ཕྱོགས་མང་པོའི་སྟོབས་ཤུགས་སེམས་ཀྱི་ཉི་ཟླའི་མེ་གསོད་ལས་དོན་ཁྲོད་ཞུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-03



     ཟླ་3པའི་ཚེས་29ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ནགས་ཚལ་མེ་སྐྱོན་ཆེན་པོ་བྱུང་བ་རེད།
     ཟླ་4ཚེས་1ཉིན་གྱི་སྔ་དྲོའི་བར་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མི་2000ལྷག་ཙམ་དང་ཐད་འཕུར་གནམ་གྲུ་3(གནམ་གྲུ་2ཀྱིས་དཔྱང་ཟོམ་མེ་གསོད་ལས་འགན་འཁུར་བ་དང་། 1གིས་མྱུལ་ཞིབ་ལས་འགན་འཁུར་བ)མེ་གསོད་ལས་དོན་ཁྲོད་ཞུགས་པ་དང་། བདེ་འཇགས་དང་ཚན་རིག་དང་མཐུན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གོ་རིམ་ལྡན་པའི་ངང་མེ་གསོད་ལས་དོན་སྤེལ་བཞིན་ཡོད་པ་རེད།


     ཉིན་ཤས་བསྟུད་མར། བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གནམ་གཤིས་དྭངས་ཤིང་། ཉིན་གུང་ཆུ་ཚོད་12ཀྱི་རྗེས་སུ་གནམ་གཤིས་དྲོ་རུ་ཕྱིན་པ་ཅུང་མགྱོགས་པ་དང་། རླུང་ཤུགས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་ཏེ་སྐབས་རེར་རིམ་པ་6ནས་7བར་གྱི་རླུང་ལྡང་བ་མ་ཟད། རླུང་ཕྱོགས་ཀྱང་ངེས་མེད་ཡིན་པ་རེད། “3·29”ནགས་ཚལ་མེ་སྐྱོན་ཤོར་སའི་རི་མཐོ་ལ་གཡང་གཟར་བ་དང་། མེ་སྐྱོན་ཐོན་སའི་ནགས་ཚལ་ནི་སྟུག་པོར་གནས་པའི་ཡུན་ནན་ཐང་ཤིང་དང་རི་མཐོའི་ཐང་ཤིང་ཡིན་པས། མེ་མཆེད་ཚད་ཅུང་མགྱོགས་པ་དང་མེ་གསོད་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ཐེངས་འདིའི་ནགས་ཚལ་མེ་སྐྱོན་ལ་ཉེ་བར་བཅར་དཀའ་བ་དང་། མེ་གསོད་དཀའ་བ། འགན་ལེན་དཀའ་བ། གཙང་སེལ་དཀའ་བ་བཅས་ཀྱི་ཁྱད་ཆོས་ཆེན་པོ་བཞི་མངོན་ཡོད།

     ཟླ་4ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་མེ་སྐྱོན་ཐོན་ཡུལ་གྱི་མེ་སྐྱོན་གྱི་གནས་ཚུལ་དེ་ལྷོ་དང་བྱང་། ནུབ་བྱང་བཅས་ཕྱོགས་གསུམ་དུ་དབྱེ་ཡོད་པ་དང་། བར་སྣང་ནས་མྱུལ་ཞིབ་དང་ས་ངོས་ནས་ལྟ་ཞིབ་བྱས་པ་བརྒྱུད་མིག་སྔར་ལྷོ་ཕྱོགས་ཀྱི་མེ་སྐྱོན་གྱི་གནས་ཚུལ་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད་པ་རེད།

     བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི“3·29”ནགས་ཚལ་མེ་སྐྱོན་ཤོར་སའི་འཐབ་ས་མདུན་མའི་བཀོད་འདོམས་པུས་བཀོད་སྒྲིག་བྱས་པར་གཞིགས་ན། དེ་རིང་གི་མེ་གསོད་ལས་དོན་གྱི་གཙོ་གནད་ནི་ནུབ་བྱང་ལམ་ཐིག་ཡིན་པ་དང་། གོ་སྐབས་དང་བསྟུན་ནས་ཆེད་ལས་ཀྱི་མེ་གསོད་སྟོབས་ཤུགས་བཏང་ནས་མེ་གསོད་རྒྱུ་དང་ཆབས་ཅིག་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་མེ་གསོད་ལས་དོན་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

     ཉིན་ཤས་བསྟུད་མར། མེ་གསོད་ལས་དོན་ནང་ཞུགས་མཁན་རུ་ཁག་གིས་སྤྱི་ལེ་17གྱི་མེ་སྐྱོན་གཙང་སེལ་བྱས་པ་དང་། མིག་སྔར་མེ་སྐྱོན་ཐོན་ཡུལ་ཧྲིལ་པོར་ཁྱོན་མི་2000ལྷག་ཙམ་དམག་འཐབ་ནང་ཞུགས་ཡོད་ལ། དེའི་ནང་ཆེད་ལས་མེ་གསོད་མི་སྣ་500ལྷག་ཙམ་དང་ཕྱེད་ཆེད་ལས་མེ་གསོད་མི་སྣ་1500ལྷག་ཙམ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1