རིམས་འགོག་པའི་སྙིང་སྟོབས།
རྟའུ་རང་ཤར་རིག་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
ལྷག་བསམ་གཙང་མས་འགན་འཁྲི་ཕྲག་ཏུ་བཞེས། །
ཟས་བརྗེད་གཉིད་ཆགས་བློ་རྩེ་གཅིག་སྒྲིམ་གྱིས། །
ཏོག་གསར་གློ་ཚད་ནད་དུག་འགོག་རྒོལ་ལ། །
གཡུལ་སར་ཞུགས་པའི་ལྷ་རྗེ་ངོ་སོ་བསྟོད། །
ལྷགས་རླུང་བུ་ཡུག་རྒོད་པའི་གྲང་ངར་ཁྲོད། །
འཁྱག་དུབ་ངལ་བས་གཙེས་ཀྱང་ཞུམ་མེད་ངང་། །
རིམས་འགོག་ལས་ཀ་གཅིག་ཏུ་གཙིགས་འཛིན་པའི། །
མི་དམངས་ཁྲིམས་འཛིན་མི་སྣ་ཨེ་མ་རྨད། །
ཕྲག་ཏུ་བབས་པའི་འོས་འགན་བདག་གིར་བཞེས། །
མི་འདོད་ནད་ཡམས་འགོས་བའི་ནད་པ་རྣམས། །
ཉིན་དང་ཞག་དུས་བྱམས་དང་བརྩེ་བས་བསྐྱངས། །
དམངས་ཀྱི་ལས་བྱེད་འདི་དག་སྙིང་སྟོབས་ཆེ། །
རིམས་ནད་བཙན་པོས་འགྲོ་འོང་བཀག་ནའང་། །
གཉེན་ལྟར་གཅེས་ཤིང་བྱམས་པའི་ལས་སྒྲུབ་པས། །
དམངས་ཀྱི་འདོད་བློ་བཞིན་དུ་མཁོ་དངོས་དག །
ཁྱིམ་གྱི་སྒོ་དྲུང་སྐྱེལ་བའི་སྤྱོད་མཆོག་བསྔགས། །
བཀའ་ཡིས་བཀོད་པ་འཕྲུལ་གྱི་རང་བཞིན་དང་། །
ལག་ལེན་གནད་དུ་འཁེལ་བའི་གོ་སྒྲིག་གིས། །
མ་རུངས་རིམས་ནད་དྲག་པོ་ཆམ་ལ་ཕབ། །
དམངས་ཀྱི་དབུ་ཁྲིད་རྣམ་པར་འོ་བརྒྱལ་ཞུས། །
ཉིན་མཚན་དབྱེར་མེད་དམངས་ཀྱི་བདེ་ཐང་ཆེད། །
དྲོད་ཚད་བརྟག་དང་དུག་གསོད་ལས་ཀ་སོགས། །
གོང་རིམ་བཀའ་ལྟར་ལས་ལ་འབུངས་བཞིན་པའི། །
ཞག་སྡོད་ཏང་ཡོན་རུ་དཔུང་མངོན་པར་བསྟོད། །
གཅེས་པར་འོས་པའི་རྒྱ་ཆེན་མང་ཚོགས་ཀྱིས། །
ཚན་རིག་ལྟ་བའི་རིམས་ནད་འགོག་བཅོས་ལ། །
རང་ནུས་ཡོད་རྒུ་བཏོན་ནས་རྒྱབ་སྐྱོར་དང་། །
ཁ་མིན་དོན་གྱིས་ཕ་ཡུལ་སྲུང་བ་མཚར། །
མདོར་ན་ཐེངས་འདིའི་རིམས་འགོག་གཡུལ་འཐབ་ཁྲོད། །
དཀའ་བ་ཁྱད་བསད་ངལ་བ་དང་བླངས་པའི། །
ཡུལ་མི་ལྔ་ཁྲི་བརྒྱད་སྟོང་ཐམས་ཅད་ཀྱི། །
རྟའུ་རིམས་འགོག་སྙིང་སྟོབས་རྒྱལ་གྱུར་ཅིག །