དྲིན་གཟོའི་ཀློང་གི་རྟའུ།
རྟའུ་ཐུབ་བསྟན་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
རྟའུ། བདག་གི་ཕ་ས་ཕ་ཡུལ།
དུས་དེ་རིང་། ང་ཁྱེད་ལ་དུང་ཞེན་ཆེར་དྲགས་པས།
མིག་ཆུའི་ཀློང་ནས་ལེ་བདའ་རེ་འགའ་ཐོར་དགོས་བྱུང་།
བཤད་རྒྱུན་ལ།
ཤར་ཕྱོགས་དམུ་རྗེ་ཧེ་ཁ་ན་གནའ་བོའི་རུ་དཔུང་གི་རྣམ་ཤེས་འཁོར་ཡོད་ཟེར།
མདུན་རི་ནས་དེའུ་ཕྱུག་མོ་ནི་གླིང་རྗེ་སེང་ཆེན་ནོར་བུའི་གཏེར་ཟོག་ཡིན་ཟེར།
ཕ་མེས་ཚོའི་ངག་རྒྱུན་ན་ཁྱེད་ནི་བཙན་པོའི་གདུང་རྒྱུད་འཁྲུལ་མེད་དང་།
སྙིང་སྟོབས་དང་རྒྱལ་ཁའི་རུ་དར་བསྒྲེངས་མཁན་ཡིན་ཟེར།
གལ་ཏེ་ཁྱེད་ལ་འདི་འདྲའི་དཔའ་ཉམས་དང་མཛད་རྗེས་ཡོད་ན།
རིམས་ནད་ཏོག་གསར་གློ་ཚད་དེ་ཅིའི་ཕྱིར་རྟའུ་ལ་མཆེད།
རྟའུ་བས་ཀྱང་ལས་དང་རྒྱུ་འབྲས་མ་བརྩིས་པ་དང་།
རི་སྐྱེས་སྲོག་ཆགས་ལ་སྣང་མེད་བཏང་བས་ཨེ་རེད།
རྟའུ། བདག་གི་ཕ་ས་ཕ་ཡུལ།
ཁྱེད་ལ་མི་འདོད་པའི་ནད་ཡམས་འདི་མཆེད་ན།
ངའི་ཡ་ཆུང་སེམས་པ་སྐྱོ་བས་མནར་བྱུང་།
ཕུ་ནུ་མིང་སྲིང་མང་པོ་སྡུག་ལ་སྦྱར་སོང་།
གངས་རི་དཀར་པོའི་ཕྱི་ནང་ཟང་ཟིང་བཟོས་སོང་།
རྟའུ་ལགས། ཤུ་རེ་གྱིས་ཡར་ལ་ལོངས་དང་།
གོས་དཀར་ལྷ་རྗེ་མཁས་ཅན་འདི་རུ་འཛོམས་ཡོད།
ཞལ་འདེབས་དངོས་ཟོག་གྲངས་མེད་འདི་རུ་འདུས་ཡོད།
ད་དུང་སྙན་ངག་དང་ཆེད་རྩོམ་ལམ་ནས་ཁྱེད་ལ་མཆོད་བསྟོད་ཕུལ་ཡོད།
གླུ་དབྱངས་དང་བརྙན་ཐུང་ལམ་ནས་ཁྱེད་ལ་སྙིང་སྟོབས་བསྐྱེད་ཡོད།
རྟའུ། ཁྱེད་མྱུར་བར་ནད་གདོན་ལས་ཐར་ཤོག
ང་ཚོས་དྲིན་གཟོའི་ཀློང་ནས་བཀའ་དྲིན་ཞུ།
ལྷ་རྗེ་དང་སྙན་ངག་པ། རྩོམ་པ་པོ་དང་སྒྱུ་རྩལ་པ།
བྱང་སེམས་ཅན་གྱི་བླ་སྤྲུལ་རྣམ་པ།
གླུ་པ་གླུ་མ། ད་དུང་ཚོང་དཔོན་སྦྱིན་བདག་རྣམ་པ།
རྟའུ་བ་ཚང་མས་ཡོད་ཚད་ལ་བཀའ་དྲིན་ཞུ།
མི་འགྱངས་ནད་གདོན་ལས་ཐར་ཉིན།
རྟའུ་ཡི་ནམ་མཁའ་སྔར་བཞིན་སྔོ་ལ།
རྟའུ་ཡི་གནའ་བོའི་རྡོག་བྲོ་སྔར་བཞིན་མཛེས།
རྟའུ་ནི་བོད་ཁང་སྒྱུ་རྩལ་གྱི་ཕ་ས་ཡིན་ལ།
རྟའུ་ན་གདོད་མའི་དུས་ཀྱི་ཕ་སྐད་རྣལ་མ་ཡོད།
རྟའུ་ནི་ནམ་ཡང་ང་ཚོ་ཐུན་མོང་གི་ཕ་ཡུལ་ཡིན།