མཚོ་ལྷོ། སྒོ་མེ་རིན་ཆེན་ཚེ་རིང་གིས་བསྒྱུར།
རྒྱའི་གནའ་རབས་མཁས་དབང་ཀྲུའུ་ཞི་ཡིས“ཡི་གེ་ཀློག་པ་ཡིན་ཕྱིན། ཡིག་འབྲུ་རེ་རེ་སྐད་གསང་པོར་ཀློག་དགོས”ཞེས་བརྗོད་པ་ལྟར། རྒྱ་ཡིག་དང་ཕྱི་ཡིག་སོགས་སྐད་ཡིག་རིགས་ཀྱི་བསླབ་ཚན་གང་དང་གང་ཞིག་ཡིན་རུང་ཚུལ་བཞིན་ནམ་ལེགས་པར་རྟོགས་པའི་གནད་འགག་ནི་སྐད་གསང་པོར་ཀློག་འདོན་བྱེད་རྒྱུ་དེ་རེད། སྐད་གསང་པོར་ཀློག་འདོན་བྱས་ཚེ་བྱིས་པའི་སྐད་ཚོར(语感)སྐྱེད་སྲིང་བྱེད་ཐུབ་པར་མ་ཟད། བག་ཆགས་ཇེ་ཟབ་ཏུ་འགྲོ་བ་དང་། གོ་སྟོབས་འཕེལ་ནས་རང་རློམ་གྱི་ནུས་པ་གསོ་ཐུབ། དེ་བཞིན་དུ་ཆབ་སྲིད་དང་ལོ་རྒྱུས་སོགས་རིག་ཚན་གྱི་བསླབ་ཁག་དག་ཀྱང་དེ་དང་མཚུངས་པར་སྐད་གསང་པོར་ཀློག་འདོན་བྱས་ན། བྱིས་པའི་དྲན་ཤེས་བརྟན་པོར་གྱུར་ནས་སྦྱང་བྱའི་ནང་དོན་ཁོང་དུ་ཆུད་པར་ཕན་པ་མངོན་གསལ་མཆིས་པས། གཤམ་དུ་སྐད་གསང་པོས་ཀློག་འདོན་བྱེད་པའི་དགེ་མཚན་འགའ་འགོད་པར་བྱའོ། །
གཅིག ཀླད་གཡས་གསར་འབྱེད་ལ་ཕན།
སྐད་གསང་པོར་ཀློག་འདོན་བྱེད་པ་ནི་ཀློག་འདོན་མཁན་རང་ཉིད་ཀྱི་སྐད་གདངས་ལ་རོལ་མྱོང་བྱེད་པ་ཡིན་པས། དུས་ཡུན་ངེས་ཅན་ཕྱིན་ཚེ་བྱིས་པའི་བསམ་གཞིག་གི་ནུས་པ་གསོ་བར་ཕན་པར་མ་ཟད། ཀླད་གཡས་གསར་འབྱེད་བྱས་ཏེ་བྱིས་པའི་རིག་སྟོབས་འཕེལ་བར་དགེ་མཚན་ཆེན་པོ་ལྡན།
ཀློག་འདོན་གྱི་བརྒྱུད་རིམ་ཁྲོད། ཤོག་ངོས་ཀྱི་ཡི་གེའི་གཟུགས་རིས་དེ་སྒྲ་གདངས་སུ་འགྱུར་བར་མ་ཟད། སྒྲའི་དབྱངས་འགྲོས་ཀྱི་འགྱུར་ཁུགས་དང་བརྩེ་སེམས། ཉམས་འགྱུར་བཅས་དང་ལྷན་དུ་མི་རྣམས་མཛེས་སྡུག་ཡི་གར་འོང་བའི་སྒྱུ་རྩལ་གྱི་ཞིང་ཁམས་སུ་བསླེབ་པར་བྱེད། དེས་ཀླད་གཡས་གསར་འབྱེད་དང་སྦྱོང་བརྡར་གང་ལེགས་བྱ་ཐུབ།
གཞི་རྩའི་ཀླད་པའི་གློག་རླབསɑལ་ལྷོད་གཡེང་རླབས་ཀྱང་ཟེར།ཀླད་རླབསɑཡི་འདར་ཚད་ཅུང་དལ་ལ། དེས་དགའ་སྣང་དང་སྐྱིད་སྣང་། སྒམ་བརླིང་ལྷོད་གཡེང་། གསར་གཏོད་ཀྱི་བློ་བཀོད་དང་འཆར་སྒོ་སོགས་འབྱུང་བར་ཕན་ཆེ། ཚན་རིག་པས་ཤེས་གསལ་ལྟར་ན་ཀླད་རླབས་དབྱངས་འགྲོས་ཇི་ལྟར་དལ་ན་ཚོར་ཤེས་ཀྱང་དེ་ལྟར་ཇེ་དལ་དུ་འགྲོ་བར་བཤད་ལ། དེང་རབས་གསོ་རིག་གིས་ར་སྤྲད་པ་ལྟར་ན་ཀླད་གཡས་བེད་སྤྱོད་བྱེད་དུས་ཀླད་རླབསɑའབོར་ཆེན་སྤྱོད་བཞིན་ཡོད་ལ། དེས་ཏག་ཏག་ཀླད་གཡས་གསར་འབྱེད་དང་བེད་སྤྱོད་བྱེད་པར་བརྗོད།
གཉིས། གཤིས་ཀ་བསྒྱུར་བཅོས་ལ་ཕན།
བྱིས་པ་ལ་ལ་ཁ་གྲག་རྒྱུར་མི་དགའ་བའམ་ཡང་ན་སྐད་དམའ་མོས་ཁ་བརྡ་བྱེད་པ་ཡིན། གལ་ཏེ་བྱིས་པས་སྐད་གསང་པོས་སློབ་ཚན་དང་རྩོམ་ཡིག དཔེ་དེབ་གཞན་དག་གི་ནང་དོན་ཀློག་པ་རྒྱུན་འཁྱོངས་བྱས་ཚེ། བྱིས་པའི་རང་རློམ་མམ་ཡིད་ཆེས་བསྐྱེད་ཐུབ་པར་མ་ཟད། བྱིས་པ་གཏམ་གླེང་ལ་དགའ་བར་འགྱུར་ལ། བྱིས་པའི་གཤིས་ཀའང་དེར་བསྟུན་གྱིས་འགྱུར་ལྡོག་འབྱུང་ཐུབ་སྟེ། གཤིས་ཀ་ཁོང་སྦེད་ཅན་གྱི་བྱིས་པ་མང་ཆེ་ཤོས་ནི་དུས་རྒྱུན་འཚོ་བའི་ཁྲོད་སྐད་ཆ་བཤད་མི་ཤེས་པ་དང་བཤད་རྒྱུར་མི་དགའ་བ། བཤད་མི་མཁས་པ་དག་ཡིན་མོད། མི་ཞིག་གིས་སོས་དལ་བག་ཕེབས་དང་གསལ་ཞིང་དག་ལ་སྒྲ་ཤུགས་ཆེ་བ། འགྲོས་ཀྱི་མགྱོགས་མྱུར་རན་ལ་ཉམས་འགྱུར་གྱིས་ཕྱུག་པ། སྤོབས་པ་དང་སེམས་ཤུགས། བརྩེ་སེམས་ལྡན་པར་ཡང་ཡང་ཀློག་འདོན་བྱས་ཚེ། བྱིས་པའི་གཤིས་ཀར་འགྱུར་བ་ངེས་ཅན་ཐེབས་སྲིད།
གསུམ། ཤགས་འགྱེད་དམ་བགྲོ་གླེང་གི་རིན་ཐང་རྟོགས་པར་ཕན།
སྐད་གསང་པོས་སྒྲ་སྣ་ཚོགས་འབྱིན་པ་དང་རང་ཉིད་ཀྱི་བསམ་ཚུལ་བརྗོད་དུ་འཇུག་པ་ནི་དོན་དངོས་སུ་བྱིས་པ་རྣམས་མ་འོངས་པའི་ལས་དོན་ལ་ཞུགས་པར་སྐུལ་བའི་བྱང་ཚད་དང་སྤུས་ཚད་སྔར་བས་མཐོར་འདེགས་གཏོང་ཐབས་ཤིག་ཡིན།
བཞི། རང་དམན་གྱི་འདུ་ཤེས་བསྒྱུར་བར་ཕན།
སྦྱངས་འབྲས་ཞན་པའི་སློབ་མ་མང་ཆེ་བས་རང་ཉིད་ཀྱི་ནུས་པར་ཡིད་ཆེས་མི་བྱེད། དེའི་མངོན་རྟགས་གཙོ་བོ་ནི་ཁོ་ཚོའི་སྐད་གསང་པོས་སློབ་ཚན་ཀློག་འདོན་བྱེད་མི་ནུས་པའམ་རེ་བ་ལྟར་ཀློག་འདོན་བྱེད་མི་ཐུབ། ཀློག་འདོན་བྱས་ཀྱང་སྒྲ་མི་གསལ་བ་དང་འབྲུ་མི་དག་པ། ཐ་སྙད་དང་ཡིག་འབྲུ་ལ་ཆད་ལྷག་ཤོར་བ་སོགས་ཀྱི་གནད་དོན་འབྱུང་བར་མ་ཟད། དྲིས་ལན་འདེབས་སྐབས་ཀྱང་རང་གི་བསམ་ཚུལ་ཇི་བཞིན་བརྗོད་མི་ནུས་པའམ་ཚིག་སྔ་ཕྱི་འབྲེལ་མི་ཆགས་པ། ཁ་གསལ་གོ་བདེ་མིན་པ་བཅས་རེད། སྐད་གསང་པོས་ཀློག་འདོན་བྱེད་ཚུལ་སྦྱོང་བརྡར་བྱས་ཚེ། ཀློག་འདོན་གྱི་བརྒྱུད་རིམ་ཁྲོད་སྦྱངས་ཞན་སློབ་མ་མང་པོར་བསམ་གཞིག་གི་ནུས་པ་ངེས་ཅན་གྲུབ་ནས་སྦྱངས་འབྲས་ཀྱང་ཡར་ཐོན་འབྱུང་བའི་རེ་བ་ཡོད་ལ། རིམ་གྱིས་བྱིས་པའི་ཡིད་ཆེས་ཇེ་ཟབ་ཏུ་སོང་ནས་རང་དམན་གྱི་འདུ་ཤེས་བསྒྱུར་བཅོས་བྱེད་པར་ནུས་པ་ངེས་ཅན་ཐོན་ངེས།
ལྔ། བག་ཆགས་ཇེ་ཟབ་ཏུ་གཏོང་བར་ཕན།
སྐད་གསང་པོར་ཀློག་འདོན་བྱེད་དུས་བྱིས་པའི་དབང་རྩ་ངར་ཐོག་ཏུ་གནས་པས། སློབ་ཚན་དང་རྩོམ་ཡིག་གི་ནང་དོན་ལ་གོ་བ་ཇེ་ཟབ་ཏུ་སོང་ནས་ཡིད་འཛིན་གྱི་ནུས་པ་དང་བློ་རྩེ་གཅིག་ཏུ་སྒྲིམ་པར་ཕན་པར་མ་ཟད། བྱིས་པའི་དྲན་ཤེས་བརྟན་པོར་གྱུར་ནས་སྦྱང་བྱའི་ནང་དོན་ཁོང་དུ་ཆུད་པར་ཕན་པ་མངོན་གསལ་མཆིས།
དྲུག དྲན་ཤེས་བརྟན་པ་དང་འཕེལ་བར་ཕན།
སེམས་རྣལ་དུ་ཕབ་ནས་དོན་དག་ཅིག་བསྒྲུབས་པའི་ཕན་འབྲས་ནི་དུས་རྒྱུན་ལས་ལྡབ་འགྱུར་གྱིས་ལྷག་པས། སྐད་གསང་པོས་ཀློག་འདོན་བྱེད་དུ་བཅུག་ན་བྱིས་པས་བློ་རྩེ་གཅིག་ཏུ་བསྒྲིམ་ཐུབ་པར་མ་ཟད། སྐབས་ཐོག་དེའི་ཀླད་ཆེན་ནི་སྟོང་བར་གནས་པས་ཀློག་འདོན་གྱི་ནང་དོན་སེམས་སུ་འཇགས་པར་ཕན་པ་ཆེན་པོ་ཡོད་དེ། མ་གཞི་སྐར་མ་སུམ་ཅུའི་ནང་ཡིད་ལ་འཛིན་ཐུབ་པའི་རིགས་སྐད་གསང་པོས་ཀློག་འདོན་བྱས་ན་སྐར་མ་བཅུའི་ནང་ཡིད་ལ་འཇགས་ཐུབ།
བདུན། སྐད་ཚོར་གྲུབ་པར་ཕན།
སྐད་གསང་པོས་རྩོམ་ཡིག་ཀློག་འདོན་བྱེད་པ་ནི་སྐད་ཚོར་གྲུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། སྐད་གསང་པོར་ཀློག་འདོན་མ་བྱས་ཚེ། བྱིས་པར་སྐད་ཚོར་རྣལ་མ་ཞིག་གྲུབ་དཀའ། སྐད་གསང་པོར་རྩོམ་ཡིག་སོགས་ཀློག་འདོན་བྱས་ཚེ་སྐད་ཚོར་ལེགས་པོ་གྲུབ་ཐུབ་པར་མ་ཟད། རྩོམ་གྱི་ནང་དོན་རྟོགས་པ་དང་ཚིག་སྦྱོར་སྤེལ་སྟངས་སོགས་ལའང་ནུས་པ་གལ་ཆེན་ཐོན་ཐུབ།
བརྒྱད། རྩོམ་གྱི་མཛེས་པ་བསྐྱར་དུ་མྱོང་བར་ཕན།
རྩོམ་ཡིག་རེ་རེར་མངོན་མེད་མཚོན་སྟོབས་ཀྱི་བྲོ་བ་དང་མཛེས་ཉམས་ཐུན་མོང་མ་ཡིན་པ་རེ་མཆིས་པར་མ་ཟད། རྩོམ་པ་པོའི་ཐོལ་ཤེས་ཀྱིས་ཟིན་པའི་མཛེས་པའང་སིམ་ཡོད་ཕྱིར། སྐད་གསང་པོས་བཀླགས་ན་མཛེས་པ་དེ་རིགས་བསྐྱར་དུ་མྱོང་ཐུབ་ལ། རྩོམ་ཡིག་གི་ནང་དོན་གྱི་མཛེས་པའང་སེམས་ཀྱིས་སླར་ཚོར་ཐུབ་པ་ཡིན།
དགུ སྦྱངས་འབྲས་ཡར་རྒྱས་འབྱུང་བར་ཕན།
སྐད་གསང་པོས་ཀློག་འདོན་བྱས་ན་བསམ་གཞིག་གཏིང་ཟབ་བྱེད་དགོས་པའམ་དྲན་ཤེས་བརྟན་པོ་དགོས་པའི་རིགས་ཀྱི་བསླབ་ཁག་ལ་ཕན་པ་མངོན་གསལ་མཆིས། གལ་ཏེ་དུས་ཚོད་ལྡན་ཚེ་ཁྱིམ་བདག་རྣམས་ཀྱིས་རིང་ཐུང་གཅིག་མཚུངས་ཡིན་པའི་རྩོམ་ཡིག་གཉིས་བདམས་ཏེ། སྐད་ཤུགས་དམའ་མོའི་ཁོག་འདོན་དང་སྐད་གསང་པོའི་གྱེར་འདོན་བྱེད་དུ་བཅུག་སྟེ། ཀློག་ཐབས་འདི་གཉིས་ལས་གང་ཞིག་ལ་ཕན་འབྲས་མངོན་གསལ་ལྡན་པ་ཚོད་ལྟ་བྱེད་ཆོག
བཅུ། རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བར་ཕན།
སྐད་གསང་པོས་གཞན་གྱི་རྩོམ་ཡིག་ཀློག་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་དང་། སྐད་གསང་པོས་རང་ཉིད་ཀྱི་རྩོམ་ཡིག་ཀློག་འདོན་བྱེད་པ་ནི་དག་བཅོས་ལེགས་པར་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ངར་ཤུགས་ལྡན་པའི་ཀློག་འདོན་དང་བློ་སྐྱོར་གྱིས་ཀློག་འདོན་གྱི་སྤྲོ་སྣང་ཆེར་བཏེགས་ཏེ། བརྩམས་ཆོས་གྲགས་ཅན་གྱི་དབྱངས་འགྲོས་ཀྱི་མཛེས་པ་དང་། རྩོམ་ཉམས་ཀྱི་མཛེས་པ་བཅས་ཡང་དག་པར་རོལ་མྱོང་བྱ་ཐུབ་ལ། རྩོམ་ཡིག་གི་མགོ་དང་འཕེལ་རིམ། དཀྱོགས་མཚམས། མཇུག་འབྲས་བཅས་ལ་རོལ་མྱོང་མཐའ་འཁྱོལ་བྱ་ཐུབ། དེ་ལྟར་དུས་ཡུན་རིང་པོར་ཀློག་འདོན་རྒྱུན་འཁྱོངས་བྱས་ན།ཕྱོགས་ཡོངས་ནས་བརྩམས་ཆོས་གྲགས་ཅན་གྱི་སྙིང་བཅུད་ལ་ངོས་འཛིན་དང་རོལ་མྱོང་བྱེད་ཐུབ་པར་མ་ཟད། རང་འགུལ་སྒོས་བསྡུ་ལེན་ཡང་བྱེད་ཐུབ། དུས་ཡུན་རིང་པོར་ཀློག་འདོན་རྒྱུན་འཁྱོངས་བྱས་ན། མིག་གིས་མཐོང་བ་ཙམ་གྱིས་ཁ་ནས་འདོན་ཤེས་པ་དང་། ཁ་ནས་བཏོན་པ་དང་ཆབས་ཅིག་རྣ་བས་ཉན་ཤེས་པ། རྣ་ལམ་ནས་ཐོས་མ་ཐག་ཏུ་སེམས་ནས་བསམ་ཤེས་པའི་དཔེ་ཀློག་གི་གོམས་སྲོལ་ཡག་པོ་ཞིག་གསོ་སྐྱོང་བྱ་ཐུབ།
སྐད་ཡིག་སློབ་གསོ་བ་རྒན་གྲས་ཡེ་ཧྲིན་ཐའོ་ཡིས“སྙན་ངག་ཀློག་དུས། རྩད་ཞིབ་ཀྱི་ཡོང་འབབ་ལ་དཔྱོད་སྟོབས་ཀྱི་གོ་བ་ལེན་དགོས་པར་མ་ཟད། བྱམས་བརྩེ་ངང་རོལ་མྱོང་བྱ་དགོས། དེ་ལྟར་བྱས་ཚེ་ཤེས་མེད་ཚོར་མེད་དུ་རྩོམ་གྱི་ནང་དོན་དང་སྤྱི་ཁོག་སྒྲིག་གཞི་སོགས་ཀློག་པ་པོ་རང་ཉིད་ཀྱི་ཤེས་བྱར་འགྱུར་སྲིད་དེ། དེ་ནི་འབྱུང་དཀོན་པའི་སེམས་ཁམས་ཤིག་གོ།”ཞེས་བསྟན་པ་བཞིན་ཚན་རིག་དང་མཐུན་པར་ཀློག་འདོན་བྱས་ན་སྐད་ཚོར་ལེགས་པར་གྲུབ་ཐུབ་པར་མ་ཟད། བློ་སྐྱོར་ནི་སྐད་ཡིག་རྒྱུ་ཆ་ནང་འགྱུར་གྱི་ཐབས་ལམ་ལེགས་ཤོས་ཏེ། ཀློག་འདོན་གྱིས་གྲུབ་པའི་སྐད་ཚོར་གྱིས་གསོག་འཇོག་དང་དྭངས་སྙིགས་འབྱེད་པར་ཕན། དེ་ལྟའི་གསོག་འཇོག་ལས་ཐོབ་པའི་ཐ་སྙད་དང་སྣ་མང་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱིས་འོ་སྐོལ་གྱི་རྩོམ་ཡིག་འབྲི་སྦྱོང་ལ་ལད་འབྲི་དང་གཞི་འཛིན་གྱི་ནུས་པ་ལྡན་པར་བྱས་ཏེ། བྱིས་པའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བར་ཕན་པ་ཆེན་པོ་ལྡན། །