྱི་མི་རིགས་སློབ་ཆེན་དག་གི་རིག་ཚན་གཙོ་བོ་ཞིག་དང་ཁྱད་ཆོས་ལྡན་པའི་ཆེད་སྦྱོང་ཞིག་རེད། ཆེད་སྦྱོང་འདི་བཙུགས་པ་ནས་ད་ལྟའི་བར་ལ། རང་རྒྱལ་གྱི་བོད་རིག་པའི་ཤེས་ཡོན་པ་མང་པོ་ཞིག་གསོ་སྐྱོང་བྱས་པ་མ་ཟད། མི་རིགས་སློབ་ཆེན་གྱི་རིག་ཚན་གྲགས་ཅན་ཞིག་ལ་གྱུར་བ་རེད། ལོ་ངོ་མང་པོའི་རིང་ལ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། ཁྱད་ཆོས་སྲུང་འཛིན། ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་ལ་བྱས་རྗེས་བཞག་དང་འཇོག་བཞིན་ཡོད། འོན་ཀྱང་རིག་ཚན་འཕེལ་རྒྱས་འགྲོ་བ་དང་། སྒོས་སུ་རིག་གནས་སྤེལ་རེས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བ་དང་བསྟུན་ནས། བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་འདི་ལ་དུས་ཀྱི་ཚད་བཀག་མང་པོ་ཞིག་བྱུང་ཡོད། ང་ཚོས་གསུང་རབ་བསྟན་བཅོས་རྐྱང་རྐྱང་ཞིག་ལ་འགྲེལ་བཤད་དང་དཔྱད་འཇོག་བྱས་པ་ཙམ་གྱིས་འཐུས་པར་བྱེད་པའི་ཞིབ་འཇུག་གི་ཐབས་ལམ་དེས་ད་ལྟའི་རིག་ཚན་འཕེལ་རྒྱས་ཀྱི་དགོས་མཁོ་བསྐོང་མི་ཐུབ་ལ། བོད་རིག་པ་དང་། བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་། མི་རིགས་རིག་པ་བཅས་ཀྱི་ཐད་ལ་རང་རང་སོ་སོའི་དགེ་མཚན་འདོན་སྤེལ་གང་ལེགས་མ་བྱས་པས། ཆེད་སྦྱོང་གཅིག་ལས་མེད་པ་དང་། ཁྱད་ཆོས་མངོན་གསལ་མིན་པའི་སྣང་ཚུལ་བྱུང་ཡོད། དེར་བརྟེན་སྒྲ་དོག་འཇུག་གི་བོད་རིག་པ་དང་སྒྲ་ཡངས་འཇུག་གི་བོད་རིག་པའི་ཁྲོད་ནས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་འདི་གང་གི་ཁོངས་སུ་བསྡུ་དགོས་པ་དང་། དེ་དག་གི་འབྲེལ་བ་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེ་ལས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་ནི་སྒྲ་དོག་འཇུག་གི་བོད་རིག་པའི་རིགས་ལམ་ལྟར་ན། གཙོ་བོ་བོད་རང་གི་སྐད་དང་ཡི་གེའི་སྟེང་ནས་བོད་ཀྱི་བཅུ་ཕྲག་རིག་པའི་གཞུང་ལ་སློབ་སྦྱོང་བྱེད་དགོས་པ་དང་། བོད་ཀྱི་གསུང་རབ་བསྟན་བཅོས་ལ་འགྲེལ་བཤད་དང་དཔྱད་འཇོག་བྱེད་པའི་སྲོལ་རྒྱུན་བཟང་པོ་དང་དགེ་མཚན་འདོན་སྤེལ་གང་ལེགས་བས་ཏེ། བོད་རིག་པའི་རིག་ཚན་འདི་ལ་འཇུག་པའི་རྗེས་རབས་པ་གསོ་སྐྱོང་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐབས་བྱེད་དགོས། འདིའི་ཐད་ནས་རང་རྒྱལ་གྱི་མཁས་པ་རྒན་རབས་དག་གིས་མིག་དཔེ་བཟང་པོ་བཞག་ཡོད། དཔེར་ན་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། དུང་དཀར་བློ་བཟང་འཕྲིན་ལས། རྡོ་རྗེ་རྒྱལ་པོ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཉན་ཤུལ་མཁྱེན་རབ་འོད་གསལ། བསེ་ཚང་བློ་བཟང་དཔལ་ལྡན། དོར་ཞི་གདོང་དྲུག་སྙེམས་བློ། ཐུབ་བསྟན་ཉི་མ་སོགས་ཀྱིས་བོད་ཀྱི་བཅུ་ཕྲག་རིག་པའི་གནས་སོ་སོ་བསྡུ་སྒྲིག་དང་འགྲེལ་བཤད་གང་ལེགས་གནང་བས་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོབ་ཡོད་ཅིང་གསུང་རྩོམ་ཡང་མང་པོ་མཛད་ཡོད། མཁས་དབང་འདི་དག་ལ་ཐུན་མོང་གི་ཡོན་ཏན་ཞིག་ཡོད་པ་ནི་སྐུ་ཚེ་ཧྲིལ་པོར་སྲོལ་རྒྱུན་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་ཞིང་། བོད་ཀྱི་སྐད་དང་ཡི་གེ་ལ་ནང་བྱན་ཆུད་པ་མ་ཟད། ད་དུང་ལེགས་སྦྱར་ལ་འཇུག་པ་རབ་ཏུ་ཡངས་པས། བོད་ཀྱི་བཅུ་ཕྲག་རིག་གཞུང་ཁོང་དུ་ཆུད་ཡོད། ཁོང་རྣམ་པའི་ཁྲོད་ནས་འགའ་ཤས་ཀྱིས་རིག་གཞུང་གཤིབ་བསྡུར་དང་རིག་ཚན་སྣ་མང་གི་ཞིབ་འཇུག་ཐབས་ལམ་ལག་ལེན་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་པས་བོད་རིག་པའི་གནས་ལ་འཇུག་པའི་ལམ་སྟོན་སྒྲོན་མེ་ལྟ་བུར་གྱུར་ཡོད།
མི་རིགས་རིག་པ་ནི་མི་རིགས་གང་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་རིག་ཚན་ཞིག་རེད། གཙོ་བོ་མི་རིགས་གང་རུང་ཞིག་གི་དར་རྒུད་ཀྱི་གོ་རིམ་དང་། མི་རིགས་སོ་སོའི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་རྣམ་པ། དཔལ་འབྱོར་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་བཞིན་ཡོད། མིག་སྔར་རིག་ཚན་འདི་ནི་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་ནང་ནས་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ལ་གྱུར་ཡོད། གཞན་ཡང་བོད་རིག་པ་ནི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་གཙོས་སུ་བཟུང་བའི་སྟེང་ནས་འཕེལ་རྒྱས་བྱུང་བའི་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་ཀྱི་རིག་ཚན་གསར་པ་ཞིག་རེད། དེར་བརྟེན་བོད་ཀྱི་བཅུ་ཕྲག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐུབ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་བ་དང་། སྤྱི་ཚོགས་ཚན་རིག་གི་གཞུང་ལུགས་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་བཞིན་ཡོད། དེའི་ཕྱིར་བོད་རིག་པ་དང་མི་རིགས་རིག་པའི་རིག་ཚན་འདི་གཉིས་ཀྱི་ནང་དོན་དང་ཞིབ་འཇུག་གི་ཐབས་ལམ་ཐད་གཤིབ་བསྡུར་ཞིག་བྱས་ན་ཁྱད་པར་ངེས་ཅན་ཞིག་ཡོད། ནང་དོན་གྱི་ཆ་ནས་བཤད་ན། བོད་རིག་པ་ལ་རིག་གཞུང་ཞིབ་འཇུག་གི་ཡིག་ཆ་ཕུན་སུམ་ཚོགས་ཤིང་། དེའི་ནང་དུ་རིག་ཚན་སྣ་ཚོགས་འདུས་ཡོད་ལ་ལྟོས་བཅས་ཀྱིས་རང་རྐྱ་འཕེར་བ་ཞིག་ཡིན་རུང་། རིག་ཚན་འདི་ལ་ཞིབ་འཇུག་བྱེད་པའི་རིགས་པའི་གཞུང་ལུགས་སྔར་བཞིན་འཐུས་སྒོ་ཚང་བ་ཞིག་མ་རེད། རང་རེའི་རྒྱལ་ཁབ་ཀྱི་རིག་ཚན་བཀོད་སྒྲིག་བྱེད་སྟངས་ཐད་ནས་བཤད་ན། བོད་རིག་པ་དེ་ལོ་ངོ་མང་པོར་ཁྲིམས་ལུགས་རིག་པའི་ཁྱབ་ཁོངས་ཀྱི་མི་རིགས་རིག་པའི་འོག་ཏུ་བཀོད་སྒྲིག་བྱས་ཡོད་པས། བོད་རིག་པ་དེ་མི་རིགས་རིག་པའི་རིམ་པ་དང་པོའི་རིག་ཚན་འདི་ཡི་འོག་གི་རིམ་པ་གཉིས་པའི་རིག་ཚན་ཞིག་ལ་གྱུར་ཡོད། འོན་ཀྱང་གོང་ནས་གླེང་བ་ལྟར་བོད་རིག་པ་ནི་ནང་དོན་གཏིང་ཟབ་ཅིང་རྒྱ་ཆེ་བས། མི་རིགས་རིག་པའི་རིག་ཚན་འདི་ཡི་ཁོངས་སུ་ཡང་དག་པའི་སྒོ་ནས་འདུ་ཐུབ་པ་ཞིག་མ་ཡིན་ལ། ཡང་སྒོས་ལོ་རབས་དགུ་བཅུ་པའི་དུས་མཇུག་ནས་མི་རིགས་སློབ་ཆེན་འགའ་ཤས་ཀྱི་ཆེད་སྦྱོང་བཀོད་སྒྲིག་གི་དགོས་མཁོ་ལྟར་བོད་རིག་པའི་རིག་ཚན་ཞིག་ཟུར་དུ་བཙུགས་པ་རེད། འདིར་གསལ་བཤད་དགོས་པ་ཞིག་ནི་གོང་ནས་གླེང་བ་ལྟར་མི་རིགས་རིག་པའི་འོག་ཏུ་བཀོད་སྒྲིག་བྱས་པའི་བོད་རིག་པ་ཡིན་ནའང་འདྲ། དེ་ཡི་ལོགས་སུ་བཀོད་སྒྲིག་བྱས་པའི་བོད་རིག་པ་ཡིན་ནའང་འདྲ། གཙོ་བོ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་སྒྲ་ཡངས་འཇུག་གི་བོད་རིག་པའི་ཁོངས་སུ་འདུས་ཡོད། བོད་རིག་པའི་རིག་ཚན་འདི་ཡི་གཞུང་རྟ་དང་སྲོག་ཤིང་ལྟ་བུ་ནི་སྔར་བཞིན་སྒྲ་དོག་འཇུག་གི་བོད་རིག་པའི་ཁོངས་སུ་འདུ་བ་རེད། དེར་བརྟེན་རིག་ཚན་སོ་སོ་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་ལ། གཙོ་བོ་རིག་ཚན་རང་ཉིད་ཀྱི་གོ་དོན་དང་རྩ་བའི་རིགས་པ། རྩ་བའི་ཆོས་ཉིད་སོགས་ཀྱིས་གྲུབ་པའི་ཤེས་བའི་མ་ལག་དང་རིགས་པའི་གཞུང་ལུགས་དེ་ལ་བརྩི་འཇོག་བྱས་ན་ད་གཟོད་རིག་ཚན་སོ་སོ་བདེ་བླག་ངང་འཕེལ་རྒྱས་གཏོང་ཐུབ། དེར་བརྟེན་བོད་རིག་པ་ལྟ་བུར་མཚོན་ན་སྒྲ་དོག་འཇུག་གི་དབང་དུ་བཤད་པའི་བོད་རིག་པའི་རིག་ཚན་གྱི་ཁྱད་ཆོས་ལྟར། བོད་ཀྱི་སྐད་དང་ཡི་གེ་རྨང་གཞིར་བཟུང་བའི་སྟེང་ནས། སྒྲ་ཡངས་འཇུག་གི་བོད་རིག་པའི་ཁྲོད་ཀྱི་འབྲེལ་ཡོད་རིག་ཚན་དག་གི་ནང་དོན་ལ་སྦྱང་པ་གང་ལེགས་བྱེད་དགོས་པ་མ་ཟད། ཞིབ་འཇུག་བྱེད་ཐབས་ཀྱི་ཆ་ནས་ཀྱང་ཡིག་རིགས་རྐྱང་པར་བརྟེན་ནས་ཞིབ་འཇུག་བྱེད་པའི་གནས་བབ་ལས་ཐོད་བརྒལ་བྱས་ཏེ། ལག་ལེན་དངོས་དང་རྦུར་ནས་གསེད་དཀྲོལ་བྱ་རྒྱུ་གལ་ཆེན་རེད་སྙམ།
བཅར་འདྲི་བ། རྒན་ལགས་ཀྱིས་ད་ལྟ་གསུངས་པ་ལྟར། ཁྱེད་ཀྱིས་རིག་ཚན་འཛུགས་སྐྱོང་གི་གོ་རིམ་ཁྲོད་འདི་ལྟ་བུའི་ཐུགས་བསམ་གང་མང་བཞེས་པ་མ་ཟད། ད་དུང་དགོངས་ཚུལ་མང་པོ་ཞིག་རིག་ཚན་འཛུགས་སྐྱོང་དང་སློབ་མ་གསོ་སྐྱོང་གི་གོ་རིམ་དངོས་ཀྱི་ཁྲོད་ལག་ལེན་གནང་བཞིན་ཡོད། དཔེར་ན་རྒན་ཁྱེད་ཀྱིས་དངོས་གཞི་དང་རབ་འབྱམས་པའི་སློབ་མ་གསོ་སྐྱོང་གནང་བའི་དུས་སུ་སྒྲ་དོག་འཇུག་གི་བོད་རིག་པའི་ཤེས་བྱའི་མ་ལག་འདི་གཙོ་བོར་བཟུང་བ་མ་ཟད། སློབ་མ་ཚོས་མཐར་ཕྱིན་དཔྱད་རྩོམ་འབྲི་དུས་ཀྱང་བོད་ཡིག་གི་ལམ་ནས་འབྲི་རུ་འཇུག་བཞིན་ཡོད། ཡང་འབུམ་རམས་པའི་སློབ་མ་གསོ་སྐྱོང་གནང་བའི་དུས་ལ་གཙོ་བོ་སྒྲ་ཡངས་འཇུག་གི་བོད་རིག་པའི་ཤེས་བའི་མ་ལག་མཐའ་དག་སློབ་གཉེར་བྱེད་དུ་འཇུག་པ་མ་ཟད། སློབ་མ་མང་པོའི་མཐར་ཕྱིན་དཔྱད་རྩོམ་ཡང་བོད་ཡིག་མ་ཟད། རྒྱ་ཡིག་སོགས་ཀྱི་ལམ་ནས་འབྲི་བར་སྐུལ་སློང་གནང་བཞིན་ཡོད། འདིའི་ཐད་ཀྱི་དགོངས་དོན་གང་འདྲ་ཡིན་ང་ཚོར་ངོ་སྤྲོད་ཅིག་གནང་རོགས།
དགེ་རྒན་ཆེ་མོ་བན་གོ་ལགས། སྒྲ་དོག་འཇུག་གི་བོད་རིག་པ་དང་སྒྲ་ཡངས་འཇུག་གི་བོད་རིག་པ་གང་ཞིག་ཡིན་རུང་། རང་རྒྱལ་གྱི་ནང་ཁུལ་ནས་རིག་ཚན་འདི་ལ་འཇུག་མཁན་ཞིག་ཡིན་ཚེ། བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་རྨང་གཞི་ངེས་ཅན་ཞིག་ལྡན་དགོས། འདི་ནི་རིག་ཚན་འདི་ལ་འཇུག་པའི་མ་མཐའི་ཆ་རྐྱེན་རེད། དེ་ལས་རང་མི་རིགས་ཀྱི་སློབ་མ་ཞིག་ཡིན་ན། བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་སྒྲ་དོག་འཇུག་གི་ཁོངས་སུ་གཏོགས་པའི་བོད་ཀྱི་བཅུ་ཕྲག་རིག་གནས་མཐའ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྗེས་རབས་པ་དང་རྐང་འཛིན་པ་ཡིན་པའི་ངོས་ནས། རང་མི་རིགས་ཀྱི་སྐད་དང་ཡི་གེའི་ཐོག་ནས་ལྟ་ཀློག་འབྲི་གསུམ་ལ་ཐོགས་པ་མེད་པ་ཞིག་ཡོང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། གཞན་ཡང་བོད་རིག་པ་ནི་རིག་ཚན་མང་པོའི་ཤེས་བྱ་དང་ཞིབ་འཇུག་གི་ཐབས་ལམ་ལྡན་པའི་རིག་གཞུང་གི་མ་ལག་ཅིག་ཡིན་ལ། ད་ལྟ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་ནས་ཀྱང་དེ་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་མང་པོ་ཡོད་པས། དེང་སྐབས་བོད་རིག་པ་ནི་འཛམ་གླིང་རང་བཞིན་གྱི་རིག་ཚན་ཞིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་བོད་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། བོད་ཡིག་ཤེས་པ་ཙམ་གྱིས་མི་ཆོག་པར་ད་དུང་སྐད་ཡིག་གཞན་དག་ངེས་པར་དུ་ཤེས་དགོས། རྒྱུ་མཚན་ནི་བོད་རིག་པའི་ཞིབ་འཇུག་ལ་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། རིག་ཚན་མང་པོ་ཞིག་གི་རིགས་ལམ་འདུས་ཡོད། དཔེར་ན་རྩོམ་རིག་དང་ལོ་རྒྱུས། ཆོས་ལུགས། མཚན་ཉིད་རིག་པ། སྒྱུ་རྩལ། མིའི་རིགས་རིག་པ་ལྟ་བུ་རེད། རིག་ཚན་འདི་དག་གི་ཞིབ་འཇུག་ཐབས་ལམ་དེ་ང་ཚོས་ཡིག་རིགས་གཞན་དག་ནས་སྦྱངས་པ་བྱེད་པའི་དགོས་གལ་ཤིན་ཏུ་ཆེ། འདིའི་ཐད་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ང་ཚོར་མིག་དཔེ་བཟང་པོ་ཞིག་བཞག་ཡོད། ཁོང་ནི་བོད་ཡིག་དང་དབྱིན་ཡིག ལེགས་སྦྱར་གྱི་སྐད། སིང་ཀ་ལའི་སྐད། རྒྱ་ཡིག་སོགས་ཡིག་རིགས་སྣ་མང་ལ་མཁྱེན་རྒྱ་ཡངས་ཤིང་། མི་ལོ་བཅུ་གཉིས་ཀྱི་རིང་ལ། རྒྱ་གར་གྱི་ཤེས་རིག་གི་ལྟེ་གནས་དང་དེ་ཡི་མཐའ་འཁོར་གྱི་རྒྱལ་ཁབ་དག་ལ་ཕེབས་ནས། རིག་གནས་ཞིབ་འཇུག་དང་རིག་གཞུང་གཤིབ་བསྡུར་བྱས་པས། ཆོས་ལུགས་དང་ལོ་རྒྱུས། དམངས་སྲོལ། སྐད་ཡིག རྩོམ་རིག སྒྱུ་རྩལ་སོགས་ཀྱི་ཁྱབ་ཁོངས་ནང་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་དུས་རབས་ཤིག་གི་རིག་པའི་དེད་དཔོན་ལྟ་བུར་གྱུར་ཡོད་པ་མ་ཟད། དེང་གི་དུས་འདིར་མཚོན་ན། རྒྱལ་ཡོངས་དང་འཛམ་གླིང་གི་ཁྱབ་ཁོངས་ནང་ནས་རིག་གཞུང་སྤེལ་རེས་དང་བསམ་བློ་བརྗེ་རེས་བྱེད་པའི་ཚ་རླབས་དགུང་དུ་འཕྱུར་བས། རང་མི་རིགས་ཀྱི་སློབ་མ་ཞིག་ཡིན་ན་ང་ཚོས་ནང་ཁུལ་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་མ་ཟད། ད་དུང་མི་རིགས་གཞན་པ་དང་། ཐ་ན་འཛམ་གླིང་ཡོངས་ལ་རང་རིགས་ཀྱི་རིག་གནས་ངོ་སྤྲོད་དང་རང་ཉིད་ཀྱི་ཞིབ་འཇུག་གི་གྲུབ་འབྲས་སྤེལ་རེས་བྱེད་པའི་འགན་འཁྲི་ཡོད་པས། སློབ་རིམ་མི་གཅིག་པ་དང་ཡོན་ཚད་མི་གཅིག་པའི་དོན་དངོས་གཞིར་བཟུང་ནས། སློབ་མ་ཚོར་བླང་བྱ་དང་རེ་བ་བཏོན་ན་འགྲིག་གོ་སྙམ། དཔེར་ན་དངོས་གཞི་དང་རབ་འབྱམས་པའི་སློབ་མ་ཞིག་ཡིན་ན། གཙོ་བོ་སྒྲ་དོག་འཇུག་གི་དབང་དུ་བཤད་པའི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་སློབ་གཉེར་བྱེད་པ་དང་བོད་ཡིག་གི་ལམ་ནས་དེ་དག་གི་གོ་དོན་འགྲེལ་བཤད་དང་ཞིབ་འཇུག་ཐུབ་ན་ཡག་ཤོས་རེད། ཡང་འབུམ་རམས་པའི་སློབ་མ་ཞིག་ཡིན་ན་སྒྲ་དོག་འཇུག་གི་དབང་དུ་བཤད་པའི་བོད་རིག་པའི་ཤེས་བྱའི་གནས་མཐའ་དག་ལ་རྨང་གཞི་བརྟན་པོ་ཞིག་ཡོད་དགོས་པ་མ་ཟད། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །ཅེས་གསུངས་པ་ལྟར། ད་དུང་སྒྲ་ཡངས་འཇུག་གི་དབང་དུ་བཤད་པའི་བོད་རིག་པའི་རིག་ཚན་གྱི་ཤེས་བྱའི་ནང་དོན་ཡོངས་དང་ཞིབ་འཇུག་གི་ཐབས་ལམ་སྣ་ཚོགས་ལ་ཞིབ་འཇུག་བྱེད་དགོས་ཤིང་། བོད་ཡིག་གི་ལྟ་ཀློག་འབྲི་གསུམ་ལ་ཐོགས་པ་མེད་པའི་རྨང་གཞིའི་སྟེང་། རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་སྦྱངས་པ་གང་ལེགས་བྱས་ཏེ། རིག་པའི་མཚོན་ཆ་གྱ་ནོམ་པ་ཞིག་འགོས་པ་ཡིན་ཚེ། གཞན་གྱི་སྐད་དང་ཡི་གེའི་སྟེང་ནས་ཕ་རོལ་པོའི་ཁུངས་མེད་ལུང་མེད་ཀྱི་ལྟ་བ་དང་ནོར་འཁྲུལ་ཅན་དག་དགག་ཐུབ་ལ། རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་ཀྱི་ནང་དོན་ཡང་དག་པའི་སྒོ་ནས་ཕར་ལ་བརྡ་སྤྲོད་པ་དང་འཆད་ཐུབ་ཅིང་། བོད་ཅེས་པའི་མི་རིགས་འདི་ཡི་སྣང་བརྙན་དང་རིག་གནས་ཀྱི་ཡང་དག་རང་བཞིན་དེ་འཛམ་གླིང་གི་ཁྱབ་ཁོངས་ནང་སྲུང་སྐྱོབ་བྱེད་ཐུབ་པས། ད་གཟོད་ཡག་ཐོག་ལ་ཡག་བརྩེགས་དང་བཟང་ཐོག་ལ་རྒྱན་གྱི་ཚུལ་དུ་འབུམ་རམས་པའི་སློབ་མ་དག་ལ་དཔྱད་རྩོམ་རྒྱ་ཡིག་གི་ལམ་ནས་འབྲི་བར་སྐུལ་སློང་བྱེད་བཞིན་ཡོད། དེ་མིན་བོད་རིག་པའི་རིག་ཚན་འདི་ལ་འཇུག་པའི་མི་རིགས་གཞན་པའི་སློབ་མ་ཞིག་ཡིན་ན། ང་ཚོས་བོད་ཡིག་དང་བོད་སྐད་ཀྱི་ཐོག་ལ་རེ་བ་ནན་མོ་འདོན་བཞིན་ཡོད། རྒྱུ་མཚན་ནི་བོད་རིག་པའི་རིག་ཚན་འདི་ཡི་ཞིབ་འཇུག་བྱ་ཡུལ་གྱི་ཡིག་ཆ་སྤྱི་དང་སྒོས་སུ་སྒྲ་དོག་འཇུག་གི་དབང་དུ་བཤད་པའི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་གསུང་རབ་རི་བོའི་གཏོས་དང་མཉམ་པ་སྤུངས་པའི་ཁྲོད་ནས་རྒྱ་ཡིག་སོགས་ལ་བསྒྱུར་ཡོད་པ་ཧ་ཅང་ཉུང་བས། གལ་ཏེ་མི་རིགས་གཞན་པའི་སློབ་མ་ཞིག་བོད་རིག་པར་འཇུག་དགོས་ན། ངེས་པར་དུ་བོད་ཡིག་གི་གསུང་རབ་བསྟན་བཅོས་འདི་རིགས་དཔེ་ཀློག་བྱེད་པའི་ནུས་པ་མ་ལྡན་ཚེ་ཞིབ་འཇུག་ཡང་དག་པ་ཞིག་གཏན་ནས་འབྱུང་མི་སྲིད། དཔེར་ན་མི་རིགས་གཞན་པའི་བོད་རིག་པའི་མཁས་པ་རྒན་རབས་དག་གིས་འདིའི་ཐད་ལ་མིག་དཔེ་བཟང་པོ་བཞག་ཡོད། དཔེར་ན་ལུས་ཁྲེང་(吕澂)དང་། ཡུས་ཏའོ་ཆོན།(于道泉) ཀུའོ་ཧོ་ཆིང་།(郭和卿) ལིའུ་ལི་ཆན།(刘立千) དབང་ཧཱ་ཆུན།(杨化群) ལྦང་ཡའོ།(王尧) ལྦང་དབྱི་ནོན་(王沂暖)སོགས་ཀྱིས་བོད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས་པས། ད་གཟོད་ཞིབ་འཇུག་གི་གྲུབ་འབྲས་གནད་ལ་འཁེལ་ཞིང་ཁྱད་དུ་འཕགས་པ་རེད། དེར་བརྟེན་བོད་རིག་པར་འཇུག་པའི་མི་རིགས་གཞན་དག་དང་སྒོས་སུ་རྒྱ་རིགས་སློབ་མ་དག་གིས་བོད་རིག་པའི་ཁྱབ་ཁོངས་ནང་ངེས་པ་དོན་གྱི་གྲུབ་འབྲས་ཤིག་ལེན་འདོད་ན། མཁས་པ་རྒན་རབས་དག་གི་སྲོལ་བཟང་འདི་རྒྱུན་འཛིན་བ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞིང་། འདི་ནི་བོད་རིག་པའི་རིག་ཚན་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མ་མཐའི་ཆ་རྐྱེན་ཡང་རེད། དེས་ན་ངས་ཀྱང་རིག་ཚན་འདི་འཛུགས་སྐྱོང་བྱེད་པའི་གོ་རིམ་ཁྲོད། རིག་ཚན་འདི་ལ་འཇུག་པའི་སློབ་མ་རང་རང་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་བླང་བྱ་དང་རེ་བ་འདོན་བཞིན་ཡོད།
བཅར་འདྲི་བ། ད་ལྟ་རྒན་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་འགོ་གཙོའི་འགན་བཞེས་ནས་གཙོ་བོ་བོད་རིག་པའི་རིག་ཚན་འདི་འཛུགས་སྐྱོང་བྱེད་པའི་སྲོག་ཤིང་ལྟ་བུར་གྱུར་ཡོད་པའི་འབུམ་རམས་པའི་སློབ་མ་གསོ་སྐྱོང་བྱེད་པའི་ཕྱག་ལས་དོན་དུ་གཉེར་བཞིན་ཡོད། དེ་ན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་གསོ་སྐྱོང་བྱེད་པའི་གནས་ཚུལ་ཅི་འདྲ་ཡིན་པ་དང་། རྗེས་མར་འདིའི་ཐད་ལ་འཆར་གཞི་ཅི་འདྲ་ཡོད་པ་སོགས་རྒན་ལགས་ཀྱིས་ངོ་སྦྲོད་མདོར་བསྡུས་ཤིག་གནང་རོགས།
དགེ་རྒན་ཆེ་མོ་བན་གོ་ལགས། རེད། རིག་ཚན་གང་རུང་ཞིག་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་དགོས་ན། རིག་ཚན་དེ་ལ་ཐུན་མོང་མ་ཡིན་པའི་ཤེས་བྱའི་མ་ལག་དང་ཞིབ་འཇུག་གི་ཐབས་ལམ་ཞིག་ཡོད་དགོས་པ་མ་ཟད། ད་དུང་རིག་ཚན་དེ་ལ་འཇུག་པའི་སྤྱིར་བཏང་གི་ཤེས་ཡོན་པ་དང་མཐོ་རིམ་གྱི་ཞིབ་འཇུག་མི་སྣའང་ཡོད་དགོས། དེ་ལས་འབུམ་རམས་པ་ནི་རིག་ཚན་ཞིག་འཛུགས་སྐྱོང་བྱེད་པའི་སྲོག་ཤིང་དང་རྐང་འཛིན་ལྟ་བུ་རེད། ང་ཚོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ལྟ་བུར་མཚོན་ན། བོད་རིག་པའི་རིག་ཚན་འདི་འཛུགས་སྐྱོང་བྱེད་པའི་གོ་རིམ་ཁྲོད་འབུམ་རམས་པའི་སློབ་མ་གསོ་སྐྱོང་བྱེད་དགོས་པའི་ཕུགས་འདུན་ཡིད་ལ་བཅངས་ནས་ལོ་ངོ་མང་པོར་འབད་བརྩོན་བྱས་པས། ད་གཟོད་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་སློབ་གསོ་པུའུ་སོགས་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་དག་གིས་རྒྱབ་སྐྱོར་འོག ང་ཚོས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཉམ་འབྲེལ་བྱས་པའི་མཐུན་རྐྱེན་བཟང་པོར་བརྟེན་ནས། ཉིས་སྟོང་གསུམ་ལོར་མི་རིགས་རིག་པའི་འབུམ་རམས་པའི་སློབ་མ་བསྡུ་བའི་ཆོག་མཆན་དངོས་སུ་ཐོབ་ལ། དེ་ལས་ཟུར་དུ་ཕྱུངས་པའི་བོད་རིག་པའི་ཆེད་ལས་ཀྱི་སློབ་མའང་དངོས་སུ་བསྡུ་འགོ་བརྩམས་པ་རེད། འོན་ཀྱང་ཐོག་མར་བོད་རིག་པའི་རིག་ཚན་འདི་ཡི་འབུམ་རམས་པའི་སློབ་མ་བསྡུ་དགོས་ན་དཀའ་ལས་མང་པོ་ཞིག་འདུག དེ་ལས་དང་པོ་ནི་རིག་ཚན་འདི་ལ་འཇུག་མཁན་ཞིག་ཡིན་ཚེ། མ་མཐའ་ཡང་དབྱིན་ཡིག་གིས་མཚོན་པའི་ཕྱི་རྒྱལ་གྱི་སྐད་ཡིག་གཅིག་ལ་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པ་རེད། འོན་ཀྱང་བོད་སྐད་ཡིག་གི་ཆེད་སྦྱོང་ནས་མཐར་ཕྱིན་པའི་བོད་རིགས་སློབ་མ་རྣམས་ལ་དབྱིན་ཡིག་གཙོ་བོ་བྱས་པའི་ཕྱི་རྒྱལ་གྱི་སྐད་ཡིག་གི་ཆུ་ཚད་འདང་མཁན་ཧ་ཅང་ཉུང་ཉུང་རེད། ང་ཚོས་དོན་དངོས་ཀྱི་གནས་ཚུལ་འདི་ལ་གཞིགས་ཏེ། འབྲེལ་ཡོད་ལས་ཁུངས་ལ་བོད་རིག་པའི་རིག་ཚན་ལ་འཇུག་མཁན་ཞིག་ཡིན་ན་ལེགས་རྦུར་གྱི་སྐད་ལ་སྦྱང་བ་དང་བྱང་ཆ་ཡོད་རྒྱུ་གལ་ཆེ་བའི་སྙན་ཞུ་ཕུལ་བ་བརྒྱུད། བོད་རྒྱ་སྐད་གཉིས་ཀྱི་འབྲེལ་ཡོད་ཆེད་ལས་ཤེས་བའི་རྒྱུགས་གཞི་གཉིས་བཟོས་པའི་རྨང་གཞིའི་སྟེང་ལེགས་སྦྱར་གྱི་སྐད་དང་ཉི་ཧོང་གི་སྐད་ཡིག དབྱིན་ཡིག་བཅས་གསུམ་གྱི་ནང་ནས་རང་རང་གི་གནས་ཚུལ་ལྟར་གདམ་ང་བྱས་ནས་ཕྱི་ཡིག་གི་རྒྱུགས་བླངས་ཆོག་པའི་ཆོག་མཆན་ཐོབ་པས། ད་གཟོད་རེ་བས་ཁེངས་པའི་བོད་རིགས་སློབ་མ་དོན་གཉེར་ཅན་དག་བོད་རིག་པའི་རིག་ཚན་འདི་ལ་འཇུག་པའི་སྒོ་འཕར་ཡངས་པོར་ཕྱེ་ཞིང་། བོད་རིག་པའི་རིག་ཚན་འདི་ལ་འཇུག་པའི་འབུམ་རམས་པའི་སློབ་མའི་ཁ་གྲངས་ཀྱང་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཡོད། རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་སོགས་ཀྱིས་ཀྱང་ང་ཚོར་དཔེ་ལྟ་བྱས་པས། བོད་རིག་པའི་རིག་ཚན་འདི་ཡི་མཐོ་རིམ་མི་སྣར་གསོ་སྐྱོང་བྱེད་པའི་ཐད་ལ་གྲུབ་འབྲས་བཟང་པོ་ཐོབ་སྐད། གཉིས་ནི་གཙོ་བོ་རིག་ཚན་འདི་ལ་རྒྱུགས་སྤྲོད་མཁན་གྱི་སློབ་མ་དག་གི་ཤེས་བྱའི་གྲུབ་ཆ་ལྟོས་བཅས་ཀྱིས་ཆིག་རྐྱང་དུ་ལུས་པས། མི་རིགས་རིག་པའི་རིམ་པ་དང་པོའི་རིག་ཚན་འདིའི་འོག་གི་བོད་རིག་པའི་རིག་ཚན་ལ་འཇུག་དགོས་ན། ངེས་པར་དུ་ངས་གོང་ནས་བཤད་པའི་སྒྲ་དོག་འཇུག་གི་བོད་རིག་པའི་ཤེས་བྱའི་མ་ལག་ཁོང་དུ་ཆུད་དགོས་པ་མ་ཟད། ད་དུང་སྒྲ་ཡངས་འཇུག་གི་དབང་དུ་བཤད་པའི་བོད་རིག་པའི་ཤེས་བྱ་སྤྱི་དང་སྒོས་སུ་རིག་ཚན་མང་པོའི་ཞིབ་འཇུག་གི་ཐབས་ལམ་ཁོང་དུ་ཆུད་དགོས་ཤིང་། སྒོས་སུ་མིའི་རིགས་རིག་པའི་རིག་ཚན་གྱི་ཞིབ་འཇུག་གི་ཐབས་ལམ་ལ་བྱང་ཆ་ལྡན་དགོས། འོན་ཀྱང་རིག་ཚན་འདི་ལ་འཇུག་པའི་བོད་རིགས་སློབ་མ་རྣམས་ལ་མཚོན་ན། སྒྲ་ཡངས་འཇུག་གི་དབང་དུ་བཤད་པའི་རིག་ཚན་གཞན་དག་གི་ཞིབ་འཇུག་ཐབས་ལམ་ཁོང་དུ་ཆུད་མཁན་ཧ་ཅང་ཉུང་ཉུང་རེད། གནས་ཚུལ་འདི་ལ་དམིགས་ནས་ང་ཚོས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། འབུམ་རམས་པའི་སློབ་མ་རེ་རེ་ལ་མཛུབ་སྟོན་དགེ་རྒན་གཉིས་རེ་བཀོད་སྒྲིག་བྱས་ནས། བོད་རིག་པའི་རིག་ཚན་གྱི་ཤེས་བྱའི་མ་ལག་གི་ཞིབ་འཇུག་ཐབས་ལམ་ལ་མཛུབ་སྟོན་བྱེད་པའི་རྨང་གཞིའི་སྟེང་། མིའི་རིགས་རིག་པ་སོགས་ཀྱི་ཞིབ་འཇུག་གི་ཐབས་ལམ་སྐོར་མཛུབ་སྟོན་དང་སྦྱངས་པ་གང་ལེགས་བྱེད་དུ་བཅུག་པས། སློབ་མ་དག་གི་དཔྱད་རྩོམ་ཡང་ངས་གོང་ནས་བཤད་པའི་སྒྲ་དོག་འཇུག་གི་བོད་རིག་པའི་ཁྱབ་ཁོངས་ཀྱི་བཅུ་ཕྲག་རིག་གནས་ལ་འགྲེལ་བཤད་དང་དཔྱད་འཇོག་བྱས་པ་ཙམ་མིན། རིག་གནས་མིའི་རིག་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཡུལ་དངོས་རྟོག་ཞིབ་སོགས་གཙོས་སུ་བཟུང་བས་གྲུབ་འབྲས་གསར་པ་མང་པོ་ཐོབ་ཡོད། དེར་བརྟེན་ད་ལྟ་མཐར་ཕྱིན་པའི་འབུམ་རམས་པའི་སློབ་མ་དག་གི་ཁྲོད་ནས་སློབ་མ་བཞི་ནི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དུ་གྱུར་ཡོད་ལ། སློབ་མ་བཅུ་ལྷག་ནི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་དུ་གྱུར་ཡོད། ད་དུང་མི་རིགས་སློབ་ཆེན་དག་གི་དགེ་རྒན་ཆེ་མོ་དང་དགེ་རྒན་ཆེ་མོ་གཞོན་པའི་ཆོ་ལོ་ཐོབ་མཁན་ཡང་མང་ཙམ་གདའ། དེ་མིན་འབུམ་རམས་པའི་མཐར་ཕྱིན་སློབ་མ་མཁའ་འབུམ་རྒྱལ་ལྟ་བུ་ལ་ཀན་སུའུ་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་ལྔ་བཞིའི་ན་གཞོན་གྱི་གཟེངས་རྟགས་ཐོབ་པ་དང་། འབུམ་རམས་པའི་མཐར་ཕྱིན་སློབ་མ་ལྷ་བྱམས་ལྟ་བུ་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་མི་སྣར་བདམས་ཐོན་བྱུང་ཡོད། གྲུབ་འབྲས་འདི་དག་གིས་ང་ཚོར་སྐུལ་མ་དང་ཡིད་ཆེས་བསྩལ་བྱུང་བས། བོད་རིག་པའི་རིག་ཚན་འདི་ཡི་མ་འོངས་པའི་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན། ང་ཚོས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་དེ་དང་བོད་རིག་པའི་བར་གྱི་འབྲེལ་བ་དང་ཁྱད་པར། བོད་རིག་པ་དང་མི་རིགས་རིག་པའི་བར་གྱི་འབྲེལ་བ་དང་ཁྱད་པར་སོགས་ལ་དབྱེ་ཞིབ་གང་ལེགས་བྱས་ཏེ། གཅིག་ནས་སྒྲ་དོག་འཇུག་གི་དབང་དུ་བཤད་པའི་བོད་རིག་པའི་རིག་ཚན་འདི་ཡི་ཤེས་བྱའི་མ་ལག་དང་ཞིབ་འཇུག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་རིག་པའི་གནས་གང་རུང་ཞིག་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཡོང་ཐབས་བྱེད་དགོས་པ་མ་ཟད། དུས་མཚུངས་སུ་སྒྲ་ཡངས་འཇུག་གི་དབང་དུ་བཤད་པའི་བོད་རིག་པའི་རིག་ཚན་གྱི་མཛུབ་སྟོན་འོག མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ། ཆབ་སྲིད་རིག་པ། སློབ་གསོ་རིག་པ་སོགས་འབྲེལ་ཡོད་རིག་ཚན་དག་གི་ཞིབ་འཇུག་ཐབས་ལམ་ལ་སློབ་སྦྱོང་གང་ལེགས་བྱས་ནས། རང་ཉིད་ཀྱི་ཤེས་བྱའི་གྲུབ་ཆ་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཞིབ་འཇུག་གི་ཐབས་ལམ་རྒྱ་བསྐྱེད་བཞིན། བོད་རིག་པའི་ཞིབ་འཇུག་དེ་སྲོལ་རྒྱུན་གྱི་བཅུ་ཕྲག་རིག་པའི་གཞུང་ལ་འཇུག་པ་གཙོས་སུ་བཟུང་ཞིང་། དེང་རབས་ཀྱི་རིགས་པའི་གཞུང་ལུགས་དང་ཞིབ་འཇུག་བྱེད་ཐབས་ཀྱིས་ཟུར་ནས་བརྒྱན་པའི་རིག་ཚན་ཞིག་ཏུ་འཛུགས་སྐྱོང་བྱེད་པར་འབད་བརྩོན་བྱེད་དགོས།
བཅར་འདྲི་བ། རྒན་ལགས། སྙིང་ནས་ཐུགས་རྗེ་ཆེ།
མཆན་འགྲེལ།
[l]发刊词 [J]. 中国藏学,1988 (1) .
[2] 拉巴平措。中国藏学研究的回顾与展望 [J]. 中国藏学,2001 (3) .
[3] 王尧. 藏学概论[M]. 太原: 山西教育出版社,2014: 56.
[4]格勒. 中国藏学研究数年[J].中国藏学,2001 (3) .
[5] 王尧, 王启龙, 邓小咏. 中国藏学史 (1949年前) [M].北京: 中国社会科学出版社,2003.