དང་པོ། བོད་ཀྱི་བྱིས་སྒྲུང་གི་ཁྱད་ཆོས།
དེ་ཡང་འཛམ་གླིང་གི་མི་རིགས་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རྩོམ་རིག་སྣ་ཚོགས་དུས་ཡུན་རིང་མོ་ཞིག་ནས་བྱུང་ཡོད་ལ། བོད་ཀྱི་དམངས་ཁྲོད་དུ་རྒྱུགས་ཆེ་བའི་ར་མ་དང་སྤྱང་ཀིའི་གཏམ་རྒྱུད་དང་། ཨ་མ་དྲེད་མོང་གི་གཏམ་རྒྱུད། ཨ་ཁུ་སྟོན་པའི་གཏམ་རྒྱུད་སོགས་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གྱི་ཁྱད་ཆོས་གཞིར་བཟུང་ནས། རྟོགས་བཏགས་དང་འཕྲུལ་སྣང་རང་བཞིན་གྱིས་རང་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་ཚུལ་དང་འཚོ་བའི་གོམས་གཤིས་མངོན་པར་མཚོན་པ་ཅན་ཡོད་པ་དང་། དེ་དག་ལ་སློབ་གསོའི་ནུས་པ་ལྡན་ཞིང་བྱིས་པའི་བློ་ཁ་དང་མཐུན་ལ་ཡིད་འགུག་གི་ནུས་པ་ལྡན་པས་བོད་ཀྱི་བྱིས་སྒྲུང་གི་གྲས་སུ་བཞག་ཆོག་ཆོག་རེད། བོད་ཀྱི་བྱིས་སྒྲུང་ནི་ས་གནས་དང་ཡུལ་ཕྱོགས་གང་རུང་ཞིག་ཡིན་རུང་དེ་ལ་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཞན་དག་དང་བསྡུར་ན་ཐུན་མིན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན།
1.ངག་ཐོག་ནས་བརྗོད་ཅིང་ཁ་གསལ་ལ་གོ་བདེ་བའི་ཁྱད་ཆོས་ལྡན་པ། བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་བྱིས་སྒྲུང་ནི་གདོད་མའི་དུས་སུ་དར་མགོ་ཚུགས་ཏེ་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་འདུལ་སྦྱོང་དང་སྤྱི་ཚོགས་འཕེལ་རིམ་ཁྲོད་དུ་དངོས་པོ་དང་བྱ་བ་ལ་ཉམས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་པའི་བསྡོམས་ཚིག་དེ་ངག་ཐོག་གི་སྐད་ཆ་ལ་བརྟེན་ནས་འཚོ་བའི་དཔེ་རིས་སྣ་འདུས་ཤིག་བྲིས་པའམ། མི་སྣའི་སྣང་བརྙན་མངོན་གསལ་ཞིག་གསར་བཞེངས་བྱས་པ་ཡིན་པས། དེ་ལ་བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་མ་བཅིངས་ལ། ཚིག་ཉོག་ཟང་ཟིང་དང་བྲལ་བ། བྱུང་རིམ་འཛིང་མེད་པར་ཡིད་འགུག་གི་ནུས་པ་ལྡན་ཞིང་དེ་གསར་རྩོམ་དང་རྒྱུན་སྤེལ་བྱེད་ནའང་ངག་ཐོག་གི་ལམ་བུར་བརྟེན་ཡོད་དེ། ངལ་རྩོལ་མི་དམངས་རྣམས་ཀྱིས་ངལ་རྩོལ་གྱི་ཉམས་མྱོང་དང་འཚོ་བའི་བསླབ་བྱ་སོགས་རྗེས་རབས་པ་ལ་ངོ་སྤྲོད་དང་གཞན་ལ་ཁྱབ་སྤེལ་གཏོང་དུས་ཕྱི་རྐྱེན་དང་ནང་རྐྱེན་མང་པོ་ཞིག་གིས་ཚང་མ་གཅིག་བཤད་གཅིག་ཉན་གྱི་ངག་ཐོག་གི་ཐབས་ལ་བརྟེན་དགོས། དེ་བས་བྱིས་སྒྲུང་གི་བརྡ་ཆད་དང་ཐ་སྙད་ཀྱི་བེད་སྤྱོད་ཐད་མང་ཆེ་བ་ཁ་སྐད་དམ་འཚོ་བའི་ནང་རྒྱུན་ལྡན་དུ་སྤྱོད་བཞིན་པའི་སྐད་ཆ་གཙོ་བོར་བྱས་ཡོད་དེ། དཔེ་ན་ཨ་ཁུ་སྟོན་པའི་གཏམ་རྒྱུད་དེ་དབུས་གཙང་དང་ཁམས།མདོ་སྨད་སོགས་ཕྱོགས་ཡོངས་སུ་ཁྱབ་ཡོད་ཀྱང་། ས་ཁུལ་སོ་སོའི་ཆ་རྐྱེན་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བའི་གོམས་གཤིས་སོགས་མ་འདྲ་བའི་དབང་གིས་ས་ཆ་ལ་ལར་ཁོ་ནི་བློ་གྲོས་རྩལ་ལ་འགྲན་ཟླ་མེད་པ་ཞིག་དང་། ལ་ལར་ཁོ་ནི་མི་དཔའ་བོ་ཞིག ཡང་ས་ཆ་ཁ་ཤས་སུ་ཁོ་བོ་ནི་བསམ་པ་དྲང་པོ་མི་འཛིན་པའི་པྲ་ཆལ་ཞིག་ཡིན་པ་བཅས་ས་ཁུལ་མི་འདྲ་བར་བློའི་འཛིན་སྟངས་ཀྱང་མི་འདྲ་བ་མང་དུ་སྣང་། དོན་དམ་དུ་འདི་ཉིད་ཀྱང་རྩ་བ་གཅིག་ལས་གྱེས་པ་ཡིན་ཞིང་། འདི་ལས་ཐོག་མར་རང་རང་གི་ཕལ་སྐད་དམ་ཡུལ་སྐད་འདྲེས་སོང་བ་དང་མི་རྣམས་ཀྱིས་ཕན་ཚུན་བརྒྱུད་སྤྲོད་བྱེད་པའི་གོ་རིམ་ཁྲོད་དུ་ངག་ཐོག་ལ་བརྟེན་ནས་ནང་དོན་ལའང་འགྱུར་བ་རེ་འགའ་འབྱུང་བཞིན་པ་ཤེས་ཐུབ།
2.བྱུང་རིམ་སྟབས་བདེ་དང་སྣང་བརྙན་འབུར་ཐོན་གྱི་ཁྱད་ཆོས་ལྡན་པ། བོད་ཀྱི་བྱིས་སྒྲུང་ནི་གསར་རྩོམ་ཐད་གཙོ་བོ་ངག་ཐོག་དོན་བརྗོད་རང་བཞིན་ཅན་གྱི་སྐད་ཆ་བཀོལ་སྤྱོད་བྱས་པ་བརྒྱུད་དེ་བྱུང་རིམ་དང་མི་སྣའི་གཏམ་གླེང་གཡར་ནས་མི་སྣའི་སྣང་བརྙན་བཞེངས་པ་རེད། དེའི་ནང་དུ་ཞིབ་འབྲི་དང་དཔྱད་བརྗོད། ཡིད་འགྱུར་མཚོན་པ་བཅས་ཀྱི་སྐད་ཆ་ཤིན་ཏུ་ཉུང་། ཁོར་ཡུག་ཞིབ་འབྲི་བྱས་ཡོད་པའི་དབང་དུ་བཏང་ནའང་གནས་ཚུལ་སྒྲོ་འདོགས་དང་རང་སྣང་གང་ཤར་གྱི་སེམས་ཁམས་བྲིས་པ་རེད། དེ་ཐམས་ཅད་ཁ་སྐད་རང་བཞིན་གྱི་སྒོ་ནས་དོན་བརྗོད་པ་ཡིན་ཏེ། དཔེར་ན། 《བློན་པོ་རིག་པ་ཅན་གྱི་གཏམ་རྒྱུད》ལས་རྒྱལ་པོ་དང་བློན་པོ། བཙུན་མོ་གསུམ་གྱི་སྣང་བརྙན་ཧ་ཅང་མངོན་གསལ་ཡིན། གཏམ་རྒྱུད་བརྗོད་མཁན་དེས་མི་སྣའི་ཕྱི་གཟུགས་ཞིབ་འབྲི་དང་སེམས་ཁམས་ཞིབ་འབྲི་བྱས་མེད་ལ། དཔྱད་བརྗོད་དང་བསྔགས་བརྗོད་ཀྱི་བསྟོད་ཚིག་ནི་དེ་བས་ཀྱང་མེད་པར།གཏམ་རྒྱུད་ཀྱི་བྱུང་རིམ་ནི་རྟོག་བཟོའི་ཐབས་ལ་བརྟེན་ནས་མི་སྣའི་སྣང་བརྙན་མངོན་གསལ་ཅན་ཞིག་གསར་བཞེངས་བྱས་ཡོད་པ་རེད། བྱུང་རིམ་གྱི་ཐད་ནས་ཀྱང་མགོ་རྩོམ་པ་དང་འཕེལ་རྒྱས། མཐོ་རླབས། མཐའ་འབྲས་བཅས་ཆ་ཚང་བ་ཞིག་ཡོད།
3.རྟོག་བཏགས་དང་འཆར་ཡན་གྱིས་དངོས་ཡོད་ཚུར་སྣང་བྱས་པའི་ཁྱད་ཆོས་ལྡན་པ། དམངས་ཁྲོད་བྱིས་སྒྲུང་ནི་རྟོག་བཏགས་དང་འཆར་ཡན་གྱི་ཐབས་ལ་བརྟེན་ནས་ངག་ཐོག་ནས་གསར་སྐྲུན་བྱས་པ་ཞིག་ཡིན་མོད། འཕྲུལ་སྣང་དེར་གཞི་འཛིན་ས་སྤུ་ཙམ་ཡང་མེད་པ་ཞིག་མ་ཡིན་པར་དངོས་ཡོད་ཀྱི་འཚོ་བ་རྨང་གཞི་བྱས་པ་ཞིག་ཡིན་ཞིང་། དེའི་བརྗོད་ལུགས་མི་ཉུང་བ་ཞིག་ཧ་ཅང་དགོད་བྲོ་ཞིང་སྙིང་བོ་མེད་པ་ཞིག་ཏུ་སྣང་ཡང་། དེ་ཡང་རྟོག་པའི་འགྱུར་བ་ཁོ་ན་ཙམ་མ་ཡིན་པར་གཞི་གྲུབ་པའི་དོན་དངོས་དང་འཚོ་བའི་སྣང་ཚུལ་མཚོན་པ་ཞིག་རེད། དཔེར་ན། 《སྤུན་ཟླ་དྲུག》ཅེས་པའི་གཏམ་རྒྱུད་ནང་གི་ལྷ་རྗེའི་བུས་ཤི་སོས་ཀྱི་སྨན་ཁར་བླུགས་པས་རྔོན་པའི་བུ་སླར་སོས་ཞེས་བརྗོད་ཡོད། འཇིག་རྟེན་ཐོག་མི་ཤི་ནས་སླར་སོས་པ་ནི་ང་ཚོའི་མཐོང་ཆོས་སུ་མི་འགྱུར་ཞིང་འཇིག་རྟེན་གྱི་གྲགས་ཚོད་ལས་བརྒལ་བ་ཞིག་རེད། ཡིན་ནའང་གཏམ་རྒྱུད་དེའི་ནང་འཆར་ཡན་གྱི་འབྲི་ཐབས་དེ་བཀོལ་དགོས་དོན་ནི་སྐབས་དེའི་ངལ་རྩོལ་མི་དམངས་རྣམས་ཀྱིས་རང་མོས་གཉེན་སྒྲིག་ལ་བརྩོན་ལེན་ཐོབ་རྒྱུར་སྙིང་དབུས་ནས་སྨོན་པ་དང་། ཞོར་དུ་བཀས་བཀོད་རྒྱུད་འཛིན་གྱི་མུན་ནག་གི་ལམ་ལུགས་ལ་ཟུར་ཟ་བྱེད་པའི་ཆེད་དུ་རེད།
གཉིས་པ། བོད་ཀྱི་བྱིས་སྒྲུང་གི་ནུས་པ་བཤད་པ།
1.བོད་ཀྱི་དམངས་ཁྲོད་རྩོམ་རིག་གིས་རྩོམ་པ་པོའི་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན།དེ་ཡང་བྱིས་པའི་རྩོམ་རིག་ནི་ཐོག་མའི་རྩོམ་རིག་ཡིན་ཞེས་པ་དང་། རྒྱའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་གླུ་དང་སྙན་ངག ཚིག གདངས་བཅས་ཐོག་མར་དམངས་ཁྲོད་ནས་བྱུང་ཞིང་། ཕྱིས་སུ་མཁས་པ་རྣམས་ཀྱིས་སྒྱུ་རྩལ་གྱི་ལས་སྣོན་ལ་བརྟེན་ནས་རང་གི་གསར་རྩོམ་དུ་གྲུབ་པ་ཡིན། ལྷག་པར་དེང་དུས་མཐོང་རྒྱུ་ཡོད་པའི་བརྩམས་སྒྲུང་གྲགས་ཅན་དག་ཀྱང་གནའ་བོའི་ལྷ་སྒྲུང་དང་བཤད་རྒྱུན། གཏམ་རྒྱུད་སོགས་དོན་བརྗོད་རྩོམ་ལུས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞེས་གསུངས་པ་ལྟར། སྔར་ནས་ད་བར་དུ་རྩོམ་པ་པོ་གྲགས་ཅན་གྱི་བརྩམས་བྱ་གང་འདྲ་ཞིག་ཡིན་རུང་དམངས་ཁྲོད་རྩོམ་རིག་གིས་ཤན་མ་ཞུགས་པ་གཅིག་ཀྱང་མེད། ཁོང་ཚོས་གཅིག་ནས་དམངས་ཁྲོད་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དང་བརྗོད་བྱ་གདམ་གསེས་གཉིས་གསར་རྩོམ་གྱི་མ་དཔེར་བཟུང་ཞིང་། གཉིས་ནས་རང་གི་རིག་སྟོབས་དང་འཆར་སྒོར་བརྟེན་ནས་མི་རིགས་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ལྡན་པའི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་མི་ཡུལ་གྱི་བསམ་པའི་ལོངས་སྤྱོད་དུ་གནང་ཡོད་པ་རང་རྒྱལ་གྱི་མིང་རྒྱལ་རབས་སྐབས་ཀྱི་གྲགས་རྩོམ《ཆུ་ངོགས་གཏམ་རྒྱུད》དང《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》《ནུབ་ཕྱོགས་ཡུལ་སྐོར་དུ་བསྐྱོད་པའི་གཏམ་རྒྱུད》སོགས་ནི་རྩོམ་པ་པོས་དམངས་ཁྲོད་བཤད་རྒྱུན་དང་བྱིས་སྒྲུང་གི་སྒྱུ་རྩལ་མཚོན་ཐབས་དང་མི་སྣའི་བཞེངས་སྐྲུན་ལ་སློབ་སྦྱོང་བྱས་པར་བརྟེན་ཧང་སངས་དགོས་པའི་གྲགས་རྩོམ་དེ་འདྲ་ཞིག་ལེགས་གྲུབ་བྱུང་བ་རེད། རང་ཅག་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུའང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《བྱ་སྤྲེལ་གཏམ་རྒྱུད》《མི་ལའི་རྣམ་མགུར》 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》སོགས་བརྩམས་ཆོས་མིང་གྲགས་ཅན་དག་གི་བསམ་བློའི་ས་བོན་ཡང་བོད་ཀྱི་དམངས་སྒྲུང་དང་དམངས་གཞས་ཡིན་པ་དེང་གི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ་བ་ཡིན།
2.བོད་ཀྱི་དམངས་ཁྲོད་རྩོམ་རིག་གིས་བྱིས་པའི་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན། ང་ཚོ་བོད་མི་རིགས་ནི་མཚོ་བོད་མཐོ་སྒང་དུ་འཚོ་བའི་གནའ་བོའི་མི་རིགས་ཤིག་ཡིན་ཞིང་། དམིགས་བསལ་གྱི་འཚོ་གནས་ཁོར་ཡུག་དང་ཀྱག་ཀྱོག་གི་ལོ་རྒྱུས་བཤུལ་ལམ་ཁྲོད་དུ་འཛམ་གླིང་གི་ཡུལ་གྲུ་ཀུན་དང་མི་མཐུན་པའི་རིག་གནས་ཀྱི་སྣང་ཚུལ་ཁྱད་མཚར་ཞིག་ཆགས་ཡོད། དམིགས་བསལ་གྱི་རིག་གནས་ཁོར་ཡུག་འདིའི་འོག་ཏུ་བོད་ལའང་དམིགས་བསལ་གྱི་སློབ་གསོ་ཞིག་གྲུབ་ཡོད་དེ་རང་འདོད་མ་ཡིན་པར་མྱོང་བའི་དགོན་པའི་སློབ་གསོ་དང་གཞུང་སྒྲུབ་སློབ་གསོ་སོགས་ཆགས་ཡོད་ལ། བོད་ཀྱི་བྱིས་སྒྲུང་དང་ཁེད་སོགས་བྱིས་པའི་བསམ་བློའི་མོས་པ་དང་རིག་གནས་ཆུ་ཚད་དང་འཚམས་ཤིང་རང་འདོད་ལྟར་མྱོང་བའི་དམངས་ཁྲོད་སློབ་གསོའང་གནའ་ནས་དར་ཡོད་པ་ལོ་རྒྱུས་དེབ་ཐེར་དག་ཏུ་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་ལས་ཀྱང་རྟོགས་ཐུབ། བོད་ཀྱི་རང་འདོད་ལྟར་མྱོང་བའི་སློབ་གསོ་དང་རང་འདོད་མ་ཡིན་པར་མྱོང་བའི་སློབ་གསོ་འདི་གཉིས་ཀར་རང་རང་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་དང་བྱེད་ནུས་རེ་ཡོད་པ་དང་། དེ་ལས་བྱིས་སྒྲུང་དང་ཁེད་སོགས་དམངས་ཁྲོད་དུ་རྒྱུག་ཆེ་ཞིང་རང་འདོད་ལྟར་མྱོང་བའི་སློབ་གསོ་ནི་ལྷག་པར་བོད་མི་རང་གི་རིག་གནས་བག་ཆགས་དང་མི་རིགས་དེའི་ཀུན་སྤྱོད། མི་རིགས་འདུ་ཤེས་སོགས་སྐྱེད་སྲིང་དང་། དེ་མིན་ཡུལ་སྲོལ་གོམས་གཤིས། དགའ་ཁ་འཁྱེར་སོ། རིན་ཐང་ལྟ་ཚུལ་སོགས་ཐད་ཀར་དུ་མཚོན་ནུས་པའི་སློབ་གསོ་ཞིག་རེད།
དུས་སྐབས་འདིར་འཚོ་བའི་ཆ་རྐྱེན་དང་སློབ་གསོ་གང་འདྲ་ཞིག་མྱོང་ན། ནར་སོན་རྗེས་མི་གཤིས་ཀྱང་དེ་འདྲ་ཞིག་ཆགས་པ་རེད། བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྱིས་སྒྲུང་མང་པོ་ཞིག་ནི་རྒྱུ་འབྲས་ཀྱི་རྣམ་བཞག་དང་། དྲང་བདེན་འཛིན་སྐྱོང་། སྡུག་སྤོང་དགེ་སྒྲུབ། ཡ་རབས་གཞུང་དྲང་སོགས་ལ་བསྟོད་བསྔགས་བྱེད་པ་ཡིན་ལ། བྱིས་པའི་བློ་ངོར་ཡ་རབས་ཀྱི་ལས་ལ་འཇུག་དགོས་པའི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཅིང་བྱིས་པར་མི་གཤིས་དྲང་བོ་ཞིག་ཡོང་བ་སོགས་ཕྱོགས་གང་ཐད་ནས་སློབ་གསོའི་ནུས་པ་རྨ་མེད་ཐོན་གྱིན་ཡོད་དོ།།