ཟླ་3ཚེས་31ཉིན། ཧྲེན་ཀྲེན་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པའི་ཐོག《ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་རི་སྐྱེས་སྲོག་ཆགས་བཟའ་རྒྱུ་གཏན་འགོག་བྱེད་པའི་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་རེད། 《སྲོལ་ཡིག》དེ་ནི་2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། “མིང་ཐོ་དཀར་པོའི”རྣམ་པའི་ཐོག་ནས་ཕག་པ་དང་། ནོར། ལུག བོང་བུ། རི་བོང་། བྱ་དེ། བྱ་གག ངང་པ། ཕུག་རོན། སྲེག་པ་བཅས་བཟའ་ཆོག་ནའང་། ཁྱི་དང་བྱི་ལ་བཟའ་མི་ཆོག་པ་གཏན་འབེབས་ཁ་གསལ་བྱས་ཡོད།
དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་བྱི་ལ་དང་ཁྱི་བཟའ་མི་ཆོག་པ་ལག་བསྟར་བྱས་ཡོད།
《སྲོལ་ཡིག》གི་དོན་ཚན་གཉིས་པའི་ནང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་ཕྱི་རོལ་གྱི་ཁོར་ཡུག་ཏུ་རང་བྱུང་སྐྱེ་འཚར་དང་སྐྱེ་འཕེལ་བྱེད་པའི་སྐམ་སའི་རི་སྐྱེས་སྲོག་ཆགས། དེ་བཞིན་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་དང་གསོ་ཚགས་བྱས་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་བཅས་བཟའ་མི་ཆོག་པའི་ཁྱབ་ཁོངས་ནང་བཅུག་ཡོད།
དེའི་རྨང་གཞིའི་ཐོག་ད་དུང་ཚན་རིག་ཚོད་ལྟ་དང་། སྤྱི་དམངས་འགྲེམས་སྟོན། གཅེས་ཉར་སྲོག་ཆགས་སོགས་བཟའ་བྱའི་རང་བཞིན་མིན་པའི་སྲོག་ཆགས་དང་དེའི་བཟོས་རྫས་སྤྱོད་མི་ཆོག་པ་ཁ་གསལ་བཏོན་ཡོད། ཧྲེན་ཀྲེན་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས། གཙོ་བོ་བཟའ་བྱའི་རང་བཞིན་མིན་པའི་སྲོག་ཆགས་དེ་དག་ལ་དམིགས་བསལ་གྱི་གསོ་ཚགས་དམིགས་ཡུལ་དང་གསོ་ཚགས་བྱེད་ཐབས་ཡོད་པས། ནད་ཡམས་བརྟག་ཞིབ་ཀྱི་ཚད་གཞིའི་ཐད་བཟའ་བྱའི་སྲོག་ཆགས་དང་མི་འདྲ་བ་རེད། དེ་དང་ཆབས་ཅིག་བྱི་ལ་དང་ཁྱི་ནི་གཅེས་ཉར་སྲོག་ཆགས་ཡིན་པའི་ངོས་ནས་སྲོག་ཆགས་གཞན་དག་དང་བསྡུར་ན་མིའི་རིགས་དབར་དེ་བས་བརྩེ་བ་ཟབ་པའི་འབྲེལ་བ་ཡོད། བྱི་ལ་དང་ཁྱི་སོགས་གཅེས་ཉར་སྲོག་ཆགས་བཟའ་རྒྱུ་གཏན་འགོག་བྱ་རྒྱུ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་ཏུ་སྤྱོད་པའི་བྱ་ཐབས་ཤིག་ཡིན་ལ། དེང་རབས་མིའི་རིགས་ཀྱི་དཔལ་ཡོན་གྱི་བླང་བྱ་དང་མཚོན་ཚུལ་ཞིག་ཀྱང་རེད་ཅེས་བཤད།
ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་བཟའ་བར་དངུལ་ཆད་མཐོ་ཤོས་ལྡབ་30གཅོད་རྒྱུ་ཡིན་པ།
《སྲོལ་ཡིག》དེས་ཧྲེན་ཀྲེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་རྨང་གཞིའི་ཐོག་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་ཚད་གཞི་མཐོ་རུ་བཏང་ནས། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་བཟའ་བར་ཚོང་ཟོག་གི་རིན་ཐང་གི་ལྡབ་30ཡི་ཆད་པ་གཅོད་རྒྱུ་ཡིན་པས། ཆད་པ་གཅོད་ཚད་ཀོང་ཏུང་ཞིང་ཆེན་གྱིས་གསར་དུ་གྲོས་འཆམ་བྱུང་པའི་འབྲེལ་ཡོད་ཁྲིམས་སྲོལ(ཆད་པ་མཐོ་ཤོས་ཀྱི་དངོས་ཟོག་གི་རིན་ཐང་ལྡབ་20)ལས་ལྷག་ཏུ་མཐོ་བ་རེད།
ཧྲེན་ཀྲེན་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་འཕྲོད་བསྟེན་ཁང་གི་འགོ་འཛིན་གཞོན་པ་ལིའུ་ཅན་ཕིང་གིས། རི་སྐྱེས་སྲོག་ཆགས་འཛིན་དོན་ནི་ཁྱིམ་བྱ་དང་སྒོ་ཕྱུགས་དང་འདྲ་བར། དམིགས་ཡུལ་གཙོ་བོ་ནི་མི་ལུས་ལ་མཁོ་བའི་སྤུས་ལེགས་སྤྲི་དཀར་དང་། འཚོ་བཅུད། Aདང་Bརིགས་ཀྱི་འཚོ་བཅུད་སོགས་མཁོ་འདོན་བྱེད་ཆེད་རེད། རི་སྐྱེས་སྲོག་ཆགས་དེ་ཁྱིམ་བྱ་དང་སྒོ་ཕྱུགས་ལས་སྤྲི་དཀར་སོགས་ཀྱི་ཐད་ལེགས་ཆ་ལྡན་པའི་དཔང་རྟགས་མེད་པ་གསོ་རིག་ལས་རིགས་ལ་སྔ་ས་ནས་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་བཤད།
སྲོག་ཆགས་རིགས་10བཟའ་ཆོག་པའི་སྲོག་ཆགས་ཀྱི“མིང་ཐོ་དཀར་པོའི”ནང་བཅུག་པ།
《སྲོལ་ཡིག》གི་དོན་ཚན་གསུམ་པའི་ནང་། བཟའ་ཆོག་པའི་སྐམ་འཚོའི་སྲོག་ཆགས་ཀྱི་གྲས་སུ། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ནང་བཀོད་པའི་ཕག་པ་དང་། ནོར། ལུག བོང་བུ། རི་བོང་། བྱ་དེ། བྱ་གག ངང་པ། ཕུག་རོན། སྲེག་པ་བཅས་དང་དེ་བཞིན་དཀར་ཆག་དེའི་ནང་འཁོད་པའི་བཟའ་བྱར་མཁོ་འདོན་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་གསོ་ཚགས་བྱེད་པའི་ཁྱིམ་བྱ་དང་སྒོ་ཕྱུགས། གཞན་ད་དུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྤྱོད་མི་ཆོག་པའི་ཆུ་སྐྱེས་སྲོག་ཆགས་བཅས་ཚུད་ཡོད།
རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ཏུ་སྲོག་ཆགས་རིགས་20ཡོད་པ་ནི། ཕག་པ་དང་། བྱ་དེ། བྱ་གག ངང་པ། དམིགས་བསལ་བྱ་རིགས། བ་གླང་། ཆུ་གླང་། ནོར་གནག གླང་ཆེན། ལུག ར་མ། རྟ། བོང་བུ། རྔ་མོང་། རི་བོང་། ཤྭ་བ་ཁྲ་ཁྲ། ཤྭ་བ་སེར་མོ། ཆུ་བྱི། བྱི་བ། སྦྲང་མ་བཅས་ཡིན། ཧྲེན་ཀྲེན་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས། 《སྲོལ་ཡིག》གིས“དཀར་ཆག”གི་ཁྱབ་ཁོངས་ནང་། ཧྲེན་ཀྲེན་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོར་བྲིན་ཚོང་བྱེད་པ་དང་གྲོང་མིས་ཡོངས་ཁྱབ་ཏུ་ཟ་བའི་ཁྱིམ་བྱ་དང་སྒོ་ཕྱུགས་རིགས་10བཏོན་ཡོད་ལ། དེའི་དམིགས་ཡུལ་ནི་ཕྱོགས་གཅིག་ནས་གྲོང་མིས་སྲོག་ཆགས་གང་དག་བཟའ་ཆོག་པ་“དཀར་ཆག”ནང་ཆེད་དུ་འཚོལ་མི་དགོས་པར་ཐད་ཀར་མཐོང་ཐུབ་པ་དང་གསལ་པོ་ཤེས་ཆེད་ཡིན། ཕྱོགས་གཞན་ཞིག་ནས་ཁྲིད་སྟོན་དང་ཕྱོགས་སྟོན་གྱི་ནུས་པ་ཐོན་ཆེད་ཡིན་ཞེས་བཤད་པ་རེད།
“དཀར་ཆག”ནང་རྟ་དང་། རྔ་མོང་། ཤྭ་བ་ཁྲ་ཁྲ། ཤྭ་བ་སེར་མོ། ཆུ་བྱི། བྱི་བ། སྦྲང་མ་བཅས་གཙོ་བོ་སྨན་སྤྱོད་དམ་ཡང་ན་དཔལ་འབྱོར་གྱི་སྤྱོད་སྒོ་གཞན་པ་ཡོད་པས། མིག་སྔར་ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུས་སོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི《གཏན་འབེབས》ཀྱི་བླང་བྱ་གཞིར་བཟུང་ནས། འབྲེལ་ཡོད་དཀར་ཆག་དང་གཏན་འབེབས་བཟོ་བ་དང་ལེགས་སྒྲིག་བྱེད་བཞིན་ཡོད་པ་རེད། དེར་བརྟེན་《སྲོལ་ཡིག》ནང་སྲོག་ཆགས་རིགས་10བཏོན་རྗེས། མཐའ་སྐྱོང་དོན་ཚན་གྱི་རྣམ་པའི་ཐོག་ནས་སྐམ་སའི་སྲོག་ཆགས་བཟའ་ཆོག་པའི་ཁྱབ་ཁོངས་ནང་ད་དུང“དཀར་ཆག་དེའི་ནང་བཟའ་རྒྱུར་མཁོ་འདོན་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་གསོ་ཚགས་བྱས་པའི་ཁྱིམ་བྱ་དང་སྒོ་ཕྱུགས”ཚུད་ཡོད། སླད་ཕྱིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དཀར་ཆག་ལ་བཟོ་བཅོས་བརྒྱབ་ཚེ། ཧྲེན་ཀྲེན་གྱི་བཟའ་བྱའི་སྲོག་ཆགས་ཀྱི་ཁྱབ་ཁོངས་ཀྱང་དེ་མཚུངས་ཀྱི་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།