ཟི་ལིང་དུ་ཏོག་གསར་ནད་དུག་འགོས་པའི་མི་ཞིག་ཐོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-07



        ཟླ་4ཚེས་6ཉིན་གྱི་ཆུ་ཚོད་0དང་སྐར་མ་30ཡི་ཐོག་མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་རྒྱལ་ཁོངས་ཕྱི་རོལ་ནས་མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣ་ཞིག་གི་བརྟག་དཔྱད་བྱས་འབྲས་ལ་ཞིབ་བཤེར་བྱས་མཐར་མི་དེར་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་གཏན་འཁེལ་བྱས་ཡོད་པ་རེད། 

    ནད་པ་ཨན་ཆེ་གེ་མོ། ཕོ། ལོ་54དང་ཡོ་རོབ་གླིང་གི་རྒྱལ་ཁབ་ཧོ་ལན་ནས་ཡིན་པ་དང་མཚོ་སྔོན་ཨ་མདོའི་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིའི་ཁྲིམས་མི་ཡིན་ཞིང་། སྤྱི་ལོ་1998ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་དུ་ཡུན་རིང་གནས་སྡོད་བྱས།   ཨན་ཆེ་གེ་མོ་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཡི་ཐོག་བཟའ་ཟླ་དང་མཉམ་དུ་གནམ་གྲུ་MF0812(46A/46B)ལ་བསྡད་ནས་ཧོ་ལན་གྱི་ཨ་མུའུ་སི་ཐེ་ཏན་ནས་ཡོང་བ་དང་། ཟླ་3ཚེས་22ཉིན་གྱི་ཆུ་ཚོད་9པར་ཞ་མོན་བརྒྱུད་རྒྱལ་ནང་དུ་སླེབས། ཉིན་དེའི་ཆུ་ཚོད་15དང་སྐར་མ་45ཡི་ཐོག་MF8207(68A/68B)རྟགས་ཅན་གྱི་གནམ་གྲུ་ལ་བསྡད་དེ་ཤིས་ཨན་ཕྱོགས་སུ་ཡོང་བ་དང་། ཉིན་དེའི་ཆུ་ཚོད་19ཡི་ཐོག་ཤིས་ཨན་ཞན་དབྱང་གནམ་ཐང་དུ་འབྱོར། དེ་ནས་ཆུ་ཚོད་22ཐོག་MU2349(55B/55C)རྟགས་ཅན་གྱི་གནམ་གྲུ་ལ་བསྡད་དེ་མཚོ་སྔོན་ཕྱོགས་སུ་ཡོང་བ་དང་། ཆུ་ཚོད་23དང་སྐར་མ་45ཡི་ཐོག་ཟི་ལིང་གནམ་ཐང་དུ་འབྱོར། ཟི་ལིང་གནམ་ཐང་གི་ལས་དོན་མི་སྣས་ཆེད་མངགས་རླངས་འཁོར་བཏང་ནས་ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་ཕྱི་ཕྱོགས་ནས་ཡོང་བའི་འགྲུལ་པ་ཁག་བགོས་བྱེད་སར་བསྐྱལ།  དེ་རྗེས་ཟི་ལིང་མཁར་བྱང་ཁུལ་ཀྲུང་ལུགས་སྨན་ཁང་གི་ལས་དོན་མི་སྣས་ཨན་ཆེ་གེ་མོ་བཟའ་ཚོ་གཉིས་ཟི་ལིང་དུ་ཡོད་པའི་ཁྱིམ་དུ་ལོགས་སུ་བཀར། ལོགས་སུ་བཀར་བའི་སྐབས་སུ་ལུས་དྲོད་རྒྱུན་གཏན་ལྟར་ཡིན་ལ་ལུས་པོ་མི་བདེ་བའི་ནད་རྟགས་གང་ཡང་ཐོན་མེད་པ་རེད། དེ་ནས་ཟླ་4ཚེས་5ཉིན་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་ནས་ཨན་ཆེ་གེ་མོར་ལོག་དགར་མཇུག་སྒྲིལ་ཁའི་བརྟག་དཔྱད་བྱེད་སྐབས། སྣ་གྲེར་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཨན་ཆེ་གེ་མོར་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་གསལ། ཟླ་4ཚེས་6ཉིན་གྱི་ཆུ་ཚོད་0དང་སྐར་མ་30ཡི་ཐོག་མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ནད་པའི་སྣ་གྲེ་དང་དྭངས་ཁྲག་གི་མ་དཔེ་སོ་སོར་ཞིབ་དཔྱད་ཚད་ལེན་བསྐྱར་མ་བྱས་མཐར་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་གཏན་འཁེལ་བྱས་པ་དང་། མིག་སྔར་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་ཨན་ཆེ་གེ་མོར་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1