དང་པོ། “ལྷ་”རུ་བཞེངས་པའི་རིག་གནས་རྒྱབ་ལྗོངས།
མི་རིགས་དང་རྒྱལ་ཁབ་མི་འདྲ་བའི་ལྷ་རབས་ཁྲོད་དུ་རིགས་ཀྱི་མེས་པོ་དང་རྒྱལ་པོ། དཔའ་བོ་ལ་སོགས་ལྷ་རུ་བཞེངས་པ་མང་ལ། དེ་དག་ཡུལ་དུས་དང་ཕྱི་ནང་གི་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་འབྱུང་བ་འབའ་ཞིག་ཡིན། བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ལྷ་རབས་ཀྱི་ཚུལ་དུ་བཀོད་ཅིང་སྲོང་བཙན་སྒམ་པོ་ལྷ་ཡི་ངང་ཚུལ་ཅན་དུ་བཞེངས་པ་འདིའང་དཔའ་བོའི་ལྷ་རབས་ཤིག་ཡིན་པ་ཤེས་ཐུབ། སྲོང་བཙན་སྒམ་པོས་ཆབ་དཔལ་རིག་གསུམ་ཐད་མཛད་པ་རྒྱ་ཆེར་བསྐྱངས་པས། མངའ་འབངས་རྣམས་ཀྱིས་རྒྱལ་པོའི་མཛད་རྗེས་གླེང་བ་དེ་དམངས་ཁྲོད་དུ་གཏམ་རྒྱུད་དུ་གྱུར་ཡོད་ཤས་ཆེ་ཞིང་། “དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ལྷ་རབས་སུ་འགྱུར་སྲིད་” (ཨོ་སྦ་ཡ་ཞི་ཐ་ལིའོ། ལྷ་རབས་འཇུག་སྒོ། 1989:41) པས་ན་ཕྱིས་སུ་གཏམ་རྒྱུད་དེ་ལྷ་རབས་བྱུང་བར་སྲིད་ལ།《རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར།》དུ་“བཙན་པོའི་མཚན་ལ་ལུང་བཙན་ཟེར། ནུན་བཙན་དང་ཅི་སུ་དོན་དུ་ཡང་འབོད། ལྷ་བྱ་བར་ཡང་འབོད།” (དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། 2017:4) ཅེས་ལྷ་རུའང་འབོད་བཞིན་པར་བཀོད་པས། སྲོང་བཙན་ལྷ་རུ་བཞེངས་པ་པའི་གཏམ་རྒྱུད་དང་མིང་གཉིས་ཀྱི་ས་བོན་འཛོམས་ཡོད་པ་ཤེས་ཐུབ།
སངས་རྒྱས་ཆོས་ལུགས་བོད་ལ་དར་རྗེས་བོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད་ཐ་ན་ཕྱི་རོལ་བའི་རིག་བྱེད་གཏམ་རྒྱུད་དག་ཀྱང་སངས་རྒྱས་ཆོས་ལུགས་དང་འདྲེས་ནས་བོད་ལ་སླེབས་ཡོད། སྐབས་དེར་རྒྱ་གར་ཆོས་ལུགས་དང་རིག་གནས་གང་གི་ཆ་ནས་ཀྱང་བོད་ལས་སྔོན་ཐོན་ཡིན་ཞིང་“རིག་གནས་བལྟོས་བཅས་ཀྱིས་དར་ཡོད་ས་ནི་གཏམ་རྒྱུད་འབྱུང་བའི་གཤིན་ས་ཡིན་པ་སྙོམ་དུ་མེད་པ་ཞིག་ཡིན་” (ལྷ་རབས་འཇུག་སྒོ། 1989:40) པས་ཆོས་འགོ་སངས་དང་ཆུ་འགོ་གངས་ཀྱི་དཔེས་བོད་ཀྱི་རྒྱལ་པོ་ཤཱཀྱའི་རིགས་སུ་བཤད་པ་དང་། གཉའ་ཁྲི་བཙན་པོའང་རྒྱ་གར་རྒྱལ་པོའི་སྲས་སུ་བཤད་པ་ལྟ་བུ་རིག་གནས་རྒྱབ་རྟེན་རྒྱ་གར་ལ་གཏུག་སྲོལ་སྔ་ནས་བྱུང་ཡོད། གནའ་དུས་ཀྱི་བོད་མི་ལའང་“ཁྱོ་ཀ་རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་འཁྱེར། སངས་རྒྱས་ཤཱཀྱ་མུ་ནེ་ལ་དད། དཔའ་བོ་རྣམས་ལ་གུས། མས་བུ་ལ་གུས་པ་བྱེད་ཅིང་བུས་ཕ་ལ་གུས་པ་བྱེད་” (དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། 2017:43)པའི་སྲོལ་ཡོད་པས། སྲོང་བཙན་ལྷ་རུ་བཞེངས་པ་ལ་ཕྱི་ནང་གཉིས་ཀྱི་རིག་གནས་སེམས་ཁམས་ཀྱི་མཐུན་རྐྱེན་ཡང་འཛོམས་ཡོད།
གཞན་ཡང་། 《 བཀའ་ཆེམས་ཀ་ཁོལ་མར།》སྲོང་བཙན་ལྷའི་ངོ་བོར་བཞེངས་རྗེས་གྲུབ་མཐའ་སོ་སོ་དང་འབྲེལ་བའི་ལོ་རྒྱུས་དེར་ཐེར་མང་པོས་དེ་ལུགས་ཀྱི་རྒྱུན་བསྲིངས་ཡོད་ལ། 《 རྒྱལ་རབས་གསལ་བའི་མེ་ལོང་》གི་མཇུག་བྱང་དུ་“འདི་ཡི་དགེ་བས་སྤྲིན་མེད་ནམ་མཁའ་ལ། ། ཐུབ་བསྟན་རྒྱས་པའི་རྟ་བདུན་འོད་སྟོང་གིས། །གསུང་རབ་ཕན་བདེའི་པད་ཚལ་ཁ་ཕྱེ་ནས། །དད་ལྡན་བུང་བའི་དགའ་སྟོན་རྒྱས་པར་མཛོད། །” (P308)ཅེས་རྩོམ་པའི་དགོས་པ་བསྟན་པ་སོགས་ལས་དེབ་ཐེར་འདི་དག་གི་རྩོམ་པའི་དགོས་པ་མཐོང་ཐུབ་ལ་སྲོང་བཙན་ལྷ་རུ་བཞེངས་པར་ཡང་དགོས་པ་དམིགས་བསལ་བ་ཡོད་པར་སྣང་།
གཉིས་པ། “ལྷ་”རུ་བཞེངས་པའི་གོ་རིམ།
སྲོང་བཙན་སྒམ་པོ་ལྷའི་ངང་ཚུལ་དུ་བཞེངས་པའི་དེབ་གཙོ་བོ་ནི་སྲོང་བཙན་སྒམ་པོའི་རྣམ་ཐར་《བཀའ་ཆེམས་ཀ་ཁོལ་མ།》ཡིན་ལ། ཕྱིས་སུ་རྙིང་མ་པའི་《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད།》དང་། ས་སྐྱ་པའི་《 རྒྱལ་རབས་གསལ་བའི་མེ་ལོང་།》 《 དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》སོགས་དེབ་ཐེར་མང་པོས་ཀྱང་《བཀའ་ཆེམས་ཀ་ཁོལ་མ།》འི་ཁྲོད་ཀྱི་སྲོང་བཙན་གྱི་ལྷ་རབས་“རྒྱུན་འཛིན་”དང་“དར་སྤེལ་”བཏང་ཡོད།
སྔ་དུས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རྒྱལ་སྲས་སུ་སྨྲ་བ་སོགས་རིགས་རྒྱུད་གཞན་ལ་གཏུགས་པ་མང་མོད། སྲོང་བཙན་སྒམ་པོའི་འབྱུང་ཁུངས་གཞན་ལ་གཏུགས་མི་རུང་བས་ན། ལྡེའུ་ཆོས་འབྱུང་དུ་“དེ་ཡང་མེས་སྲོང་བཙན་སྒམ་པོ་འདི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཏེ་” ( P103)ཞེས་ཐུགས་རྒྱུད་ལྷ་ལ་གཏུག་ཐབས་བྱས་ཡོད་དེ། 《 བཀའ་ཆེམས་ཀ་ཁོལ་མ།》ལས་“རྒྱལ་པོའི་དབུ་ལ་རེག་ནས་དབང་ཆེན་པོ་ཡོངས་སུ་རྫོགས་པར་བསྐུར་རོ། །དེ་ནས་རྒྱལ་པོ་སྲོང་བཙན་སྒོམ་པོའི་སྐུ་ལས་འོད་ཟེར་བྱུང་ནས་ཕྱོགས་བཅུར་འཕྲོས་པས་འོད་རེ་རེ་ནས་རྣམ་པར་སྣང་མཛད་” ( P102)ཅེས་སྲོང་བཙན་སྒམ་པོ་དང་སྤྱན་རས་གཟིགས་བར་འོད་ཟེར་གྱིས་སྦྲེལ་ཡོད། འོད་ཟེར་ལ་བརྟེན་པ་ལའང་རྒྱུ་མཚན་ཡོད་པར་ངེས་ཏེ། 《 རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།》དུ་“དི་བ་ནི་འོད་གསལ་གྱི་དོན་ཡིན་པས། རྒྱ་གར་བའི་ལྷ་ནི་དང་པོ་འོད་ཟེར་རམ་འོད་སྣང་བཞིན་ལག་ཏུ་བྱས་པ་ལས་བྱུང་བར་ངེས། ‘འོད་གསལ་གྱི་ལྷའི་བུ་’ཞེས་དང་། ‘འོད་ནི་རང་རང་ལ་ཡོད་’ཅེས་པ་སོགས་སུ་སྨྲ་བ་ལས་ཀྱང་ལྷ་འོད་གསལ་དང་འབྲེལ་འདུག་པ་མཐོང་ཐུབ་” ( P69)ཅེས་བྱུང་། གཞན་ཡང་། མཁས་པ་ལྡེའུ་ཡིས་མཛད་པའི་ཆོས་འབྱུང་དུ་ལི་ཡུལ་གྱི་སྤྱན་རས་གཟིགས་སྒྲུབ་མཁན་བན་དྷེ་གཉིས་ལུང་བསྟན་ལྟར་བོད་ལ་སྲོང་བཙན་འཚོལ་དུ་ཡོང་དུས་སྲོང་བཙན་སྒམ་པོས་ཆད་པ་བཅད་པའི་མིག་གི་ཕུང་པོ་དང་སྒྱིད་པ་བྲེགས་པའི་གནས་ཚུལ་ཐོས་པས་བདུད་ཀྱི་སྤྲུལ་པར་འདུག་སྙམ་ནས་བྲོས་པ་“སྲོང་བཙན་སྒམ་པོས་གཡོག་པོ་ལ་རྟ་བསྐྱོན་ནས་ཟློག་པ་ལ་བཏང་སྟེ་དབུ་གཞུ་ཕུད་པས་ཞལ་བཅུ་གཅིག་པར་མཐོང་ནས། སྲོང་བཙན་སྒམ་པོའི་ཞལ་ནས་ངས་བོད་འདུལ་བའི་ཆེད་དུ་སྤྲུལ་བ་བྱས་པ་ཡིན། ངས་དང་པོ་སེམས་བསྐྱེད་ནས་ད་ལྟ་ཡན་ཆོད་དུ་སེམས་ཅན་གྱི་བ་སྤུའི་བུ་ག་གཅིག་ལ་ཡང་གནོད་པ་སྐྱེལ་མ་མྱོང་” ( P239)ཞེས་བྱུང་བས་སྲོང་བཙན་ལྷ་རུ་བཞེངས་དུས་ཀྱང་དཀར་འདོན་དང་འགྲེལ་བཤད་བྱས་ནས་ལུགས་མཐུན་རང་བཞིན་བརྩོན་ལེན་བྱས་ཡོད་པར་ངེས།
སྲོང་བཙན་གྱི་འཐུ་ནུས་ཁྱད་དུ་འཕགས་པར་བཀོད་ནས་ལྷ་རུ་བཞེངས་པའི་མཐུན་རྐྱེན་བསྒྲུབས་ཡོད་དེ། 《 བཀའ་ཆེམས་ཀ་ཁོལ་མ།》རུ་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཁམས་ལ་དམ་པའི་ཆོས་བྱ་དགོས་འདོད་པའི་སྐབས་སུ་“ལྷའི་བུ་རྣམས་ཀྱིས་རྒྱལ་པོ་ལ་མཆོད་པ་བྱས་ནས། དེའི་ནང་ན་ཁྱེད་ཀྱི་ཡི་དམ་གྱི་ལྷ་དེ་ཡོད་པས་དེ་སྤྱན་དྲོངས་ཤིག་ཅེས་མགྲིན་གཅིག་ཏུ་སྨྲས་ནས་མི་སྣང་བར་གྱུར་ཏོ། །” ( P109)ཞེས་ལྷའི་བུ་རྣམས་ཀྱིས་ཀྱང་སྲོང་བཙན་སྒམ་པོར་མཆོད་པ་བྱས་ཚུལ་བྲིས་ནས་རྒྱལ་པོའི་ཆེ་བ་མཚོན་པར་བྱས་ཡོད་པ་དང་། 《 རྒྱལ་རབས་གསལ་བའི་མེ་ལོང་།》ལས་ “ནམ་མཁའ་ནས་གཟུགས་མེད་པའི་སྒྲ་ཞིག་བྱུང་སྟེ། རྒྱལ་པོ་ཁྱེད་རང་གི་སྐུ་འབག་ཇོ་བོ་བཅུ་གཅིག་ཞལ་ཅིག་བཞེངས་ན། ཁྱེད་ཀྱི་ལྷ་ཁང་བཞེངས་པ་ལ་འགལ་རྐྱེན་མི་འབྱུང་བར་འགྱུར་རོ་ཟེར་ཏེ་མི་སྣང་བར་གྱུར་” ( P182)ཞེས་ལྷའི་ཞལ་ནས་གསུང་དངོས་སུ་བྱོན་ཚུལ་བཀོད་ཡོད་ལ། དེ་བས་ཀྱང་ལྷའི་ཞལ་ནས་རྒྱལ་པོ་སྲོང་བཙན་ལ་སྐུ་འབག་བཞེངས་པའི་ལུང་བསྟན་བྱུང་བ་ནི་སྲོང་བཙན་སྒམ་པོ་འཇིག་རྟེན་པའི་སྣང་ངོར་ལྷའི་གཟུགས་སུ་བཞེངས་པ་ཡིན། 《 ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད།》ལས་གཙུག་ལག་ཁང་བཞེངས་པའི་སྐོར་ལ་“སྤྲུལ་པའི་བཟོ་བོ་སུམ་བརྒྱ་བཟོ་བྱེད་ཀྱི་འདུག་པས་དེའི་ནང་ནས་རྒྱལ་པོ་ངོ་མ་ཤེས་ཏེ་” ( P226)ཞེས་སྲོང་བཙན་སྒམ་པོ་ལ་སྐྱེ་བོ་ཕལ་བ་ལས་ལྷག་པའི་སྤྲུལ་སྒྱུར་ཡོད་པར་བྲིས་པའང་ལྷའི་ངང་ཚུལ་དུ་བཞེངས་ཐབས་ཤིག་ཡིན།
སྲོང་བཙན་སྒམ་པོ་གཟུགས་བྱད་ཀྱང་གཞན་ལས་མཚར་བར་བཀོད་དེ། “དེ་ཡང་སྤྱི་བོ་ནས་འོད་དཔག་མེད་བཞུགས་པ་གཅིག་ཏུ་སྤྲུལ་ནས།” (ཨ་ཏི་ཤ བཀའ་ཆེམས་ཀ་ཁོལ་མ། 1989:109)ཞེས་སྲོང་བཙན་སྒམ་པོ་ནི་སྤྱི་བོ་ལ་འོད་དཔག་མེད་ཀྱི་སྐུ་ཡོད་པ་ཞིག་ཡིན་པར་བཤད་པ་དང་། 《 རྒྱལ་རབས་གསལ་བའི་མེ་ལོང་།》ལས་“རྒྱལ་པོ་ཁྱེད་རང་གི་སྐུ་འབག་ཇོ་བོ་བཅུ་གཅིག་ཞལ་ཅིག་བཞེངས་ན།” ( P118)ཞེས་སྲོང་བཙན་གྱི་སྐུ་འབག་ཇོ་བོ་ཞལ་བཅུ་གཅིག་པ་ཞིག་ཏུ་བཞེངས་དགོས་པའི་ལུང་བསྟན་བྱུང་ཡོད། སྤྱིར་དབུ་དང་ཕྱག་མང་པོར་བཞེངས་པ་ནི་བཞེངས་པར་བྱ་བ་གང་དེའི་འཐུ་ནུས་དང་ཁྱད་ཆོས་སོགས་གཞན་ལས་ལྷག་པར་སྟོན་ཚུལ་ཞིག་ཡིན་ལ། རྒྱ་གར་དུ་ཚངས་པ་དང་ཁྱབ་འཇུག །རྒྱལ་བྱིན་སོགས་དབུ་དང་ཕྱག་མང་པོར་བཞེངས་པ་ཡིན། སྒོས་སུ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བར་བཤད་པས་ན་ཁོང་གི་འདྲ་འབག་ཀྱང་དབུ་དང་ཕྱག་གི་གྲངས་དང་ཚུལ་སོགས་ལ་ཁྱད་པར་ལྡན་པར་བཞེངས་ན་གཞན་ལས་འཕགས་པའི་ངེས་ཤེས་སྐྱེད་སླ་བ་ཡིན།
《 རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར།》དུ་“བཙན་པོའི་སྐུ་ལ་སྟག་པགས་དཀར་པོ་གསོལ་བ་དང་། དབུ་ལ་དར་གྱི་ཐོད་དམར་པོ་བཅིངས་ཚུལ། ཕྱག་ཏུ་གསེར་གྱི་མདའ་གཅིག་ཐོགས་ཚུལ་གོང་དུ་བཙན་པོའི་ཕོ་བྲང་བསྟན་པའི་སྐབས་སུ་གསལ་བ་ཙམ་ལས།” ཞེས་པ་དང་། 《 ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད།》དུ་“རྒྱལ་པོ་དབུས་ཀྱི་དེ་ཡིན། བེར་ནག་པོ་གསོལ་བ་ལ་ཐོད་དམར་པོ་ཅན་དེ་ཡིན་ནོ་ཟེར།”( P301)ཞེས་བྱུང་བ་གང་ལ་བལྟས་ཀྱང་སྲོང་བཙན་སྒམ་པོ་ནི་ལུས་སུ་སྟག་པགས་དཀར་པོའམ་བེར་ནག་གྱོན་པ་དང་ཐོད་དམར་པོ་བཅིངས་པ་ཞིག་ཏུ་ངེས་ལ། འདིའང་སྐབས་བབ་དང་མཐུན་པའི་ཆ་ལུགས་ཤིག་ཏུ་འདོད། དགེ་འདུན་ཆོས་འཕེལ་གྱིས་《གཏམ་རྒྱུད་གསེར་ཐང་།》དུ་“དེ་དུས་རྗེ་བློན་རྣམས་ཕལ་ཆེར་ཏ་ཟིག་གི་རྒྱལ་པོ་སོགས་ཀྱི་ལད་མོ་གནང་གི་ཡོད་ཚོད་དུ་འདུག་ཅིང་། དབུ་ལ་དར་ཐོད་ཡོད། དེ་ཡང་རྒྱ་གར་བ་ཞིན་འཁོར་རྒྱ་ཆེར་བར་མི་དཀྲི་ཞིང་ཏ་ཟིག་པ་བཞིན་རྩེ་རིང་ལ་མཐོ་བར་དཀྲི། སྲོང་བཙན་གྱིས་ལེ་བརྒན་དམར་པོ་དབུལ་དཀྲིས་པར་བཤད་པ་དེ་ཡང་སྔོན་གྱི་ཏ་ཟིག་རྣམས་བྱེད་” ( P71)ཅེས་བཙན་པོས་ཆ་ལུགས་ཐད་མཐའ་འཁོར་གྱི་རྒྱལ་ཁམས་དག་ལ་ཟུར་ལྟ་བྱས་པ་དང་། དབང་བཙན་པས་དར་གོས་སོགས་མང་པོར་བྱུང་ཚུལ་བཤད་འདུག་པས། སྟག་པགས་དཀར་པོ་དང་བེར་ནག་དག་ཀྱང་དར་གོས་བྱུང་བ་དང་མཉམ་དུ་བརྗེས་པ་མིན་ནམ་སྙམ།
དེ་ཡང་། གཏམ་རྒྱུད་གསེར་ཐང་དུ་“མངའ་རིས་བླ་དྭགས་སུ་རང་རེའི་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་ད་དུང་ཡོད་པ་རྣམས་ལོ་གསར་སོགས་ཀྱི་ཚེ་སྔོན་གྱི་ཆས་ཡིན་ཅེས། ཞྭ་བཙན་ཞྭ་ལྟ་བུའི་རིང་པོ་ཞིག་གྱོན་ཏེ་དེ་ལ་དར་དམར་གྱིས་མདུན་ནས་བསྣོལ་བསྒྲིགས་དཀྲིས། སྣེ་གཉིས་རྣ་བ་གཡས་གཡོན་གཉིས་ནས་འཕྱང་། སྐུ་ལ་ཕུ་ཐུང་ལྭ་བ་ཤག་ལྟ་བུ་གསོལ་” ཞེས་བྱུང་བའང་སྲོང་བཙན་གྱི་ཆ་ལུགས་རིག་ཁུངས་ཡར་འདེད་བྱེད་པའི་རྒྱུ་ཆ་ཁུངས་བཙུན་ཞིག་ཏུ་བརྩི་ཆོག་པར་སྙམ་ལ། ད་ལྟའང་ཡུལ་འདི་དག་ལ་ཡུལ་དངོས་བརྟག་དཔྱད་ལ་འགྲོ་ཐུབ་ཚེ་བློ་སྐྱེད་མང་པོ་འབྱུང་སྲིད་པར་ངེས་སྙམ།
མདོར་ན། སྲོང་བཙན་སྒམ་པོ་ནི་ཁོང་གི་རྣམ་ཐར་བཀའ་ཆེམས་ཀ་ཁོལ་མ་གཙོས་པའི་ལོ་རྒྱུས་དེབ་ཐེར་ཁག་གིས་ཆོས་སྲིད་གཉིས་ལ་མཛད་རྗེས་ཆེ་བའི་དཔའ་བོ་ཞིག་ནས་འཐུ་ནུས་དང་གཟུགས་བྱད་གཞན་ལས་མཚར་བའི་ལྷ་ཡི་ངང་ཚུལ་དུ་བཞེངས་པ་ཞིག་ཡིན་འདུག །འདི་ལྟར་བྱས་པ་དེ་སྲོང་བཙན་རང་ལ་ནང་གི་མངའ་འབངས་སྐྱོང་བ་དང་ཕྱི་ཡི་དགྲ་བོ་འདུལ་བ་སོགས་ལ་དགེ་མཚན་བྱུང་ཡོད་ཤས་ཆེ་བར་མཐོང་ལ། ལོ་རྒྱུས་འབྲི་མཁན་དག་གིས་ལྷ་རབས་དེའི་རྒྱུན་སྐྱོང་བ་ལ་བརྟེན་ནས་རང་གི་གྲུབ་མཐའ་དང་གཞུང་ཁུངས་བཙུན་པར་བསྒྲུབས་ཐབས་བྱས་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པས། སྲོང་བཙན་ལྷ་ངོ་བོར་བཞེངས་པ་ནི་དང་ཐོག་གི་ལོ་རྒྱུས་ཀྱི་ས་བོན་ལ་ཕྱིས་ཀྱི་མཁས་པ་དང་ཆོས་སྲིད་གཉིས་ཀྱི་དགོས་དབང་གིས་གྲ་རྒྱས་འཐུས་ཚང་དུ་བཏང་བ་ཞིག་ཡིན་པར་འདོད་དོ། །