《 ས་སྐྱ་ལེགས་བཤད།》ཀྱི་རྒྱ་འགྱུར་མའི་སྐོར་ལ་རགས་ཙམ་དཔྱད་པ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


ས་སྐྱ་ལེགས་བཤད་ཀྱི་རྒྱ་འགྱུར་མ་དག་ལ་མཚོན་ན་སྒྱུར་པ་པོ་སོ་སོའི་རང་ཉིད་ཀྱི་ཤེས་ཡོན་གྱི་རྩལ་དང་སྐད་རིགས་གཉིས་ལ་བྱང་ཆ་ལྡན་མིན། དེ་ནས་མ་ཡིག་གི་དོན་ལ་གོ་བ་ལེན་ཚུལ་སོགས་མི་འདྲ་བས་བསྒྱུར་བའི་འགྱུར་ལ་ཡང་མི་འདྲ་ས་དང་འགྱུར་སྐྱོན་དུ་གྱུར་བ་ཁ་ཤས་ཡོད་པས་ཕྲན་གྱིས་ལོ་ཙཱའི་དམིགས་ཡུལ་སྨྲ་བ་དང་གཤིབ་བསྡུར་རིག་པའི་ངོས་ནས་ཅུང་ཟད་གླེང་བར་ཞུ།

འཇར་མན་གྱི་མཁས་པ་ཧན་སུ•ཧྥོ་མི་ཨེར(汉斯·弗米尔)ཡིས་“གང་ཞིག་ལོ་ཙཱ་བྱེད་པའི་རྣམ་པ་ཡོད་ཚད་ནི་དམིགས་ཡུལ་ངེས་ཅན་ཞིག་ལ་གཞིར་བཅས་པའི་མིའི་རིགས་ཀྱི་སྤྱོད་པ་ཞིག་ཡིན་ལ། ལོ་ཙཱ་བའི་མཇུག་མཐའི་དམིགས་ཡུལ་གང་ཡིན་པ་དེས་ལོ་ཙཱ་བྱེད་པའི་སྐབས་ཀྱི་ཐབས་ལམ་དང་ལོ་ཙཱ་བྱེད་སྟངས་ཐག་གཅོད་བྱེད་ཀྱི་ཡོད།” ཅེས་པས་ལོ་ཙཱ་བྱས་པའི་འགྱུར་མ་ཚང་མ་ནི་དམིགས་ཡུལ་ལྡན་པའི་རང་བཞིན་ལས་བྱུང་བ་དང་ཡང་དེའི་ཕྱིར་ལོ་ཙཱ་བའི་དམིགས་ཡུལ་དེ་ལ་ཞབས་འདེགས་ཞུ་བ་རེད། ཧྥོ་མི་ཨེར་ཡིས་བསྟན་པའི་དམིགས་ཡུལ་སྨྲ་བའི་གཞུང་ལུགས་ཁྲོད་དུ་ལོ་ཙཱའི་དམིགས་ཡུལ་དེ་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་སྒྱུར་བྱེད་ཀྱི་སྐད་རིག་སྤྱོད་མཁན་ཏེ་འགྱུར་མའི་ཀློག་པ་པོ་དག་ཡིན། དེ་བས་ཡང་ཁོས་ལོ་ཙཱ་ནི་“དམིགས་འབེན་ངེས་ཅན་གྱི་རྒྱབ་ལྗོངས་ཁྲོད་དམིགས་འབེན་གྱི་བརྡའི་གནས་སྐབས་ཀྱི་དམིགས་ཡུལ་དང་དམིགས་འབེན་དང་ལེན་བྱེད་མཁན་གྱི་དོན་དུ་བསྐྲུན་པའི་ཡིག་ཆ་ཞིག་ཡིན”ཞེས་པས་ལོ་ཙཱའི་བྱ་བ་ཡོད་ཚད་ནི་ལོ་ཙཱའི་དམིགས་ཡུལ་ལ་རག་ལས་ཡོད་པས་ལོ་ཙཱ་བས་རང་གི་སྔོན་དཔག་གི་ནུས་པ་དེ་འདོན་སྤེལ་བྱེད་པའི་ཆེད་དུ་ཆེད་དམིགས་ཀྱི་ལོ་ཙཱའི་ཐབས་རྩལ་གང་ཞིག་སྤྱད་ན་ཆོག་གོ །ཡང་ལོ་ཙཱའི་ཁྲོད་དུ་བསྐྱར་མཚོན་དང་གསར་རྩོམ་གྱི་ཆ་གཉིས་ལྡན་ཚེ་ལོ་ཙཱ་ཡི་ཁྱད་ཆོས་རྟོགས་ཐུབ་ཅིང་། དེ་གཉིས་ཀྱི་ཚད་བཟུང་པ་བཟང་མི་བཟང་ནི་འགྱུར་ཡིག་དེ་ཚད་ལྡན་ཞིག་ཡིན་མིན་གྱི་ཚད་གཞི་ལྟ་བུ་ཡིན། དེ་ཡང་གཙོ་བོ་གཉིས་སུ་འདུས་སྟེ། མ་ཡིག་གི་ནང་དོན་ཁྱབ་བསྒྲགས་བྱེད་པ་དམིགས་སུ་བཟུང་ནས་བསྒྱུར་བ་དང་ཀློག་པ་པོའི་གོ་བདེ་བ་དེ་དམིགས་སུ་བཟུང་ནས་བསྒྱུར་བ་གཉིས་སུ་འདུས་ཏེ། གཅིག་ནི་མ་ཡིག་གི་རྩོམ་གཤིས་དང་སྐད་ཆའི་སྦྱོར་སྟངས་ཚང་མ་འགྱུར་ཡིག་གི་ཐོག་ཏུ་ཇི་མ་ཇི་བཞིན་མཚོན་དགོས་པར་འདོད། གཅིག་ཤོས་ནི་གཙོ་བོ་འགྱུར་ཡིག་གིས་ཀློག་པ་པོར་འགྱུར་རྩོམ་གྱི་སྣང་བ་མེད་པར་མ་ཡིག་ཀློག་པ་ཇི་བཞིན་སྣང་བ་བསྟེར་དུ་འཇུག་རྒྱུ་དེ་ཡིན་ཞིང་། དེའི་ནུས་པ་གཙོ་བོ་དེ་ཡང་རང་འགྱུར་གྱི་བྱ་ཐབས་སྤྱད་པ་ལས་བྱུང་བར་འདོད། དེ་གཉིས་འགལ་འདུའི་ཁྲོད་དུ་སྐབས་འགར་ལོ་ཙཱའི་ཐད་སྒྱུར་ཤུགས་ཆེ་ཙམ་དང་སྐབས་འགར་དོན་སྒྱུར་ཤུགས་ཆེ་ཙམ་ཡོང་གི་ཡོད། འདིར་བཤད་བྱའི་ས་སྐྱ་ལེགས་བཤད་ཀྱི་རྒྱ་འགྱུར་མ་དག་ལ་མཚོན་ན་ཡང་སྒྱུར་པ་པོ་སོ་སོའི་དམིགས་ཡུལ་མི་གཅིག་པའི་དབང་གིས་འགྱུར་མའི་ཁྲོད་དུ་སྤྱད་པའི་ཐབས་ལམ་མམ་སྒྱུར་སྟངས་ལ་མི་འདྲ་བའི་ཆ་མང་དུ་མཆིས་སོ། །དེ་ཡང་བསྒྱུར་པ་པོ་ལ་ལས་གཙོ་བོ་མ་ཡིག་གི་ནང་དོན་ཁྱབ་བསྒྲགས་བྱེད་པ་དམིགས་སུ་བཟུང་ནས་བསྒྱུར་བས་འགྱུར་ཡིག་དེ་ཡང་མ་ཡིག་གི་རྩོམ་གཤིས་དང་སྐད་ཆའི་སྦྱོར་སྟངས་སོགས་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ལ། ཐད་སྒྱུར་དང་དོན་སྒྱུར་གཉིས་ཀའི་ལམ་ནས་མ་ཡིག་དང་མ་འགལ་བར་བསྒྱུར་བར་བྱས་པས་ལེགས་པའི་ཆ་ཤིན་ཏུ་ལྡན་ལ་ཀློག་པ་པོར་མ་ཡིག་ཀློག་པ་ལྟ་བུའི་ཚོར་སྣང་སྟེར། ཡང་སྒྱུར་པ་པོ་ལ་ལས་གཙོ་བོ་ཐད་སྒྱུར་གྱི་ཐབས་དམིགས་སུ་བཟུང་ནས་མ་ཡིག་ནང་གི་མིང་དང་ཚིག་གི་གོ་རིམ་ཅུང་ཙམ་ཡང་མ་བརྗེ་བར་བསྒྱུར་ཡོད། དེ་ཡང་འགྱུར་མ་ཧྲིལ་པོ་མ་ཡིག་དང་གཤིབ་བསྡུར་བྱས་ནས་བལྟས་ན་མ་ཡིག་གི་རྗེས་དེད་དྲགས་ནས་ཚིག་སྦྱོར་མི་བདེ་བ་དང་མ་ཡིག་གི་བརྗོད་དོན། རྩོམ་ཉམས་སོགས་བསྐྱར་མཚོན་བྱས་པ་ལ་ཞན་ཆ་རེ་གཉིས་ཡོད། དཔེར་ན། མ་ཡིག་གི་ནང་དུ་“རང་གཞན་གཉིས་ཀ་འཕེལ་འགྱུར་བའི། །ཡོན་ཏན་སློབ་ན་མཁས་པའི་རྟགས། རིག་པ་འགའ་ཞིག་མདའ་མཁན་ལྟར། །ཤེས་པ་ཉིད་ན་ཆོ་འབྲང་འཇིག །”ཅེས་པའི་ཤོ་ལོ་ཀ་དེ་མཁན་པོ་བསོད་དར་རྒྱས་ཀྱིས་(既能利己又利他,学习知识智者相,有些知识如射者,一旦精通家族毁。)ཞེས་བསྒྱུར་བ་དང་འགྱུར་དཔེ་གཞན་དུ་(利他利己之学识,学习此法智者相。有些知识如射箭,学会母系血统毁。)ཞེས་མ་ཡིག་གི་ནང་གི་“ཆོ་འབྲང་”ཞེས་པ་དེ་འདིའི་སྐབས་སུ་རིགས་རྒྱུད་སྤྱི་ལ་གོ་དགོས་པས་འགྱུར་སྔོན་མ་ལ“家族”ཞེས་བསྒྱུར་བ་དང་འགྱུར་རྗེས་མའི་ཁྲོད་དུ་“母系血统”ཞེས་ཚིག་ངོ་ཐད་སྒྱུར་བྱས་པས་མ་ཡིག་དོན་དང་མི་མཐུན་པར་ལ། དོན་ལོག་སྟོན་པར་བྱེད་པས་འགྱུར་རྗེས་མ་འདི་ལྟ་བུའི་ཐད་སྒྱུར་ཤུགས་དྲགས་ཀྱི་སྐྱོན་རེ་འགའ་མཆིས། འགྱུར་འདི་གཉིས་ཀྱི་ཁ་གཏད་སའི་ཀློག་པ་པོ་ནི་གཙོ་བོ་ནང་པའི་ཆོས་ལ་དད་ཅིང་ཆོས་དང་འབྲེལ་བའི་རིག་གནས་ལ་གསན་པར་སྦྱངས་བའི་གང་ཟག་གི་ཚོགས་དེ་ཡིན་པས་ཚིག་ངོ་ཡི་དོན་གྱི་གོ་བ་ཙམ་གྱིས་ཡིད་མ་ཚིམ་པར་གོ་བ་གཏིང་ཇེ་ཟབ་དུ་ལེན་པ་དང་ཚིག་གི་སྦྱོར་བ་སོགས་ཀྱི་ཐད་ནས་ཀྱང་ཚད་གཞི་ཅུང་མཐོ་བ་ཡིན། དེ་མིན་སྐུ་ཞབས་ཝང་ཡའོ་སོགས་ཀྱི་འགྱུར་ནི་གོང་གི་སྒྱུར་པ་པོ་དང་མི་འདྲ་ས་ནི་ཁོ་ཚོས་མི་རིགས་གཞན་པའི་ཁྲོད་བོད་ཀྱི་རིག་གནས་ལ་ཐོག་མར་འཇུག་འདོད་པ་དང་། རིག་པ་ཡོན་ཏན་སོགས་ཀྱི་ཀྱང་ཆེས་སྤྱིར་བཏང་ཅན་གྱི་གང་ཟག་དེ་དག་ཁ་གཏད་ས་དང་། ནང་པའི་ཆོས་ཕྱོགས་ལ་ཐོག་མར་འཇུག་པ་དག་གིས་མ་ཡིག་གི་དོན་སྤྱི་ཙམ་པ་གོ་བར་བྱེད་པ་དམིགས་སུ་བཟུང་ཡོད་པས་སྒྱུར་ཐབས་དོན་སྒྱུར་དང་སྣོན་སྒྱུར། འཕྲི་སྒྱུར་སྤྱད་དེ་མ་ཡིག་གི་བརྗོད་དོན་ཇི་བཞིན་མཚོན་པར་བྱེད་པ་དེ་གཙོ་བོར་བཟུང་བས་མ་ཡིག་གི་རྩོམ་གཤིས་སོར་འཇོག་དང་ཚིག་སྦྱོར་གྱི་ཁྱད་ཆོས། རྩོམ་ཉམས་དོད་ཚུལ་སོགས་ལ་དེ་འདྲའི་མཐོང་ཆེན་བྱས་མེད་པར་སྣང་། དཔེར་ན་མ་ཡིག་གི་ནང་དུ་“བདག་གིས་བསླུས་དང་ངན་བྱས་དང་། །མཁན་སློབ་གྲོགས་ཀྱི་སྐྱོན་བརྗོད་པ། །བརྫུན་ན་བརྫུན་པས་ཡིད་རྟོན་མེད། །བདེན་ན་ལྷག་པར་འཇིགས་པ་སྐྱེ། །”ཞེས་པའི་ཤོ་ལོ་ཀ་དེ་ལ་ཝང་ཡའོ་ཡིས་(自己为非作歹,招摇撞骗。又侈谈师徒和朋友的缺点。若是假的,则不必相信。若是真的,则令人吃惊。)ཞེས་མ་ཡིག་གི་ཚིག་རྐང་བཞི་ཅན་གྱི་ཤོ་ལོ་ཀ་དེ་རྒྱ་ཡིག་ཏུ་ཚིག་གི་གཅོད་མཚམས་མང་དུ་བཅད་ནས་བསྒྱུར་བས་མ་ཡིག་གི་རྩོམ་ཉམས་ཐོན་པར་བྱས་མེད། དེ་བས་ལོ་ཙཱ་བ་སོ་སོས་རང་གི་ཁ་གཏད་སའི་ཀློག་པ་པོ་མི་འདྲ་བ་དང་རྒྱ་བོད་སྐད་རིགས་ཀྱི་ཆུ་ཚད་མི་འདྲ་བ། མ་ཡིག་གི་དོན་ལ་གོ་བ་ལེན་ཚུལ་སོགས་མི་འདྲ་བའི་དབང་གིས་འགྱུར་མི་འདྲ་བའི་རིགས་འདི་དག་བྱུང་ངོ་། །

ས་སྐྱ་ལེགས་བཤད་ཀྱི་རྒྱ་འགྱུར་མ་དག་གི་ནང་དུ་ཡང་མ་ཡིག་གོ་དོན་ལ་གོ་བ་གཏིང་ཟབ་མ་ལོན་པར་བསྒྱུར་བ་འགའ་ཡང་མཆིས་ཏེ། དཔེར་ན་མ་ཡིག་གི་ནང་དུ་“ནོར་གྱིས་འབྱོར་ན་སྟོབས་ཀྱང་འཕེལ། །ནོར་མེད་པ་ལ་སྟོབས་ཀྱང་འབྲི། །བྱི་བ་དབྱིག་ལྡན་ནོར་ཕྲོགས་པས། །རྐུ་བའི་ནུས་པ་ཉམས་ཞེས་ཐོས། །”ཞེས་པའི་ཤོ་ལོ་ཀ་དེ་སོགས་སུ་མ་ཡིག་ནང་གི་“བྱི་བ་དབྱིག་ལྡན”ཞེས་པ་དེ་ཙི་གུ་ཞིག་ཏུ་གོ་བ་བླངས་ནས་བསྒྱུར་བ་དང་ད་དུང་ “བྱི་བ་དབྱིག་ལྡན་ནོར་ཕྲོགས་པས། །”ཞེས་པ་དེ་ཡང་བྱི་བས་གཞན་གྱི་ནོར་བརྐུས་པར་གོ་ནས་ལོག་བསྒྱུར་སོགས་བྱས་ཡོད། མ་ཡིག་གི་བསྟན་དོན་ལྟར་ན་དེ་ནི་སྔོན་བྱི་བ་དབྱིག་ལྡན་ཞེས་བྱ་བ་ཞིག་ལ་ནོར་བུ་རིན་ཐང་མེད་པ་ཡོད་པ་དང་། དེའི་མཐུ་ལས་གཞན་གྱི་དངོས་པོ་བརྐུ་བའི་དུས་སུ་གཞན་གྱིས་མི་མཐོང་བ་སོགས་ཀྱི་ནུས་པ་ཡོད་པས་བརྐུ་བར་མཁས་པ་ཞིག་ཏུ་གྱུར། ནམ་ཞིག་བྲམ་ཟེ་ཞིག་གིས་དེ་དོགས་པ་ཟས་བས་གང་གི་གཞུང་ཀུན་ལ་བལྟས་པ་ན་དེར་ནོར་བུ་སུས་ཀྱང་ཟིན་གྱིས་མི་ཐུབ་ཅིང་སྟོབས་ཀྱིས་ཀྱང་མི་བཟློག་པ་ཞིག་ཡོད་པ་ཤེས། དེ་ནས་རྐུན་པོ་གཞན་དག་གིས་གོ་ནས་བྱི་བ་དབྱིག་ལྡན་གྱི་པོར་བུ་དེ་བརྐུ་རུ་སོང་ནས་བརྐུས། བྱི་བ་དབྱིག་ལྡན་གྱིས་ནོར་བུ་དེ་བོར་བས་རང་གི་བརྐུ་བའི་ནུས་པ་ཡོངས་སུ་ཉམས་ནས་ཐ་ན་རང་གི་གཡོ་བསྐོལ་ཡང་མི་ནུས་པའི་གནས་སུ་ལྷུང་བའི་གཏམ་རྒྱུད་དེར་སྦྱར་བས་མ་ཡིག་གི་དོན་ལ་གོ་བ་གཏིང་ཟབ་མ་ལོན་པ་དང་། མ་ཡིག་དང་འབྲེལ་བའི་གཏམ་རྒྱུད་ལ་རྒྱུས་མ་ལོན་པར་ཚིག་ངོ་ཙམ་དང་རང་གིས་འདོད་པས་བསྒྱུར་བས་འགྱུར་ལོག་ཏུ་གྱུར་ཡོད་པར་སྣང་བ་དང་། ཡང་“བྱི་བ་དབྱིག་ལྡན”དེ་སྒྲ་སྒྱུར་རམ་སྒྲ་སོར་འཇོག་བྱས་ནས་བསྒྱུར་བ་མ་ཡིག་གི་དོན་དང་འཚམ་པར་སྣང་། ཡང་མ་ཡིག་གི་ནང་དུ་“ཆེན་པོས་དགྲ་ལ་བྱམས་བྱས་ན། །དགྲ་ཉིད་དེ་ཡི་དབང་དུ་གྱུར། །མང་པོས་བཀུར་བས་ཀུན་བསྐྱངས་པས། །ཀུན་གྱིས་རྒྱས་པོར་དབང་བསྐུར་རོ། །”ཞེས་པའི་ཤོ་ལོ་ཀ་དེའི་མ་ཡིག་གི་ཚིག་རྐང་གསུམ་པའི་ནང་གི་“མང་པོས་བཀུར་བ”དེ་ལ་ལས་ཚིག་ངོ་ནས་གོ་བ་བླངས་ཏེ་འབངས་མི་སེར་ཀུན་ནས་སྐྱོང་མཁན་གྱི་གང་ཟག་དཀྱུས་མ་ཞིག་ལ་ངོས་བཟུང་ནས་བསྒྱུར་བ་དེ་མ་ཡིག་གི་བསྟན་དོན་དངོས་དང་མི་མཐུན་ལ། མ་ཡིག་གི་ནང་གི་བསྟན་པའི་“མང་པོས་བཀུར”ནི་སྔར་རྒྱ་གར་གྱི་རྒྱལ་པོ་ཆེན་པོ་མང་བཀུར་གྱི་རྒྱལ་པོ་ཞེས་བསྔགས་པར་འོས་པ་འདིས་དགྲ་ཡང་གཉེན་དུ་བསྡུམས་ཏེ་འཁྲུག་ཅིང་རྩོད་པ་རྣམས་ཀྱང་ཞི་བར་བྱས་ལ་ཐམས་ཅད་བྱམས་པ་དང་སྙིང་རྗེས་བསྐྱངས་པས་ཡུལ་ཁམས་བདེ་བར་བྱུང་སྟེ་ཀུན་གྱིས་དེ་ཉིད་ལ་རབ་ཏུ་དགའ་ཞིང་གཙུག་ཏུ་བཀུར་ནས་ཐམས་ཅད་ཀྱི་རྒྱལ་པོར་མངའ་གསོལ་བྱས་པའི་དཔེ་དེ་ལ་སྦྱར་བ་ཡིན་གྱི་སྤྱིར་བཏང་གི་མི་ཤས་ཀྱིས་བཀུར་བའི་སྐྱེ་བུ་ཕལ་བ་ཞིག་ཏུ་གོ་ནས་བསྒྱུར་ན་མ་ཡིག་གི་དོན་དང་འགལ་བར་སྣང་། དེ་མཁན་པོ་བསོད་དར་རྒྱས་ཀྱིས(大者仁慈诸怨故,则能制服怨敌众。众人敬王护他众。故被推选为国王。)ཞེས་བསྒྱུར་བ་དེ་ནི་མ་ཡིག་གི་དོན་དང་མཐུན་ཞིང་ཚིག་སྦྱོར་ཡང་ཤིན་ཏུ་བདེ། ཡང་ལ་ལས་མ་ཡིག་གི་ཁྲོད་དུ་“འབད་དེ་ཀུན་ནས་བསྟེན་བྱས་ཀྱང་། །ངན་པ་བློ་དང་ག་ལ་འདྲེས། །མཆིལ་བ་ཇི་ལྟར་གསོས་གྱུར་ཀྱང་། །བག་ཕེབས་འགྱུར་བ་མི་སྲིད་དོ། །”ཞེས་པའི་ཤོ་ལོ་ཀ་དེའི་ཚིག་རྐང་རྗེས་མ་གཉིས་ཀྱི་དོན་ལ་གོ་ལོག་ཐེབས་ནས་“མཆིལ་བ”ཞེས་པ་དེ་(འཆི་བ)ཞེས་པར་བསྒྱུར་བ་དང་“གསོས”ཞེས་པ་དེ་མ་ཡིག་གི་དོན་དུ་བྱེའུ་ཆུང་མཆིལ་བ་ཟས་སོགས་བྱིན་ནས་གསོ་བ་ཡིན་ཡང་འགྱུར་ཡིག་གི་ཁྲོད་དུ་(སྨན་གྱིས་གསོ་བ)ལྟར་བསྒྱུར་བས་མ་ཡིག་གི་དོན་དང་མི་མཐུན་ནོ། །

དེ་མིན་ད་དུང་མ་ཡིག་གི་བརྗོད་དོན་སྤྱིའི་ཆ་ནས་གོ་བ་ལོན་ཡོད་ཀྱང་མ་ཡིག་ཁྲོད་ཀྱི་མིང་བརྡ་དག་བསྒྱུར་ནོར་བའི་སྐོར་ཡང་མཆིས་ཏེ། དཔེར་ན། མ་ཡིག་ལས་“སེང་གེས་ཁྱུ་མཆོག་གསོད་པའི་ཚེ། །རྭ་ལ་འཛུར་བ་ག་ལ་སྡར། །”ཞེས་པ་ནང་གི་“ཁྱུ་མཆོག”དེ་གླང་བོ་ཆེ་ཡི་དོན་ཡིན་མོད་འགྱུར་ཡིག་ཁག་གི་ནང་དུ་(水牛)དང(野牛)སོགས་སུ་བསྒྱུར་བ་དེ་ཡང་མ་ཡིག་གི་མིང་བརྡའི་དོན་དང་མི་མཐུན་པས་དེ་ལ་(大象)ཞེས་བསྒྱུར་ན་བཟང་སྙམ། ཡང་མ་ཡིག་གི་ནང་དུ་“དོན་མ་གྲུབ་པའི་བློན་པོ་འགའ། ། རང་ཉིད་འགགས་ཏེ་འཆི་བ་ཡོད། །”ཞེས་པའི་ནང་གི་“བླུན་པོ”དེ་(大臣)ཞེས་བློན་པོ་རུ་བསྒྱུར་བ་ནོར་བས་མཁན་པོ་བསོད་དར་རྒྱས་སོགས་ཀྱིས་དེ་ལ་(愚者)ཞེས་བསྒྱུར་བ་དེ་འོས་ཤིང་འཚམ། ཡང་མ་ཡིག་གི་ནང་དུ་“ཞུམ་བཅས་རྩོལ་བ་ནོར་བའི་མི། །མཐུ་སྟོབས་ལྡན་ཡང་རྒུད་པར་འགྱུར། །”ཞེས་པའི་ནང་གི་“རྩོལ་བ”དེ་(恩赐)ཞེས་བསྩོལ་བ་རུ་བསྒྱུར་བ་ནོར་ཡོད། དེ་ལ་ཡང་འགྱུར་གཞན་དག་གི་ཁྲོད་དུ་(勤奋、勤快)ཞེས་བསྒྱུར་ན་འོས་སྙམ།

མདོར་ན། ལོ་ཙཱའི་བྱེད་སྐབས་འགྱུར་ཡིག་ལེགས་པོ་ཞིག་འབྱུང་ཐུབ་མིན་དང་མ་ཡིག་གི་བརྡ་དོན་དེ་འགྱུར་ཡིག་ཁྲོད་གསལ་པོར་མཚོན་ཐུབ་མིན་ནི་སྒྱུར་པ་པོས་མ་ཡིག་ལ་གོ་བ་གཏིང་ཟབ་མོ་ཞིག་ལོན་ཐུབ་མིན་ལ་རག་ལས་པས་ལོ་ཙཱ་བས་བརྩམས་ཆོས་གང་ཞིག་བསྒྱུར་རུང་ཐོག་མར་བརྩམས་ཆོས་དེའི་མ་ཡིག་ལ་གོ་བ་གཏིང་ཟབ་མོ་ཞིག་ལེན་རྒྱུ་ནི་སྐྱོན་དང་བྲལ་བའི་སྒོ་ནས་ལོ་ཙཱ་བྱེད་པའི་རྨང་གཞི་དང་གནད་འགག་ཡིན་པས་ཤིན་ཏུ་འདང་འཇོག་བྱེད་དགོས་སོ། ། 

 རྩོམ་པ་པོ། རྣམ་དཀར་ལྷ་མོ། གངས་ལྗོངས་ཉི་གཞོན་དུས་དེབ་ཁང་།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1