རྟའུ། མི་འགྱང་བར་དཔྱིད་ཀ་བསླེབ་ངེས།
ཀྱེ་ཕུར་མཆག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
རྟའུ་ནི་ལ་རྒྱ་རྒྱབ་ལ་ཁུར་བའི་རྟ་ཕོ་སྒ་བསྟད་ཅིག་ཡིན།
རླུང་གི་གཤོག་པ་ཡོད་པས་ཁྱེད་རང་མནོལ་མི་སྲིད།
མགོ་བོ་དགྱེ་དགྱེ་གནོངས་དང་ནམ་མཁའ་ན་སྤྲིན་དཀར་ལྡིང་གིན་འདུག
བསིལ་རླུང་གི་རྒྱུ་བ་འཇམ་པོས་ཁྱེད་ཀྱི་རྔོག་ཆུང་ལ་བྱིལ་བྱིལ་གཏང་ངེས།
ཁྱེས་ཀྱི་རུས་པ་དཀར་པོ་དུང་གི་དྲ་རས་ཡིན་པས།
ཁྱེད་ཀྱི་ཟུངས་ཁྲག་དཀར་པོ་གངས་ཀྱི་ཉིང་ཁུ་ཡིན་པས།
ཁྱེད་ཀྱི་འབྱུང་བཞི་གླིང་ཕྲན་བཞི་ཡི་མངའ་ཐང་ཡིན་པས།
ཁྱེད་ཀྱི་སྐུ་ལུས་ལ་ནད་གདོན་གྱིས་ག་ལ་གཙེས་ཐུབ།
མིག་ཟུང་གི་ཞལ་ཁེབས་ག་ལེར་ཁྱོགས་དང་།
གངས་རིན་པོ་ཆེའི་ཞལ་དཀར་ཁྱེད་ཀྱི་སྒོ་དྲུང་དུ་བརྗིད་འདུག
ཉི་མའི་ཉིང་ཁུ་བཞུས་ཏེ་ཁྱེད་ཀྱི་རྒྱུ་ལྟོར་བཞིབས་ཡོད།
ཟླ་བའི་འོ་ཇ་བསྐོལ་ཏེ་ཁྱེད་ཀྱི་མགྲིན་པས་བརྔུབས་ཡོད།
ཁྱེད་ནི་མཐོ་སྒང་གི་ཆེས་བཙན་སར་གནས་པའི་མི་རབས་ཡིན།
ཁྱེད་ནི་གཙང་ཆེན་གྱི་ཆེས་གཏིང་སར་འཛུལ་བའི་ཕ་བོང་ཡིན།
ཡུལ་གྱར་བའི་མཁའ་དབུགས་འཁྱམ་པོས་ཁྱེད་རང་ག་ལ་ནོགས།
ནད་ཡམས་ཀྱིས་ལག་པ་ཐུང་ངུས་ཁྱེད་རང་ཇི་ལྟར་ཟིན།
དཔུང་བ་སྦོམ་པོ་བྱོས་དང་ཉི་ཟེར་གྱི་ཀ་བ་ཁྱེད་ལ་བསླངས་འདུག
ཉིན་འདི་འགར་ཀུན་ཀྱིས་རྟའུ་གླེང་གིན་འདུག
སྔོན་ཆད་རྟའུ་ཐོས་མ་མྱོང་བ་ཚོས་རྟའུ་གླེང་གིན་འདུག
རྟའུའི་ནང་སྙིང་བསྔོགས་ཏེ་ཕྱི་ལ་དབྱུང་གིན་འདུག
ཡིན་ཡང་། རྟའུ་ནི་སྲ་མོ་སོ་ཡིས་མི་ཆོད་པའི་རྣོ་ལྕགས་ལེབ་མོ་ཞིག་ཡིན།
རྟའུ་ནི་རྣོན་པོ་མཚོན་གྱིས་མི་དབྲལ་བའི་ཡ་ལད་མཁྲེགས་པོ་ཞིག་ཡིན།
རྟའུ་ནི་གཞན་གྱི་རླངས་པར་མི་སྐྲག་པའི་ནག་པོ་དགུ་སྦྱོར་ཞིག་ཡིན།
ནང་སེམས་ཀྱི་ཁ་དོག་ཕྱི་རུ་སྟོན་དང་།
སྦྲང་ཆར་གྱིས་བྱབས་ཁྲུས་གསོལ་ལ་ཉེ།
རྟའུའི་ས་གཞི་ལ་སྨུག་སྤྲིན་ནག་པོ་འཐིབས་ཀྱང་།
རྟའུའི་ནམ་མཁའ་རུ་སྤྲིན་པ་དཀར་པོ་ལྡིང་བས།
རྟའུའི་གློ་མཆིན་ལ་ནག་ནོག་གིས་གས་མི་སྲིད་པའི་ཁས་ལེན་གནང་འདུག
རླུང་ལྭ་དཀར་པོ་གྱོན་པའི་ལྷ་རྗེ་བའི་ལག་པ་ཉི་ཟེར་ཡིན།
ཁྱེད་ལ་འོད་ཀྱི་བླ་བྲེ་མང་པོ་དཔྱངས་ཡོང་དུས།
སུ་ཞིག་གི་ཁ་རླངས་ཀྱིས་བསྒོས་པའི་ནག་ནོག་དེ་དག
རླུང་གིས་བདས་པའི་སྤྲིན་པ་བཞིན་རྨང་ནས་འདག་ངེས།
རྟའུ། ཡིག་དྲུག་གི་མཐུ་ལ་བྱིན་རླབས་མི་འདུག་མ་གསུང་།
ཆོལ་གསུམ་གྱི་སྤུན་ཟླར་མིག་ཟུང་མི་འདུག་མ་གསུང་།
རང་བློ་ནང་དུ་བསྡུས་ཏེ་ལྷོད་ལྷོད་གནོངས་དང་།
ས་ཆེན་གྱི་ལག་པ་མང་པོས་ཁྱེད་རང་བསྐྱབ་ངེས།
མཆོད་མེ་ཡི་འོད་རླབས་མང་པོས་ཁྱེད་རང་བསྲོ་ངེས།
རྒྱབ་གྲྭ་ཆས་ཅན་གྱི་རུ་དཔུང་ཞིག་ཁྱེད་ཉིད་ལ་བསྙེག་གིན་འདུག
ལག་སྨྱུ་གུ་ཅན་གྱི་ཡིག་སྔགས་ཀྱང་ཁྱེད་ཉིད་ལ་གཏོང་གིན་འདུག
འགྲོ་བའི་མིག་ཟུང་དག་གི་སྐར་ཚོགས་ཀྱང་།
ཁྱེད་ཉིད་ཁོ་ནའི་ནམ་མཁའ་རུ་ལྷེམ་ལྷེམ་འགུལ་ཅིང་།
ཉིན་མོའི་སོ་བར་མངགས་པའི་འོད་ཀྱི་མིག་ཟུང་།
ཁྱེད་ཀྱི་ནམ་མཁའ་ཁོ་ནར་གཞི་འདུག་བྱས་ཡོད།
རྟའུ། ཡིད་ཆེས་ཀྱི་སྐ་རགས་དམ་དུ་སྡོམས་དང་།
ང་ཚོ་མཉམ་དུ་ལོ་སར་ལ་འགྲོ་དགོས།
སྐད་ཅིག་གི་ལས་འབྲས་ལྡོག་ཐབས་མེད་ཀྱང་།
མཐའ་མཇུག་གི་བདེན་དོན་ཁ་དོག་གིས་འབྱེད་ངེས།
དེ་བས། ཁྱེད་རང་ནག་པོ་ནས་དཀར་པོར་འགྱུར་བའི་གོ་རིམ་ལ།
ང་ཚོས་སེམས་ཀྱི་མངའ་ཐང་ཕྱེས་ཏེ་བསྒུགས་ནས་ཡོད།
མིག་གི་ཞལ་ཁེབས་བཀྱགས་ནས་བལྟས་ཏེ་ཡོད།
ད་དུང་ལྗིད་ཏིག་ཏིག་གི་ཐ་སྙད་བཀྲུས་ནས་ཅེར་ཏེ་ཡོད།
རྟའུ་ནི་ཕ་མ་མེད་པའི་དྭ་ཕྲུག་ཅིག་གང་ནས་ཡིན།
གནས་བདག་མེད་པའི་མོ་ཧྲང་ཞིག་ཀྱང་ཡིན་མི་སྲིད།
གནས་དབྱུང་བཏང་བའི་བགྲེས་སོང་ཞིག་དེ་བས་ཀྱང་ཡིན་མི་སྲིད།
རྟའུ་ལགས། སྟོབས་ལྡན་གྱི་དཔུང་བ་བརྟན་པོས་ཡར་ལ་ལོངས་དང་།
འཚོ་བ་གསར་བའི་སྐྱ་རེངས་འགྱོག་ལ་ཉེ།
རེ་བར་བཅིབས་པའི་དཔྱིད་ཀ་བསླེབ་ལ་ཉེ།