༄༅།།བོད་ཀྱི་སྔ་རབས་ཁྲིམས་ཡིག་གི་སྐོར་ཅུང་ཙམ་གླེང་བ།

གཅན་ཚ་བཀྲ་བྷོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 04-03



གཅན་ཚ་བཀྲ་བྷོ།
[གནད་བཏུས] དཔྱད་རྩོམ་འདིར་ཡིག་ཆ་རིག་པའི་ཞིབ་འཇུག་གི་གཞུང་ལུགས་དང་ཐབས་ལམ་ལྟར། ཁྲིམས་ཀྱི་བྱུང་བ་དང་། ངོ་བོ། ཁྱད་ཆོས། རིན་ཐང་སོགས་དཀྱིལ་སྙིང་དུ་བཟུང་སྟེ་ཐོག་མའི་ཁྲིམས་ལུགས་དང་། གོམས་སྲོལ། འཛེམ་འཛི། ལྷ་ཆོས། སློབ་གསོ་སོགས་ཀྱི་འབྲེལ་བ་དང་། གཏན་ཕབ་ཀྱི་ཁྲིམས་ཡིག་གི་གོ་དོན། ཕན་ཚུན་ཤན་ཐེབས་ཚུལ་གྱི་ནང་དོན་སོགས་ཡིག་ཆའི་བསྡུར་བའི་ལམ་ནས་ཅུང་བརྗོད་ཡོད།
[གནད་ཚིག] ཁྲིམས་ཡིག ཆད་གཉིས། བཞེད་ལྔ།
དང་པོ། ཁྲིམས་ཡིག་གི་བྱུང་བ།
        སྤྱིར་ཁྲིམས་ཞེས་པ་ནི་འགྲོ་བ་མིའི་རིགས་འཇིག་རྟེན་དུ་བྱུང་མ་ཐག་ནས་གྲུབ་པ་ཞིག་མ་ཡིན་པར། དེ་ནི་མིའི་རིགས་རིམ་གྱིས་ནར་སོན་ཏེ་སྒེར་སེམས་ཀྱི་སེམས་བྱུང་དང་། སྒེར་འཛིན་གྱི་ལམ་ལུགས། དེ་འབྲེལ་གྱི་བཙན་གཉོམ་དང་གྲལ་རིམ་གྱི་དབྱེ་བ་སོ་སོར་གཞི་གྲུབ་པའི་བརྒྱུད་རིམ་ལས་བྱུང་བ་ཞིག་རེད།
        ཡ་ཐོག་གདོད་མའི་སྤྱི་ཚོགས་སུ་མི་རྣམས་ཀྱི་བག་མེད་དང་ཚུལ་མིན་གྱི་སྤྱོད་པ་དག་སྡོམ་པར་བྱེད་པའི་ཁྲིམས་དང་ཁྲིམས་ཡིག་ཅེས་མཛུབ་མོ་འཛུགས་ས་ཞིག་མེད་ཀྱང་། སྐབས་དེའི་མི་རྣམས་ཀྱི་ཁ་ལག་སྙིང་གསུམ་གྱི་བྱ་བྱེད་དག་ལ་ཀུན་མཐུན་གྱི་སྣེ་སྟོན་པའི་སེམས་གཤིས་ཤིག་དང་། སྟབས་བདེའི་དོ་དམ་སྒྲིག་སྲོལ་ཞིག རུས་རྒྱུད་ཚོགས་མི་རྣམས་ཀྱི་འདུན་པ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཡུལ་སྲོལ་གོམས་གཤིས་ཙམ་པོ་ཞིག་མ་བསྒྲིགས་རང་ཆགས་སུ་གྲུབ་ཡོད་ངེས་པའང་གཞི་གྲུབ་ཀྱི་དོན་ཞིག་རེད།
        དེ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དར་སྤེལ་བྱུང་བ་དང་བསྟུན་ཏེ། གདོད་མའི་སྤྱི་ཚོགས་འཐོར་ནས་བྲན་གཡོག་དང་བྲན་བདག་གི་རྣམ་པ་ཅན་གྱི་སྤྱི་ཚོགས་རིམ་གྱིས་གྲུབ། བྲན་བདག་རྣམས་ཀྱིས་རང་ཉིད་ཀྱི་རྩ་བའི་ཁེ་ཕན་དག་འགན་སྲུང་བྱེད་ཆེད་དུ། ཡ་ཐོག་གི་བྱ་བྱེད་ལས་གསུམ་གང་རུང་གི་སྐབས་སུ་ཅུང་ཡ་རབས་དང་ཚད་ལྡན་གྱི་གོམས་སྲོལ་ལེགས་ཤོས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁམས་བདེ་འཇགས་དང་།དཔལ་འབྱོར་འཛུགས་སྐྲུན། ཤེས་རིག་འཕེལ་རྒྱས་སོགས་རང་དང་རང་གི་རྒྱལ་འབངས་སྟོབས་ལྡན་དུ་ལས་རིགས་དང་འཚོ་བའི་ཕྱོགས་སོ་སོ་ནས་སྒྲིག་སྲོལ་གསར་པ་མང་དུ་བཙུགས་ཏེ་ཡིག་ཆར་ཕབ་པའམ། ཡང་ན་རྡོ་དང་བྲག་སོགས་ལ་རིས་སུ་བྲིས་ཏེ་དབང་སྒྱུར་བྱ་ཡུལ་དུ་གྱུར་པའི་བྲན་གཡོག་རྣམས་ལ་དེས་ཁ་ལོ་དང་བདག་སྐྱོང་བྱས། འདི་ལྟ་བུའི་སྤྱི་ཚོགས་དང་འཚོ་བའི་ལམ་སྣེ་དང་དོ་དམ་བྱེད་སྤྱད་ཀྱི་སྤྱོད་པའི་སྒྲིག་སྲོལ་དེ་ལ་ཡོངས་གྲགས་སུ། ཁྲིམས་དང་ཁྲིམས་ཡིག་ཅེས་པའི་མཚན་དང་དོན་ལྷན་དུ་སྦྱར་བ་རེད། དེ་ནི་མདོར་དེད་དེ་བརྗོད་ན་དབང་སྒྱུར་གྲལ་རིམ་གྱི་འདུན་པ་དང་ཁེ་ཕན་མཚོན་བྱེད་དང་། ཡང་ན། དབང་སྒྱུར་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་ཡོ་བྱད་རྣལ་མའང་རེད།
        སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་ཡུན་ཆེས་རིང་བའི་ནང་དུ་གོ་རིམ་མང་ཞིང་། ཀྱག་ཀྱོག་ཆེ་བ་སྟེ། མི་རྣམས་ལ་རེ་བ་དང་བསམ་གཞིག དམིགས་ཡུལ་དང་བརྩོན་འགྲུས། བྱ་བྱེད་དང་སྐྱོན་ཡོན་གྱི་ཚད་གཞི་ཞིག་སྒེར་དང་སྤྱི་ཚོགས་ངོས་ནས་དལ་དང་བག་གིས་བྱུང་བ་ནས་བཟུང་། མི་རྣམས་ལ་འཚོ་བའི་སྒྲིག་གཞི་སྟེ་ཟས་གོས་སྡོད་གསུམ་དང་། སྤྱི་ཚོགས་འབྲེལ་འདྲིས། ཐུན་མིན་ལས་རིགས་སོགས་ལ་རང་རང་གི་སྤྱི་འགྲོས་ཤིག་བྱུང་བ་རེད། དེ་ནི་གོམས་སྲོལ་རིག་གནས་ཀྱི་ཐོག་མའི་མགོ་འབུས་སོ། ། རིམ་གྱིས་དེ་ཡང་རང་རང་གི་འཚོ་བའི་ཁོར་ཡུག་ནས་བརྩི་བཀུར་ཅན་དང་། སྟོབས་ཤུགས་ཅན་དུ་གྱུར་པ་དང་། དེ་ལ་གཞིར་བྱས་ཏེ་སྔར་ལས་ལྷག་པའི་ཚོ་བའི་ཁྲིམས་དང་ས་གནས་ཀྱི་ཁྲིམས་སོགས་བྱུང་བ་མ་ཟད། དབང་སྒྱུར་པའི་ཡིག་ཐོག་གི་ཁྲིམས་སྣ་ཚོགས་ཀྱང་སྤྱི་ཚོགས་འཚོ་བའི་དགོས་མཁོ་ལྟར་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་ནས། དབང་སྒྱུར་པའི་སྲིད་འབྱོར་རིག་གནས་ཀྱི་ལས་སྒོ་ཆེས་ཆེར་སྤེལ་བའི་སྒོ་དང་སྲོག་གི་དབང་པོ་ལྟ་བུའི་ང་ཚོའི་མཐོང་སྣང་དུ་གྱུར་པའི་ད་ལྟའི་ཁྲིམས་ཡིག་དག་བྱུང་བ་རེད།
        བོད་སྔོན་མའི་ལོ་རྒྱུས་ལྟར་ན། དང་ཐོག་བོད་ཀྱི་ཡུལ་འདིར་མ་སངས་སྤུན་དགུས་དབང་བསྒྱུར་བ་དང་།དེ་ནས་རྒྱལ་ཕྲན་ཉི་ཤུ་རྩ་ལྔ། སིལ་མ་བཞི་བཅུ། ཡང་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བསྒྱུར་བ་སོགས་བཀོད་ཡོད་པ་ལས། གངས་ཅན་བོད་ཀྱི་ཡུལ་འདིར་གནའ་གཉའ་ཁྲི་བཙན་པོའི་སྔོན་ནས་དབང་སྒྱུར་མཁན་མ་སངས་སྤུན་དགུ་དང་རྒྱལ་ཕྲན་ཡང་དུ་མ་བྱུང་ཡོད་པས། སྔར་ནས་རྒྱལ་ཁབ་དང་དབང་སྒྱུར་མཁན་ལ་མེད་དུ་མི་རུང་བའི་ཁྲིམས་ལུགས་ཀྱང་དེབ་བམ་ཡིག་ཐོག་ཏུ་གསལ་པོར་བཀོད་མེད་རུང་དངོས་སུ་ཡོད་དགོས་པ་རྗེས་སུ་དཔག་ནུས་ལ། གཤམ་ནས་རྒྱུ་མཚན་དེ་དག་ལ་གཞི་བཅོལ་ཏེ་དུས་སྐབས་སོ་སོའི་ཁྲིམས་ཡིག་གི་ཡིག་ཆ་དག་གཞིར་བཟུང་སྟེ་བརྗོད་རྒྱུ།

གཉིས་པ། ཁྲིམས་ཡིག་གི་མཚོན་དོན།

        ཡིག་ཆ་མང་པོ་ལྟར་ན། ཁྲིམས་ལུགས་ནི་ཀུན་གྱིས་རྩིས་མཐོང་ཆེ་ཞིང་། སྤྱི་ཚོགས་ལས་རིགས་སོ་སོ་དང་། འཚོ་བའི་ཆ་ཤས་རེ་རེར་གཅིག་ལ་གཅིག་བརྟེན་དུ་ཡོད་པས་མིའི་རིགས་ཀྱི་ལོ་རྒྱུས་དུས་སྐབས་མི་འདྲ་བར་སྤྱི་ཆ་ནས་བཤད་ན་ཁྲིམས་ཀྱི་ངོ་བོ་ནི། ཁྲིམས་ཀྱི་ལས་སྒོ་སྤེལ་ས་དང་ཁྲིམས་ཀྱི་རིག་གནས་ཀྱི་ཁོར་ཡུག་ཅིག་ཡིན་ན། འཛམ་གླིང་ཧྲིལ་བོར་གཅིག་མཚུངས་སུ་སྙོམས་པ་དང་། གསལ་བ། བརྟན་པ། ཟིལ་ཤུགས། དྲང་བདེན། རང་དབང་། ཚད་གཞི་སོགས་ཀྱི་དོན་ཅན་གྱི་མིང་གི་ངོ་བོར་གྲུབ་འདུག་ལ། དེར་ད་དུང་རིག་གནས་ཀྱི་མཚོན་དོན་དང་བརྡ་རྟགས་འདྲ་མིན་སྣ་ཚོགས་ཀྱིས་གྲུབ་པའི་ངོ་བོ་ཞིག་ཡོད་པ་ནི། འདྲ་མཉམ་དོ་མཉམ་མཚོན་པའི་རྒྱ་མ་དང་། ཁ་ཕྱོགས་མ་ནོར་བར་སྟོན་པའི་ཕྱོགས་སྟོན་འཁོར་ལོ། འགྱུར་བ་མེད་པ་དང་གནོད་ཚུགས་དཀའ་བ་མཚོན་པའི་ཐོ་བ། བཙན་པོ་གཉའ་ནས་གནོན་པ་མཚོན་པའི་གསེར་གྱི་གཉའ་ཤིང་། གང་འདོད་གང་དྲན་གྱི་བག་མེད་སྤྱོད་པ་སོགས་སྡོམ་པ་མཚོན་པའི་ལྕགས་ཀྱུ། སྟོབས་དང་ཟིལ་ཤུགས་མཚོན་པའི་སེང་གེསྡིག་ཉེས་དྲུང་འཇོམས་མཚོན་པའི་སྲེག་ཟའམ་མེ་ལྕེ་ཞེས་པ་ལྟ་བུ་འཛམ་གླིང་གི་ཁྲིམས་ལུགས་སྤྱིའི་ངོ་བོར་གྲུབ་པ་མ་ཟད། བོད་ཀྱི་ཁྲིམས་སྲོལ་དུའང་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། ཞེས་བོད་བཙན་པོའི་སྐབས་སུ་འཇལ་གཤོར་འདེགས་གསུམ་ལ་དྲང་པོ་དྲང་བཞག་དགོས་པའི་མཚོན་བྱེད་དུ་གཡོ་སྒྱུ་ཆུང་ཞིང་གཤིས་རྒྱུད་དྲང་བའི་རི་དྭགས་ཤ་བ་འཇོག་པ་དང་། དེ་མིན་སྡར་མ་ཝ་ཞུས་དམད་པ་དང་དཔའ་བོ་སྟག་གཟིག་གིས་བསྟོད་པ། ཞེས་ཝ་མོས་སྡར་མ་མཚོན་པ་དང་སྟག་གཟིག་གིས་དཔའ་བོ་མཚོན་པར་བྱས་ཤིང་། གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་དང་། ཁྲིམས་ཡིག་ཉི་ཟླ་དབྱིངས་འཆར། མེ་ལོང་གདོང་གི་ཞལ་ལྕེ། ཁྲིམས་ལུགས་དལ་འགྲོ་རྒྱུན་བཟང། ཞེས་ཁྲིམས་ནི་གཡུ་འབྲུག་གི་སྒྲ་ལྟར་ཚངས་པའི་དབྱངས་དང་མཉམ་པོར་སྒྲོག་པ་ཀུན་གྱིས་གོ་ཐུབ་ལ། གོ་ཚད་བཀྲ་ཤིས་པའི་མཚོན་བྱེད་དུ་འགྲོ་ལ། ཉི་ཟླ་ལྟར་ཀུན་ལ་སྙོམས་པ་དང་། མེ་ལོང་བཞིན་གྲིབ་སེལ་གྱི་གྲོགས་སུ་བསྟེན་འོས་པ། རྫ་ཆུ་བཞིན་དྭངས་ཤིང་གསལ་ལ་རྒྱུན་རིང་བའི་མཚོན་དོན་དང་ངོ་བོར་བཀོད་པ་སོགས་འཛམ་གླིང་གི་ཁྲིམས་ཀྱི་མཚོན་དོན་དག་དང་ཐ་དད་དུ་མི་འགྲོའོ། །
        དེ་མིན་ནང་དོན་ཕུན་སུམ་ཚོགས་པ་དང་། མ་འོངས་རྒྱང་རིང་གི་ལམ་ཁ་མཐོང་བ། ལེགས་ཉེས་ཀྱི་ལོ་རྒྱུས་འབྲི་བྱེད། བདེ་སྐྱིད་དང་རང་དབང་སོགས་མཚོན་པའི་གླེགས་བམ་དང་། སྨྱུ་གུ། རང་དབང་ལྷ་མོའི་སྐུ་བརྙན་སོགས་ནི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་མང་པོའི་ཐུན་མོང་དུ་བཅའ་ཁྲིམས་ཀྱི་མཚོན་བྱེད་དང་ངོ་བོར་གྱུར་ཡོད་པ་སོགས་ལས། མི་ལ་ཚད་གཞི་ཞིག་དང་། རྒྱལ་ཁབ་ལ་བཅའ་ཁྲིམས་ཤིག བཅའ་ཁྲིམས་ལ་སྙོམས་པོ་དང་ཟིལ་ཤུགས། དུས་བསྟུན་གྱི་འཕེལ་འགྱུར་གྱི་དོན་སོགས་ཡོད་དགོས་པ་ནི་དངོས་ཤུགས་གང་རུང་ནས་རྟོགས་ཐུབ་པ་མ་ཟད། དེར་ཆབ་སྲིད་བསམ་བློ་དང་། དཔལ་འབྱོར་འཛུགས་སྐྲུན། རིག་གནས་སློབ་གསོ་སོགས་ཀྱི་གནད་དག་ཀྱང་བཅའ་ཁྲིམས་རིག་གནས་ཀྱི་གཞི་རུ་གྱུར་པ་སྟེ། བཅའ་ཁྲིམས་ཀྱི་བྱུང་བར་བརྗོད་རྒྱུ་ཡོད་པ་མ་ཟད། དེ་འབྲེལ་གྱི་རིག་གནས་བརྡ་རྟགས་ཀྱང་ཕུན་སུམ་ཚོགས་པ་ཡོད་དེ།“མདའ་མོ་ལྟོང་གཤགས”ཞེས་བརྐུས་པ་འཇལ་གྱི་སྐབས་སུ། དངོས་ཟོག་གི་ཕྱེད་ཀ་འཇལ་བའི་དོན་མཚོན་ཁྱད་མཚར་བ་དང་།“སྦྲུལ་ནག་ཤུལ་འདོན”ཞེས་བརྐུས་པ་འཇལ་གྱི་སྐབས་སུ་ཡང་ལུས་ཀྱི་གྱོན་པ་ཙམ་དང་།ལག་ཐོགས་ཅ་ལག་ཙམ་པོ་མ་གཏོགས་པའི་དངོས་པོ་ཡོད་ཚད་འཇལ་དུ་བཅུག་སྟེ་རང་མལ་ནས་ཕྱིར་འབུད་དགོས་པ་ལྟ་བུ་དང་། དེ་མིན་ཁྲིམས་སུ་གཏན་དུ་འཁེལ་བའི་བོད་ཀྱི་མནའི་རིག་གནས་སུ་མནའ་ཡར་མི་བསྡུ་བའི་མི་བུའམ་མནའི་སྤང་བྱར་ཡང་།“གསེར་བྱ་ངང་བ་རྙི་ལ་མ་འཛིན”ཞེས་གསེར་བྱ་ངང་བའི་བསྟན་དོན་ནི་བླ་མ་དང་དགེ་བའི་བཤེས་གཉེན་ཡིན་པ་དང་།དེ་ཡུལ་གཉན་པ་དང་བཙུན་པ་མནའི་ཡུལ་མིན་པས་མནའ་མིར་མི་བསྡུ་བ་དང་།“དུག་སྦྲུལ་ནག་པོ་ཐུར་ལ་མ་རྒྱུགས”ཞེས་དུག་སྦྲུལ་ནག་པོའི་བསྟན་དོན་ནི་སྔགས་པ་ནུས་པ་ཅན་ཡིན་པ། དེས་ཐབས་དང་རྟེན་འབྲེལ་གྱི་སྒོ་ནས་མནའི་ཉེས་པ་སེལ་ནུས་པས་མནའ་མིར་མི་བསྡུ་བ།“ཕོ་རོག་ནག་པོ་ལ་རྡོ་མ་རྒྱག”ཅེས་ཕོ་རོག་ནག་པོའི་བསྟན་དོན་ནི་མི་ལྟོགས་ཧྲལ་དང་རང་འདོད་ཅན་གྱི་མི་ཡིན་པ། དེ་དག་གིས་ལྟོ་གོས་དང་རང་འདོད་ཀྱི་ཉེས་པ་དོར་ནས་མནའ་ཟ་བས་མནའ་མིར་མི་བསྡུ་བ།“ཁྱི་མོ་ཚང་མར་དབྱུག་པ་མ་འཕྱར”ཞེས་ཁྱི་མོ་ཚང་མའི་བསྟན་དོན་ནི་སྐྱེ་དམན་ཏེ། དེས་རང་གི་མཛའ་བོ་དང་ཕྲུ་གུའི་ཆེད་དུ་མནའ་ཟ་བས་མནའ་མིར་མི་བསྡུ་བ།“གཡུ་ཆུང་དྲུག་དམར་བསྟར་ལ་མ་བརྒྱུས”ཞེས་གཡུ་ཆུང་དྲུག་དམར་ནི་བྱིས་པ་རྣམ་དབྱེ་མ་ཕྱེ་བ་དང་། གླེན་ལྐུགས་རྣམས་ཀྱི་མི་བུ་དག་སྟེ། དེ་དག་གིས་མནའི་ཉེས་པ་དང་སྤང་བླང་གི་ཧ་མི་གོ་བས། མནའ་མིར་མི་བསྡུ་བ་ལྟ་བུར་བརྟགས་ཏེ་དཔྱད་ནའང་དཔེ་དོན་གྱི་སྦྱོར་སྲོལ་མཚར་པོ་འདུག་པ་ཐམས་ཅད་ཀྱང་འཛམ་གླིང་ཁྲིམས་ལུགས་ཀྱི་མཚོན་དོན་རང་བཞིན་དང་ངོ་བོ་སོགས་དང་དཀྱུས་གཅིག་ཏུ་འདྲེས་པ་བཅས་ནི། མིའི་རིགས་ཀྱི་རིག་གནས་གཅིག་སྦྲེལ་དང་རིན་ཐང་གཅིག་སྦྲེལ་གྱི་དོན་ཡིན་པ་མ་ཟད། འདིར་བརྗོད་འདོད་པའང་ཁྲིམས་ལུགས་ནི་དུས་ནམ་ཡིན་ཡང་། ས་ཆ་གང་ཡིན་ཡང་། མི་རིགས་གང་ཡིན་ཡང་གཅིག་མཚུངས་སུ་ཟིལ་ཤུགས་ལྡན་པ་དང་། གནས་ལུགས་ལ་གཞི་བཅོལ་བ་ཞིག་རེད་ཅེས་སྤྱི་ཆའི་མཚོན་དོན་གླེང་ཙམ་ནས་ཁྲིམས་ཀྱི་ངོ་བོ་བསྟན་ཙམ་བགྱིས་པ་ལགས་སོ། །

གསུམ་པ། ཁྲིམས་ཡིག་གི་འཕེལ་འགྱུར།
        བོད་བཙན་པོའི་ཆབ་སྲིད་ལམ་ལུགས་སུ་ཁྲིམས་དང་འབྲེལ་བའི་ཡིག་ཆ་དག་གུང་བསྒྲིགས་ཤིང་བརྟགས་ན། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་དང་ཁྲིམས་ཡིག་འགྲེམ་སྤེལ་གྱི་འགྱུར་བ་ནི་གསང་བ་ནས་ཁྱབ་བསྒྲགས་ཏེ། ཐོག་མའི་དུས་སུ་རྨང་ནས་མི་མཐུན་པའི་ཐབས་ལམ་གཉིས་ལས་དང་པོ་ནི། སྐབས་དེའི་གནས་ཚུལ་གསལ་པོ་རེ་རེ་བཞིན་བཤད་དཀའ་ཡང་ཁྲིམས་ལ་གསང་བ་བྱེད་པའི་ལུགས་དེའི་དཔེ་མཚོན་དུ་ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ལྡེའུ་ཆོས་འབྱུང》ལས།“དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ། ཡེ་ནས་མཐོ་བ་ལ། ཕྱག་ཚང་ལྷོ་དང་སྙགས། དེ་ནས་ཕྱིང་བ་སྟག་རྩེར་བྱིན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་གྱིས་བགྱིས་ནས། བླའི་སྐུ་ཡ་རབས་རྣམས་ཀྱིས་བསྐོར་ནས། གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས། སྒྲུང་དང་ལྡེའུ་ཙམ་ནི་བྱུང། དགོངས་པ་འཕྲུལ་གྱི་རས་ཆགས་པས། གསང་གྲོས་རྣམ་གསུམ་གྱིས་ཕྱི་ནང་གི་དམིགས་ཕྱེ། མི་ལ་ཆད་རྣམ་གཉིས་དང་བཞེད་རྣམ་ལྔས་བོད་ཀྱིས་ཁྲིམས་བཅས། ཡིག་ཚང་སྡེ་དགུ་དང་དཔའ་ཚན་རྣམ་བརྒྱད་བཀའ་རིམ་པར་གནང་སྟེ། འཛམ་བུ་གླིང་ན་མཐའ་བཞིའི་རྒྱལ་པོ་བཞི་ཡང་དཔྱ་འབུལ་ལོ། །”①ཞེས་པའི་ཚིག་དོན་ལ་ཅུང་ཟད་དཔྱད་ན། རྒྱལ་པོ་གཉའ་ཁྲི་བཙན་པོས་ཐོག་མར་རྒྱལ་ཁམས་དབང་དུ་བསྡུས་ནས། རང་གི་བློན་ནམ་སྲིད་ཀྱི་དཔུང་རོགས་གཙོ་བོའི་མི་གཉིས་བསྐོས་བཞག་གནང་བ་ལ་ཕྱག་ཚང་ཞེས་པའི་མཚན་གྱི་གོ་གནས་གནང་ཞིང། དེ་ནས་རྒྱལ་སྲིད་སྐྱོང་བ་ལ་མེད་དུ་མི་རུང་བའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅའ་བའི་དགོས་པར་གཟིགས་ནས། རང་གི་ནང་བློན་ཆེ་དགུ་རྣམས་དང་ལྷན་ཅིག་ཏུ་འཕྱིང་བ་སྟག་རྩེར་ཕེབས་ཏེ་གསང་རྒྱའི་སྒོ་ནས་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅོས་ཡོད་པ་གསལ་ཏེ། དར་དཀར་གྱིས་ཡོལ་བ་དགུ་རིམ་བགྱིས་ཞེས་པའི་ཚིག་དོན་ལས། རྒྱལ་པོས་གཙོས་པའི་སྐུ་འཁོར་མཐོ་རིམ་རིགས་རྣམས་ཀྱིས་འཕྱིང་བ་སྟག་རྩེར་གནས་བཅས་ཏེ་ཁྲིམས་ཡིག་དང་སྒྲིག་གཞི་བཟོ་བ་ལ། བློན་པོ་རྣམས་ཀྱིས་ཕྱི་ནས་རིམ་པར་བསྲུངས་ཏེ་གཞན་གྱི་འགྲུལ་ལམ་འགོག་གིན་ཡོད་པའི་དོན་དུ་ངེས་ཏེ། དགུ་རིམ་མམ་རིམ་པ་དགུ་ཞེས་པ་ནི་རང་རེ་བོད་ཀྱི་གོམས་སྲོལ་དུ་ཤིན་ཏུ་ནན་མོའི་སྒོ་ནས་དམ་རྒྱ་བྱས་པའི་དོན་ལ་གོ་བ་དང་། ཁྲིམས་ཀྱི་སྒྲིག་སྲོལ་ནི་བོད་བཙན་པོའི་སྟོད་ཙམ་ལ་མཚོན་ན་ཐོག་མའི་དུས་ཡིན་པས་ཁྱབ་བསྒྲགས་མ་བྱས་པའི་གོང་རོལ་ཏུ་གསང་རྒྱ་བྱེད་པ་ལའང་དམིགས་ཡུལ་ངེས་ཅན་ལྡན་ཡང་སྲིད་མོད། འོན་ཀྱང་ཕྲན་གྱིས་འདིར་བརྗོད་འདོད་པ་ནི་སྐབས་དེ་དག་གི་དུས་སུ་བོད་བཙན་པོས་ཁྲིམས་ཀྱི་ཐོག་མའི་བཟོ་སྟངས་ཀྱི་འཛེམ་འཛི་སྟེ་གསང་བ་ཅན་ནོ། །
        ཐབས་ལམ་གཉིས་པ་ནི་ཁྱབ་བསྒྲགས་སམ། ཡང་ན། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བཀོད་པའི་གནད་ཚིག་སྟེ།“རྒྱལ་པོའི་བཀའ་ལ་རྒྱུ་བྱས། བློན་དང་འབངས་ཀྱི་གྲོས་ལ་སྤུན་བྱ་བགྱིས་ཏེ་ཁོད་སོ་དྲུག་རེ་རེ་ནས་གཏན་ལ་ཕབ་པ”②ཞེས་པ་དང་། དེ་མིན་སྐབས་དེའི་ཕྲུ་གུ་དར་རྒྱལ་མང་པོ་རྗེ་དང་། ལུག་རྫི་མཆིམས་མང་བཞེར། ད་དུང་མང་པོ་རྗེའི་ཕ་མ་སོགས་ཀྱི་གཏམ་དང་གཏམ་རྒྱུད་ལ་སོགས་པའི་དོན་རྣམས་དེབ་ཐེར་དག་ཏུ་བཀོད་པའི་ཁྲིམས་བཅས་པའི་ཚིག་དོན་གསལ་བར་རྟོགས་ཐུབ་ལ། ལྷག་པར་དུ་བོད་ཀྱི་སྤྱི་ཚོགས་སོ་སོ་སྟེ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་རྒྱལ་པོ་དང་། བློན་པོ། ཕྱུགས་རྫི་དང་། བྱིས་པ། རྒན་རྒོན་ལོ་ལོན་དང་བཅས་པ་ལས་ཁྲིམས་ཀྱི་གནས་ཚུལ་རྩད་ཞིབ་བྱས་པ་མ་ཟད། དེ་དག་གི་ལས་དང་བདེ་སྡུག་ཐམས་ཅད་ལ་བསམ་གཞིག་གནང་ཡོད་པས། སྔོན་མའི་གསང་རྒྱ་ལས་བརྒལ་ཏེ་ཁྱབ་བསྒྲགས་དང་ཁྲིམས་གཏན་འཁེལ་གྱི་གཞི་རུ་བྱས་པ་རེད།
        དེ་ལའང་དམིགས་ཡུལ་ཞིག་ཡོད་སྲིད་མོད། གང་ལྟར་ངས་བརྗོད་འདོད་པ་ནི། ཁྲིམས་ལུགས་ཀྱི་ནང་དོན་ལ་འཕེལ་འགྱུར་བྱུང་བའི་ཐོག་མའི་མཚོན་རྟགས་ནི་གསང་བ་ནས་ཁྱབ་བསྒྲགས་ཀྱི་ལམ་བུར་སྐྱོད་པ་དང་།    དེ་བཞིན་ནང་དོན་གྱི་ཐད་ནས་ཀྱང་། ཁེར་རྐྱང་ནས་སྣ་ཚོགས་ཅན་དུ་འགྱུར་བ་དང་། མི་ཆོས་ནས་ལྷ་ཆོས་དང་། དེ་ནས་མི་ཆོས་དང་ལྷ་ཆོས་སྦྲགས་མར་སྤེལ་མའི་རང་བཞིན་ཅན་དུ་འགྱུར་བ་སྟེ། ཁྲིམས་ཀྱི་ངོ་བོ་དང་ཁྱད་ནུས་ལྟར་ཐོག་མར་རྒྱལ་ཁབ་དང་ཚོགས་པ་ལ་སྒྲིག་གཞི་ཆ་ཚང་དང་། ཡང་ན། ལས་རིགས་སམ་ལས་སྒོའི་རྣམ་གྲངས་དང་། ཕྱི་ནང་གི་མི་དང་ཚོགས་པ། རྒྱལ་ཁབ་དང་མི་རིགས་མང་པོར་འབྲེལ་འདྲིས་སོགས་དེ་འདྲ་ཕུན་སུམ་ཚོགས་པ་ཞིག་མེད་པའི་ཕྱིར། ཁྲིམས་ཀྱི་ནང་དོན་ལའང་བཀའ་ཡི་ཁྲིམས་ཡིག་ཆེན་མོ་དྲུག་ལྟ་བུ་སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང་། སྲིད་འཛིན་དང་དམག་དོན་གྱི་སྒྲིག་གཞི། བློན་པོ་སོགས་དཔོན་རིགས་ཀྱི་གོ་གནས་དང་ལས་འགན། ཞིང་འབྲོག་གི་དབང་རིས། འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་སོགས་དབང་སྒྱུར་གྲལ་རིམ་གྱི་སྒྲིག་གཞི་གཙོ་བོ་དག་དང་། རྒྱལ་པོར་སྲི་ཞུ་ཇི་ལྟར་བྱ་བ་སོགས་རྒྱལ་སྐྱོང་ལམ་ལུགས་ཀྱི་སྐོར་དང་། དེ་མིན་བྱས་ཅན་གྱི་ཡིག་ཚང་དང་། བཙན་པོའི་ཕྱག་རྒྱ། དམག་དོན་གྱི་བྱས་ཅན་ལ་བསྟོད་སྨད་ཀྱི་རྐྱེན་དང་དཔའ་མཚན་སོགས་མཐོ་རིམ་དང་མཐོ་རིམ་མི་སྣའི་སྟབས་བདེ་ལམ་ལུགས་ལ་འགྱུར་བ་བྱུང་ནས། སྣ་མང་ཕུན་ཚོགས་སུ་གྱུར་པ་སྟེ། ཁུངས་དང་དཔེའི་ཆ་ནས་བཤད་ན《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །
ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །”③ཞེས་དང་།གཞན་ཡང་ཡོངས་གྲགས་སུ། དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱལ་པོ་ལ་གདམས་པ་རིན་ཆེན་འཕྲེང་བ་དང་།བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་བ། དམངས་ལ་གདམས་པ་སྐྱེ་བོ་གསོ་བའི་ཐིགས་པ་སྟེ། མི་དགེ་བཅུ་སྤོང་གི་བསྟན་བཅོས་གསུམ་མཛད་པ་དག་ལ་དཔེ་བལྟས་ཏེ། མི་དགེ་བཅུ་སྤོང་གི་ཁྲིམས་མཛད་པ་སོགས་ཡོད་ལ། ནང་དོན་གྱི་ཆ་ནས་གོང་གི་སྤྱི་ཆ་ལས་གཞན་བྱེ་བྲག་གི་དོན་ཏུན་ཧོང་ཡིག་ཆ་ལྟར་ན། རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་དང་། ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག བརྐུས་འཇལ་གྱི་ཞལ་ལྕེ་སོགས་མ་ཟད། གཏུག་བཤེར་གྱི་ཡི་གེ་དང་། དཔྱ་ཆད་ཀྱི་མིང་ཐོ། གན་རྒྱ། དཔྱད་ཁྲ། འདུམ་ཁྲ། གཉེན་ཡིག་སོགས་གནའ་རབས་བོད་ཀྱི་ཁྲིམས་སྲོལ་ལག་ལེན་གྱི་དཔེ་འཛིན་སོགས་བྱེ་བྲག་དོན་ཅན་མང་བར་གྱུར་པ་དང་། དེ་མིན་ད་དུང་ལྷ་མིའི་ཆོས་ལུགས་སྤེལ་མར་འགྱུར་བའི་མི་ཆོས་གཙང་མ་བཅུ་དྲུག་དང་། ལྷ་ཆོས་དགེ་བ་བཅུ་སོགས་ཏེ། སྐབས་དེར་ཐོག་མར་དཀོན་མཆོག་ལ་དད་གུས་བྱེད་དགོས་པ་དང་།ཆོས་དང་ཡི་གེ་སློབ་དགོས་པ། ཕ་མ་ལ་གུས་ཞབས་དང་བརྩི་བཀུར་བྱེད་དགོས་པ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་དགོས་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་བྱེད་དགོས་པ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་དགོས་པ། ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་དགོས་པ། བསམ་པ་དང་སྤྱོད་པ་དྲང་པོ་བྱེད་དགོས་པ། ཡ་རབས་སྤྱོད་བཟང་ཅན་གྱི་རྗེས་བསྙེག་དགོས་པ། ཟས་དང་རྒྱུ་ནོར་ལ་ཆོག་ཤེས་བྱེད་དགོས་པ། དྲིན་ཅན་ལ་དྲིན་ལན་འཇལ་དགོས་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མི་བྱེད་པ། སྤྱི་ལ་ཕན་སེམས་ཆེ་ཞིང་ཕྲག་དོག་མི་བྱེད་པ། ངག་འཇམ་ཞིང་སྨྲ་བ་ཉུང་དགོས་པ། བཟོད་སྒོམ་ཆེ་ཞིང་བློ་ཁོག་ཡངས་དགོས་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ་སོགས་ཀྱི་ཁྲིམས་སྲོལ་གྱི་ཡིག་ཆ་བྱུང་བ་དང་།དེ་བོད་སྤྱི་ཚོགས་སུ་ཡུན་རིང་བཀོལ་སྤྱོད་བྱས་པ་ལས་མི་ཆོས་ཁྲིམས་སྲོལ་གྱི་རིན་ཐང་རྟོགས་པ་སྟེ། གཅིག་ནས་གཟུགས་མེད་ཀྱི་མི་ཆོས་ཀུན་སྤྱོད་འདོམས་པའི་ཚད་གཞིས་མི་རྣམས་ཡ་རབས་ཚད་ལྡན་གྱི་འབངས་མིར་སྐུལ་ཁྲིད་བྱེད་ཅིང་། གཉིས་ནས་ཁྲིམས་སྲོལ་གྱི་རྣམ་པ་དེས་སྤྱི་དམངས་ཡོངས་ཁྲིམས་སྲུང་ལུགས་སྲུང་གི་འབངས་མིར་ཤུགས་ཀྱིས་འཇུག་རྒྱུ་ཡོད་རྐྱེན། ཁྲིམས་སྲོལ་གསར་འཛུགས་དང་ལག་བསྟར་བྱེད་པར་ཞོར་འདེགས་ཀྱི་ནུས་པ་འདོན། གཞན་ཡང་། མི་ཆོས་ཁྲིམས་སྲོལ་ནི་ཀུན་སྤྱོད་ཀྱི་རྣམ་གཞག་གཙོ་བོ་ཡིན་པའི་ཆ་ནས་ཁྲིམས་ཀྱི་ཁེབས་རྒྱས་མ་ཚུད་སར་ཡང་རང་འགུལ་གྱིས་བརྩི་སྲུང་དང་ལག་བསྟར་བྱེད་བཞིན་པའི་གོམས་སྲོལ་ངང་གིས་ཆགས་ཡོད། རྒྱུ་མཚན་དེའི་ཕྱིར་ན། མི་ཆོས་ཀུན་སྤྱོད་དེ་བཙན་པོའི་རྒྱལ་རབས་སྐབས་སུ་ཁྲིམས་སྲོལ་གྱི་རྣམ་པས་གཏན་ལ་ཕབ་པ་ནི་རྒྱལ་བློན་དག་གི་མཁས་མཛངས་ཀྱི་བློ་རྒྱ་ངོམ་པ་ཞིག་དང་། རྒྱལ་འབངས་དག་བློ་སེམས་གཅིག་ཏུ་མཐུན་པའི་མཚོན་རྟགས་ཤིག་ཡིན། དེའང་ལྷ་ཆོས་ཁྲིམས་སྲོལ་ནི་ནང་བསྟན་རིག་གནས་བོད་ལ་རིམ་གྱིས་དར་ཞིང་། དེའི་ལྟ་བས་མི་རྣམས་ཀྱི་འདུ་ཤེས་ལ་ཤུགས་རྐྱེན་ཐེབས་པའི་རྨང་གཞི་འོག གཙོ་བོ་རྒྱལ་འབངས་ཀུན་གྱིས་ནང་པའི་བསྟན་པའི་ཆོས་སྲོལ་ཏོག་ཏུ་བཀུར་ཞིང་། དམ་པའི་ཆོས་ལ་བསྐུལ་བར་བྱེད་ཆེད་གཏན་ཕབ་མཛད་པའི་ཁྲིམས་སྲོལ་ཞིག་ཡིན། ལྷ་ཆོས་ཞེས་པའི་འཇིག་རྟེན་མི་ཆོས་དང་མི་མཚུངས་པའི་སྤྱོད་ལམ་གྱི་རྣམ་གཞག་ཅིག་སྟོན་བཞིན་ཡོད་དེ། མི་རྣམས་ལ་ལུས་ངག་གི་དགེ་བ་སྤྱད་ནས་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་དགོས་པའི་སྐུལ་མ་བྱེད་ལ། དཀོན་མཆོག་ལ་དད་པའི་ཕྱག་བགྱི་ཞིང་སྡིག་སྤོང་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པའི་ཚུལ་ལུགས་འདོམས་པར་བྱེད། ལྷ་ཆོས་ཁྲིམས་སྲོལ་ལ་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་རྣམ་གྲངས་དང་རིགས་གང་དག་ཡོད་པའི་སྐོར་ཆོས་འབྱུང་ཁག་ཏུ་གཅིག་མཐུན་ངང“ལྷ་ཆོས་དགེ་བ་བཅུ”ཞེས་བགྲང་བཞིན་ཡོད་ལ། དེ་མིན་གྱི་བཞེད་ཚུལ་ཡང་ཡོད་སྲིད་པར་བརྟགས་ན། དེ་ནི་མི་ཆོས་ཁྲིམས་སྲོལ་བཅོས་པའི་རྨང་གཞིའི་སྟེང་ད་གཟོད་ལྷ་ཆོས་གསར་དུ་བསྣན་པས། མི་ཆོས་དང་ལྷ་ཆོས་སྤེལ་མར་གནས་པའི་སྐབས་སམ་དུས་སོགས་སུ་འབོད་པ་དང་། ཡང་གཅིག་བཤད་ན་དུས་སྐབས་དེ་ནི་ཧ་ཅང་གི་དཔལ་ཡོན་དང་ཚུལ་ལྡན་ལ་གོ་ཞིང་། དེའི་རྒྱུ་མཚན་ཡང་དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ་ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་དབྱུང་། མོ་སྣ་མི་བཅད། མཚང་ཅན་མི་སྐུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་བྱས་ནས་ཕྱག་དང་མཆོད་པ་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་པོ་བསྩལ་བར་བཀར་བཏགས་ཏེ། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ། ལོག་གཡེམ་སྤོང་བ། རྫུན་མི་སྨྲ་བར་བདེན་པར་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བར་འཇམ་པོར་སྨྲ་བ། ངག་མི་འཆལ་བ། གཞན་ནོར་ལ་ཆགས་སྲེད་ཀྱིས་བརྣབ་སེམས་མི་སྐྱེ་བ། གཞན་ལ་གནོད་སེམས་མི་སྐྱེ་བ། འཇིག་རྟེན་ཡང་དག་པའི་ལྟ་བ་འཛིན་པ་ལས་ལོག་པར་མི་ལྟ་བ་བཅས་གསར་གཏོད་བྱས་ཤིང་། དེ་ནི་སངས་རྒྱས་ཆོས་ལུགས་དར་བའི་རྨང་གཞིའི་སྟེང་ཆོས་བྱེད་མི་སྣ་དག་ལ་གཟས་ཏེ་བཅོས་པ་ཞིག་ཡིན་ལ། དེས་མི་དག་གི་ཀུན་སྤྱོད་ཚད་ལྡན་དང་ལུགས་བཟང་དར་སྤེལ། སྲོལ་ལུགས་ཡ་རབས། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་ནུས་པ་བླ་ན་མཐོ་བ་ཐོན་ཡོད་པ་རེད།

བཞི་པ། ཁྲིམས་ཡིག་གི་ཁྱད་ཆོས།
        ཁྲིམས་ཡིག་གམ་ཁྲིམས་ཀྱི་ཡིག་ཆ་དག་གུང་བསྒྲིགས་ཏེ་དཔྱད་པ་བཏང་ན། བོད་ཀྱི་གནའ་རབས་ཀྱི་ཁྲིམས་ལ་ཁྱད་ཆོས་གཙོ་བོ་རྣམ་པ་བཞིས་གྲུབ་པ་སྟེ།

༡.གྲལ་རིམ་གྱི་རང་བཞིན་གསལ་བ།
        བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཁྲིམས་སྲོལ་ཡིག་ཆ་མང་པོ་ཞིག་གཏན་འཁེལ་བྱས་ཡོད་པ་ལས། རྩ་བའི་ཆ་ནས་དེ་ལ་གྲལ་རིམ་གྱི་རང་བཞིན་གསལ་པོ་ཞིག་ལྡན། གོང་དུ་གླེང་བ་བཞིན་ཁྲིམས་ནི་སྤྱིར་བཏང་རྒྱལ་ཁབ་ཀྱིས་གཏན་དུ་ཕབ་པ་ཞིག་ཡིན་ཞིང་། དེའང་རྒྱལ་ཁབ་གང་དེའི་དབང་སྒྱུར་ཚོགས་པས་གཏན་ཕབ་མཛད་པ་ཞིག་ཡིན་པས། ཁྲིམས་ལ་གྲལ་རིམ་གྱི་རང་བཞིན་ངེས་ཅན་ལྡན་སྲིད་པ་སྟེ། དམངས་ཁྲིམས་སུ།“ཕོ་རབ་ཚད་ན་སྟོང་། ཕོ་འབྲིང་བརྒྱབ་ན་སྟོང་།ཕོ་ངན་བསད་ན་སྟོང་།”ཞེས་པ་དང་། སྲིད་ཁྲིམས་སུའང་།“མི་རབ་ཁྲག་གི་ཐིག་ཞོ་དང་། མི་ཐ་ཁྲག་ལ་ཐིག་སེ”④ཟེར་བར་གྲགས་ལ། གཞན་ད་དུང་།“སོ་རྟ་སྐྲ་ལུག”⑤ཅེས་པ་ལྟར། དབང་པོའི་སྒོ་མིག་སོགས་དང་ཡན་ལག་ཉིང་ལག་སོགས་སྐྱོན་ཅན་དུ་བཏང་ནའང་གསོས་ཐང་ལ་གྲལ་རིམ་གྱི་དབྱེ་བ་ལྟར་བཞི་ཟུར་དང་གསུམ་ཟུར། ལྔ་ཟུར་ལྟར་ཐག་གིས་གཅོད་པར་བྱེད་པ་ལྟ་བུ་དང་། གཞན་ད་དུང་ཁྲིམས་ཡིག་རྙིང་པ་རྣམས་སུ།“སྟོད་ཡར་རྩེ་རྒྱལ་པོ་ཧོར་གྱིས་བསད། ། རོ་དང་གསེར་གཉིས་མཉམ་བརྗེས་བྱས། ། སྨད་གེ་སར་རྒྱལ་པོ་ལྡན་མས་བསད། ། ད་དུང་སྟོང་ལ་འཁོར་དུས་མེད། །”⑥
ཅེས་པ་དང་། ཡང“ཡ་ཕོ་མགར་བ་ཤན་པ་གསུམ། ། བསད་ཀྱང་སྟོང་ལ་དྲེས་ཐག་གཅིག །”⑦ཅེས་བཀོད་འདུག་པ་ལས་མི་ལ་རབ་འབྲིང་ཐ་གསུམ་དུ་ཕྱེ་ཚུལ་ཡོད་པ་དང་། རབ་ཀྱི་རབ་ལ་སྟོང་ཐང་ཤིན་ཏུ་ཆེ་བ་སོགས་ལས་གྲལ་རིམ་གྱི་དབྱེ་བ་དང་མི་བུའི་གོ་ཐང་རང་བཞིན་བསྟན་འོང་བའོ། །
        དེ་ཡང་། བཙན་པོའི་རྒྱལ་རབས་ཀྱི་ཁྲིམས་སྲོལ་སྤྱིའི་ཆ་ནས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ངོ་བོ་མཚོན་བཞིན་ཡོད་པས། སྒོས་སུ་དུས་སྐབས་དེའི་མཐོ་རིམ་མི་སྣའི་ཁྱད་དབང་སྣ་ཚོགས་ལ་འགེབ་སྲུང་དང་བདག་དབང་ལ་སྲུང་སྐྱོབ་བྱེད་བཞིན་མཆིས་པ་རི་དྭགས་རྒྱག་པའི་ཁྲིམས་དང་། བརྐུས་པ་འཇལ་གྱི་ཁྲིམས། དེ་མིན་རྡོ་རིང་ཡིག་ཆ་ཁག་ཅིག་ཏུ་དམིགས་བསལ་གྱིས་གོ་རིམ་མི་འདྲ་བར་གཞིགས་ཏེ་ཁྲིམས་སྲོལ་བཅས་ཡོད་པ་དང་། གྲལ་རིམ་མི་འདྲ་བའི་ཉེས་ཁྲིམས་ལ་ཐུག་སྐབས་ཁྲིམས་ཆད་འཁུར་སྟངས་ཀྱང་མི་འདྲ་བར་གྲལ་རིམ་གྱི་ཁྱད་དབང་མི་འདྲ་བ་ཕྱོགས་སོ་སོ་ནས་མཚོན་ཐུབ་པ་དང་། དེས་བོད་སྤྱི་ཚོགས་ཧྲིལ་བོར་མགོ་མཇུག་ཡོད་པ་དང་། བདག་པོ་དང་ཡུལ་སོ་སོར་གསལ་ཞིང་རང་རང་ལ་རང་གི་ལས་དང་གཉེར་བྱ་ཡོད་པ་མ་ཟད། སྐྱེ་དངོས་སྲོག་ཆགས་གང་ཞིག་ཡིན་ཡང་ཡོད་ཚད་ཀྱི་ནུས་པ་གཅིག་མཚུངས་མིན་པས། རང་གིས་རང་གི་ནུས་པ་ནམ་ཡང་སྤྱི་ཚོགས་ཀྱི་ཕུང་པོ་ཆེན་པོ་ནང་དུ་འདོན་དགོས་པས་གནས་ལུགས་ཀྱང་བསྟན་ཡོད།

༢.བཙན་ཤུགས་ཀྱི་རང་བཞིན་མངའ་བ།
        ཁྲིམས་ནི་རྒྱལ་ཁབ་ཀྱི་སྒྲིག་གཞི་ཕོན་ཆེན་པོ་དེ་སྡོམ་བྱེད་ཀྱི་ལྕགས་ཐག་ལྟ་བུ་དང་། སྤྱི་ཚོགས་རྣམ་པ་འཕེལ་རྒྱས་འགྲོ་བྱེད་ཀྱི་ཁག་ཐེག་ཡིན་པས་ན། དེ་ལ་འགྱུར་མེད་རང་བཞིན་དང་། བརྟན་ཆགས་རང་བཞིན། བཙན་ཤུགས་རང་བཞིན་བཅས་མངའ། གལ་ཏེ་བཙན་ཤུགས་དང་བརྟན་ཆགས་ཀྱི་རང་བཞིན་འདི་མེད་ཚེ། ཁྲིམས་ཀྱིས་གོ་ཐང་སྙོམས་པའི་རྨང་གཞི་དེ་མེད་འགྲོ་བ་དང་། སྤྱི་འབངས་ཀྱིས་ཡོངས་ཁྱབ་ངང་བརྩི་སྲུང་བྱེད་པའི་ཁས་ལེན་ཡང་འབྱུང་མི་སྲིད། བཙན་པོའི་རྒྱལ་རབས་ཀྱི་ཁྲིམས་སྲོལ་སྣ་ཚོགས་ལ་ཤུགས་དྲག་པའི་བཙན་ཤུགས་ཀྱི་རང་བཞིན་ལྡན་པ་སྟེ། ཁ་དཔེ་རུ།“རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང”ཞེས་དང་། ཁྲིམས་ཀྱི་ནང་དོན་ལའང“མིག་འདོན་པ་དང་། ལྕེ་གཅོད་པ། ལག་འབྲེག གཡང་བསྒྱུར། དམར་གསོད”⑧ཅེས་བཀོད་ཡོད་པ་དག་ནི། བཙན་པོས་དབུས་གཞུང་གི་བརྟན་ལ་བཙན་པོའི་སྟོབས་ཤུགས་དང་རྒྱབ་འགལ་དུ་ཡོད་པ་དང་། བཙན་པོས་བཀའ་ལུང་གིས་རྒྱས་མནན་ཡོད་ཅིང་དཔོན་བློན་དག་གིས་ནན་གྱིས་ལག་ལེན་དུ་བསྟར་བཞིན་ཡོད་རྐྱེན། འགྱུར་མེད་བརྟན་ཆགས་དང་བཙན་ཤུགས་ཀྱི་ཁྱད་ཆོས་དེ་ལྡན་པ་ཡིན། ཞུ་གཏུག་གི་ཡིག་ཆ་དང་བཀའ་ཡིག་མང་པོའི་མཇུག་ཏུ། བཙན་པོའམ་བདེ་བློན་ནམ་དམག་དཔོན་སོགས་ཀྱི་བཀའ་རྒྱ་དང་ཕྱག་རྒྱ། ཁྲོམ་རྒྱ་སོགས་གསལ་པོར་མནན་ཡོད་པ་དེས་ཆ་རྐྱེན་མེད་པའི་སྒོ་ནས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་བཙན་ཤུགས་ཀྱི་རང་བཞིན་མཚོན། ངོ་མ་བཤད་ན་ཁྲིམས་ལ་དགོས་པ་ནི་བདེན་པ་དང་། བདེན་པར་གནས་པ་ནི་བཙན་ཤུགས་ཡིན། དེ་ལྟ་མིན་ན་བདེན་པ་བདེན་དུ་འགྲོ་དཀའ་ལ། བདེན་པ་རྒྱུན་སྐྱོང་བ་ནི་དེ་བས་ཀྱང་དཀའ་བས། ཁྲིམས་ཡིག་རྙིང་པ་རྣམས་སུ་བོད་ཀྱི་གནའ་བོའི་བཀའ་ཡོ་འགལ་འཆོས་པའམ་ཁྲིམས་དཔོན་ལ།“བཀའ་ཡོ་འགལ་འཆོས་པ་ནི་འདམ་གྱི་ཕུར་བ་དང་འདྲ་སྟེ། ལེགས་ན་དགྲའི་བུ་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུ་ཉེས་ཀྱང་ཆད་པ་གཅོད་པའོ། །”⑨ཞེས་པའི་ལས་ཀྱི་ངོ་བོ་དང་།“དབང་བཅད་སྤྱི་ཁྲིམས་བྱ་བ་རྗེའི་བང་སོ་རྩིག་པའི་དུས”ཀྱི་ཆད་ཀྱི་དངོས་པོ་སོགས་ལས་ཀྱང་རང་བཞིན་གྱིས་རྟོགས་ཐུབ།

༣.ཞིབ་ལ་སྣ་རིགས་མང་བ།
        བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲིམས་སྲོལ་ལ་སྤྱིར་བཏང་རྒྱལ་ཁྲིམས་སམ་བཅད་ཁྲིམས་དང་། མི་ཆོས་ཁྲིམས་སྲོལ། ལྷ་ཆོས་ཁྲིམས་སྲོལ་བཅས་རིགས་ཆེ་བ་གསུམ་ཡོད་པ་ལས། ཁྲིམས་ཀྱི་རིགས་མི་འདྲ་བ་རེ་རེའི་ནང་དོན་ཞིབ་ལ་སྣ་མང་ཞིང་ཀུན་འདུས་ཀྱི་ཁྱད་ཆོས་མཆིས། དེ་ཡང་སྐབས་དེའི་ཁྲིམས་སྲོལ་མཚོན་པའི་ཡིག་ཆ་མང་པོ་བོར་བརླག་བྱུང་བ་དང་གཏོར་སྐྱོན་ཚབས་ཆེན་ཐེབས་པའི་དབང་གིས། ད་ལྟ་ཁྲིམས་སྲོལ་ཞིབ་ཆ་ལྡན་ལུགས་འདི་ཞེས་གསལ་ཁ་བཏོད་དེ་ཆ་ཡོངས་སུ་རྫོགས་པར་ཤོག་ངོར་འགོད་ཐབས་མེད་ནའང་།དུས་དེར་བྱུང་ཞིང་ཉར་ཚགས་འོས་འཚམ་བྱུང་བའི་ཁྲིམས་སྲོལ་ཡིག་ཆ་ཁ་ཐོར་དེ་དག་ཞིབ་ཀྱིས་བཀླགས་ན། ཞིབ་ལ་སྣ་མང་བའི་ཁྱད་ཆོས་ཤིག་རྒྱུན་མར་སྟོན་བཞིན་འདུག་སྟེ། རི་དྭགས་རྒྱག་སྐབས་མདས་མི་ལ་བསད་རྨས་ཅི་བྱུང་དང་། གཡག་དང་འབྲིའི་འོག་ཏུ་མི་ཚུད་ན་འགན་ཁུར་ཇི་ལྟར་འཁུར་དགོས་ཚུལ། ཁྱི་བཏང་ནས་མི་ལ་འཚེ་བ་བྱུང་བ་ན་ཆད་གཅོད་ཇི་ལྟར་བྱ་བ། སོ་ཉུལ་ལ་མ་སོང་ན་ཁྲིམས་ཆད་གང་ཞིག་འཁུར་དགོས་པ། སོ་སྣོན་ལ་འགྲོ་ལུགས་ཇི་ལྟ་བུ་ཡིན་པ། གཞན་དངོས་བོར་བརླག་བྱུང་ཚེ་སྐྱིན་པ་ཇི་ལྟར་འཇལ་བ། གཞན་དངོས་གཡོར་བསྐྱིས་བྱེད་སྐབས་རྣམ་གཞག་གང་དག་བརྩི་སྲུང་བྱ་བ་སོགས་འཚོ་བ་དངོས་ཀྱི་ཁྲོདའབྱུང་ངེས་པའི་གྱོད་དོན་ཆེ་ཆུང་རིགས་སྣ་ཚོགས་ལ་ཁྲིམས་ཀྱི་གཏན་འབེབས་སྣ་ཚོགས་བཟོས་ཡོད་པ་དང་།ཐ་ན་ཆང་ལ་ཚོད་དགོས་པ་ལྟ་བུའི་ཆེས་ཆུང་བའི་གྱོད་དོན་འབྱུང་ངེས་ཀྱི་རྐྱེན་ལའང་ཁྲིམས་ཀྱི་རྣམ་གཞག་བཅས་ཡོད་པ་དང་། གྲལ་རིམ་མི་འདྲ་བའི་མིས་རང་གི་ཉེས་བྱས་ལ་འགན་མི་འདྲ་བ་ཅི་ཞིག་འཁུར་དགོས་པའི་སྐོར་གསལ་ཁ་བཏོད་ནས་ཞིབ་ཅིང་རྒྱས་པ་ཞིག་འཁོད་པར་བལྟས་ན། ཡིག་ཆ་ལག་ཏུ་མ་ཐེབས་པ་མ་གཏོགས་བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲིམས་ནི་ཞིབ་ལ་ཆ་ཚང་བ་ཞིག་ཡིན་ངེས་པ་ཐག་གིས་ཆོད་དོ། ། ད་ལྟའི་སྤྱི་ཚོགས་སུ་ཀུན་གྱིས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་སྨྲ་བའི་སྤོབས་དང་ལྡན་པའི་གནས་ལུགས་ཤིག་ཡོད་པ་ནི་ཁྲིམས་ལུགས་ལ་སྣ་རིགས་མང་བ་དང་། ཞིབ་ཆ་ལྡན་པ་ནི་ཁྲིམས་ལུགས་དེ་ལག་ལེན་བསྟར་བའི་རྒྱལ་ཁབ་དང་ཚོགས་པ་གང་རུང་དེ་སྔོན་ཐོན་ཡིན་པ་དང་ཡ་རབས་ཚུལ་ལྡན་ཞིག་ཡིན་པས་མཚོན་རྟགས་ལྷད་མེད་ཅིག་གོ །

༤.དབང་ཆ་དང་འོས་འགན་གསལ་བ།
        ཁྲིམས་སྲོལ་ནི་ཡོངས་ལ་ཁྱབ་ཅིང་དམིགས་ཡུལ་གསལ་བའི་སྤྱི་ཚོགས་ཀྱི་ཚད་གཞི་ཞིག་ཡིན་པ་དང་།དེའི་ནང་དོན་གྱིས་མི་ཕན་ཚུན་བར་གྱི་ཁྲིམས་ཀྱི་དབང་ཆ་དང་འོས་འགན་གསལ་པོར་གཏན་ལ་ཕབ་ཡོད། ཁྲིམས་ཀྱིས་གཏན་ལ་ཕབ་པའི་ནང་དོན་འདི་རིགས་གཞིར་བཟུང་ནས་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་ལ་སྙོམས་སྒྲིག་བྱེད་བཞིན་ཡོད། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་དག་ཏུ་ཁྲིམས་ཀྱི་དབང་ཆ་དང་འོས་འགན་གསལ་པོར་གཏན་འབེབས་བྱས་ཡོད་དེ། དཔེར་ན། སྤྱི་དམངས་ཀྱིས་རང་ལ་དབང་བའི་རྒྱུ་ནོར་རང་བདག་གིས་བེད་སྤྱོད་བྱེད་ཆོག་པའི་དབང་ཆ་ཡོད་ཅིང་། དེ་ལ་གནོད་པ་བྱུང་ཚེ་གནོད་པ་གཏོང་མཁན་གྱིས་ཁྲིམས་ཀྱི་འོས་འགན་འཁུར་ཏེ་ཆད་གཅོད་ཉོ་དགོས་པ་ཡིན་པ་ལྟ་བུ་དང་། ཡང་མི་ཚང་མར་གཙུག་ལག་ཁང་ནས་ནས་སོན་བུ་ལོན་ལེན་ཆོག་པའི་དབང་ཆ་ཐུན་མོང་དུ་ཡོད་ལ། དུས་བཅད་བཞིན་བུ་ལོན་འཇལ་དགོས་པའི་འོས་འགན་ཡང་སྤྱི་མཐུན་དུ་ཡོད་པ་ལྟ་བུ་རེད། མདོར་ན། སྐབས་དེའི་བོད་བཙན་པོའི་སྤྱི་དམངས་ཡོངས་ལ་ཁྲིམས་ཀྱི་དབང་ཆ་ལོངས་སུ་སྤྱོད་པའི་སྐལ་བ་སྙོམས་པར་ལྡན་ལ། དེ་དང་མཐུན་པར་སྤྱི་དམངས་ཀུན་གྱིས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་འོས་འགན་ཡང་གཅིག་མཐུན་ངང་བརྩི་སྲུང་བྱེད་དགོས་པ་ཐག་གིས་བཅད་ཡོད་པ་རེད།དེ་ཡང་ཁྲིམས་སུ་དབང་ཆ་དང་འོས་འགན་གཏན་འཁེལ་དུ་བཀོད་པ་སྟེ། བོད་ཀྱི་གནའ་བོའི་ཁྲིམས་ཡིག་ཏུ།“དགུང་བློན་ཆེན་པོའི་ལས་ཐབས་ནི། ཁྱོ་དང་འདྲ་སྟེ་ཕྱིའི་ཚིས་བྱས་ནས་ཕྱི་རྒྱ་རླབས་ཀྱིས་གཅོད། ནང་བློན་གྱི་ལས་ཐབས་ནི་མོ་བཙུན་དང་འདྲ་སྟེ་ནང་གི་ཚིས་བྱེད། བཀའ་བློན་ཆེན་མོའི་ལས་ཐབས་ནི་ལེགས་ན་དགྲའི་བུ་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུ་ཉེས་ཀྱང་ཆད་པ་གཅོད། ཡུལ་དཔོན་གྱི་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་ཤུལ་མཚོན། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད། ཕྲུ་དཔོན་གྱིས་འབྲི་མཛོ་ཕྲུ་མའི་གཉེར་བྱེད། དཔའ་སྡེ་གསུམ་གྱིས་ཡུལ་གྱི་མཐའ་བསྲུངས”⑩ཞེས་དང་། མོ་བཙུན་གཞི་ལ་འདུག་པས་བུ་ཁྱོ་ཡི་ལས་བྱེད། དཔའ་བོ་གཡུལ་དུ་འཐབ་པས་ཕ་མེས་ཀྱི་སྲིད་འཛིན། ཞང་སྲིད་བློན་གྱིས་དབུས་ཀྱི་མདུན་ས་བཟུང་།”ཞེས་པ་ལྟ་བུ་སོགས་ལས་ཀྱང་སྐབས་དེའི་ཁྲིམས་ལུགས་ནང་དོན་དང་ཁྱད་པར་དུ་ཞིབ་ཆ་སོགས་གོ་ཐུབ་པའོ། །

* གཅན་ཚ་བཀྲ་བྷོ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
① བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2009:12
② མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987:291
③ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 1986:184
④ བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2004:204
⑤ བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2004:206
⑥ བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2004:148
⑦ བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2004:148
⑧བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2004:190
⑨ མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987:254
⑩ བསོད་ནམས་ཚེ་རིང་། སྔ་རབས་བོད་ཀྱི་སྲིད་ཁྲིམས། [M] མི་རིགས་དཔེ་སྐྲུན་ཁང་། 2004:57~58
11མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987:249


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1