རྩྭ་ཐང་བདག་དབང་དང་བེད་སྤྱོད་དབང་ཆ་བསྒྱུར་ན་ཁྲིམས་ལྟར་འགྲོ་ལུགས་གང་དག་བསྒྱུར་དགོས།
རྩྭ་ཐང་བདག་དབང་དང་བེད་སྤྱོད་དབང་ཆ་བསྒྱུར་ན། སྔར་གྱི་ཐོ་འགོད་ལས་ཁུངས་སུ་རྩྭ་ཐང་བདག་དབང་བསྒྱུར་བའི་ཐོ་འགོད་འགྲོ་ལུགས་སྒྲུབ་དགོས། གལ་ཏེ་བདག་དབང་སྒྱུར་བའི་ཐོ་འགོད་མ་བྱས་ཚེ། རྩྭ་ཐང་གི་བདག་དབང་བསྒྱུར་བར་བཅའ་ཁྲིམས་ཀྱི་ནུས་པ་མི་ལྡན་པ་ཡིན།
མི་གང་དག་གིས་རྩྭ་ཐང་འགན་གཙང་ལེན་བྱས་ཆོག
ཐུན་མོང་ལ་དབང་བའི་རྩྭ་ཐང་ངམ་ཁྲིམས་ལྟར་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་བེད་སྤྱོད་པར་གཏན་འཁེལ་བྱས་པའི་རྒྱལ་དབང་རྩྭ་ཐང་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་ནང་ཁུལ་གྱི་ཁྱིམ་ཚང་ངམ་ཁྱིམ་ཚང་མཉམ་འབྲེལ་གྱིས་འགན་གཙང་ལེན་བྱས་ནས་བདག་གཉེར་བྱས་ཆོག ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་ལས་གཞན་པའི་སྡེ་ཚན་ནམ་མི་སྒེར་གྱིས་འགན་གཙང་ལེན་བྱས་ནས་བདག་གཉེར་བྱེད་ན། ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་གི་ཁོངས་མིའི་སྡེ་དམངས་གྲོས་ཚོགས་སུ་ཞུགས་པའི་ཚོགས་མིའི་སུམ་ཆའི་གཉིས་ཡན་ཆད་དམ་སྡེ་དམངས་འཐུས་མིའི་སུམ་ཆའི་གཉིས་ཡན་ཆད་ངེས་པར་དུ་འཐད་པ་བྱུང་དགོས་པ་མ་ཟད། ཞང་གྲོང་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འགོད་དགོས།
རྩྭ་ཐང་འགན་གཙང་ལེན་བྱེད་པའི་དུས་བཅད་ལོ་དུ་ཡིན།
«ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས»ཀྱི་གཏན་ཕབ་ལྟར་ན། རྩྭ་ཐང་འགན་གཙང་ལེན་བྱེད་པའི་དུས་བཅད་ལོ་སུམ་ཅུ་ནས་ལོ་ལྔ་བཅུའི་བར་ཡིན།
འགན་གཙང་ལེན་སྒོས་བདག་གཉེར་བྱེད་པའི་དུས་བཅད་ནང་། འགན་གཙང་ལེན་བྱས་པའི་རྩྭ་ཐང་ལ་ལེགས་སྒྲིག་བྱས་ཆོག་གམ།
རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་པའི་དུས་བཅད་ནང་། འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་གྱི་རྩྭ་ཐང་ལ་ལེགས་སྒྲིག་བྱས་མི་ཆོག ལ་ལར་དངོས་གནས་ལེགས་སྒྲིག་བྱེད་དགོས་ཚེ། ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་གི་ཁོངས་མིའི་སྡེ་དམངས་གྲོས་ཚོགས་སུ་ཞུགས་པའི་ཚོགས་མིའི་སུམ་ཆའི་གཉིས་ཡན་ཆད་དམ་སྡེ་དམངས་འཐུས་མིའི་སུམ་ཆའི་གཉིས་ཡན་ཆད་ངེས་པར་དུ་འཐད་པ་བྱུང་དགོས་པ་མ་ཟད། ཞང་གྲོང་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཆོག་མཆན་འགོད་དགོས།
རྩྭ་ཐང་འགན་གཙང་ལེན་གན་རྒྱར་ནང་དོན་གང་དག་འདུས་པ་ཡིན།
རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་ཚེ། འགན་གཙང་སྤྲོད་བྱེད་མཁན་དང་འགན་གཙང་ལེན་བྱེད་མཁན་ཕྱོགས་གཉིས་ཀྱིས་ཡིག་ཐོག་གི་གན་རྒྱ་འཇོག་དགོས། རྩྭ་ཐང་འགན་གཙང་ལེན་གན་རྒྱའི་ནང་དོན་ལ་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན། འགན་གཙང་ལེན་བྱས་པའི་རྩྭ་ཐང་གི་མཐའ་མཚམས་དང་རྒྱ་ཁྱོན། གདང་རིམ། འགན་གཙང་ལེན་བྱེད་ཡུན། འགོ་རྩོམ་པ་དང་མཇུག་བསྡུ་བའི་ཟླ་ཚེས། འགན་གཙང་ལེན་བྱས་པའི་རྩྭ་ཐང་གི་སྤྱོད་ཡུལ། ཁ་ཆིངས་དང་འགལ་བའི་འགན་འཁྲི་སོགས་འདུས་ཡོད།
རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་དབང་ཆ་གང་དག་ཡོད་དམ། འོས་འགན་གང་དག་བསྒྲུབ་དགོས།
རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་གཙོ་བོ་གཤམ་གྱི་དབང་ཆ་དག་ཡོད་དེ། གཅིག འགན་གཙང་ལེན་གྱི་གན་རྒྱ་ལས་གཏན་ལ་ཕབ་པའི་ནང་དོན་ལྟར་རང་བདག་གིས་རྩྭ་ཐང་བེད་སྤྱོད་པ་མ་ཟད། དེ་ལས་ཕན་ཁེ་ལེན་པའི་དབང་ཆ་ཡོད། གཉིས། ཐོན་སྐྱེད་བདག་གཉེར་གྱི་རང་བདག་དབང་ཆ་དང་ཐོན་རྫས་བཀོད་སྒྲིག་བྱེད་དབང་། ཁེ་འབབ་ཐོབ་པའི་དབང་ཆ། བཤུག་སྤྲོད་བྱེད་དབང་བཅས་ཡོད། གསུམ། འགན་གཙང་ལེན་བྱས་པའི་རྩྭ་ཐང་དེ་ཁྲིམས་ལྟར་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་དུས། སྐྱིན་ཚབ་ཐོབ་པའི་དབང་ཆ་ཡོད། བཞི། རྩྭ་ཐང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས། ཆ་རྐྱེན་གཅིག་འདྲའི་འོག་ཏུ་སྔོན་གྱི་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་སྔོན་ལ་དམིགས་གྱིས་འགན་གཙང་ལེན་བྱེད་དབང་ཡོད། ལྔ། རྩྭ་སའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང་། རྩྭ་སར་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཐེར་འདོན། གཏུག་བཤེར་བྱེད་པའི་དབང་ཆ་ཡོད་པ་དང་། དེ་མིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་ལ་ཕབ་པའི་དབང་ཆ་གཞན་པ་སོགས་ཡོད། རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་གྱིས་རྩྭ་སའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་པ་དང་། རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན། འགན་གཙང་ལེན་གན་རྒྱ་ལས་ཁ་ཆིངས་བཞག་པའི་སྤྱོད་ཡུལ་ལྟར་ལུགས་མཐུན་གྱིས་བེད་སྤྱོད་པའི་འོས་འགན་ཡོད།
རྩྭ་ས་འགན་གཙང་ལེན་བྱེད་པའི་དུས་ཡུན་ནང་། བུ་མོ་གནས་འགྲོ་མ་དང་བཟའ་ཟླ་ཐོར་བའམ་ཤི་བའི་བུད་མེད་ཀྱིས་མུ་མཐུད་དུ་རྩྭ་ས་འགན་གཙང་ལེན་བྱས་ཆོག་གམ།
རྩྭ་ས་འགན་གཙང་ལེན་བྱེད་པའི་དུས་ཡུན་ནང་། བུད་མེད་གཉེན་བསྒྲིགས་རྗེས། སྡོད་གནས་གསར་བ་རུ་འགན་གཙང་ལེན་བྱ་ཡུལ་ས་ཞིང་མ་ཐོབ་ཚེ། འགན་གཙང་སྤྲོད་བྱེད་མཁན་གྱིས་དེས་གཉེན་མ་སྒྲིག་སྔོན་ལ་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་ལེན་མི་ཆོག བཟའ་ཟླ་ཐོར་བམའ་ཤི་བའི་བུད་མེད་དེ་སྔར་གྱི་སྡོད་གནས་སུ་འཚོ་སྡོད་བྱེད་པའམ་སྔར་གྱི་སྡོད་གནས་སུ་འཚོ་སྡོད་བྱེད་བཞིན་མེད་ཀྱང་སྡོད་གནས་གསར་བ་རུ་འགན་གཙང་ལེན་བྱ་ཡུལ་ས་ཞིང་ཐོབ་མེད་ཚེ། འགན་གཙང་སྤྲོད་བྱེད་མཁན་གྱིས་དེས་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་ལེན་མི་ཆོག
རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་སྟངས་གང་དག་ཡོད། གནད་དོན་གང་དག་ལ་ཡིད་འཇོག་བྱེད་དགོས།
རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་སྟངས་ལ་འགན་ལེན་གཞན་སྤྲོད་དང་བོགས་མར་གཏོང་བ། བརྗེ་སྤོར། བཤུག་སྤྲོད་གཏོང་བའམ་བྱེད་སྟངས་གཞན་པ་སྤྱད་ནས་བརྒྱུད་སྤྲོད་བྱེད་པ་བཅས་ཡོད། བཤུག་སྤྲོད་བཏང་ནས་བརྒྱུད་སྤྲོད་བྱེད་པར་འགན་གཙང་སྤྲོད་བྱེད་མཁན་ལ་འཐད་པ་བྱུང་དགོས་པ་དང་། བོགས་མར་གཏོང་བ་དང་བརྗེ་སྤོར་བྱེད་པ། བཤུག་སྤྲོད་གཏོང་བའམ་བྱེད་སྟངས་གཞན་པ་སྤྱད་ནས་བརྒྱུད་སྤྲོད་བྱེད་པར་འགན་གཙང་སྤྲོད་བྱེད་མཁན་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱེད་དགོས། རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་པའི་ཕྱོགས་གཉིས་ཀྱི་དོ་བདག་པས་ཡིག་ཐོག་གི་གན་རྒྱ་འཇོག་དགོས་ཤིང་། གན་རྒྱའི་ནང་དོན་ལ་ཕྱོགས་གཉིས་ཀའི་མིང་དང་སྡོད་གནས། བརྒྱུད་སྤྲོད་བྱེད་པའི་རྩྭ་སའི་ས་མཚམས་དང་རྒྱ་ཁྱོན། གདང་རིམ། བརྒྱུད་སྤྲོད་བྱེད་པའི་དུས་བཅད་དང་འགོ་རྩོམ་པ་དང་མཇུག་བསྡུ་བའི་ཟླ་ཚེས། བརྒྱུད་སྤྲོད་བྱེད་པའི་སྤྱོད་ཡུལ། ཕྱོགས་གཉིས་ཀའི་དབང་ཆ་དང་འོས་འགན། བརྒྱུད་སྤྲོད་བྱེད་པའི་རིན་གོང་དང་གཏོང་སྤྲོད་བྱེད་སྟངས། ཁ་ཆིངས་དང་འགལ་བའི་འགན་འཁྲི་སོགས་འདུས་ཡོད།
རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བཤུག་སྤྲོད་བྱེད་པར་ཡིད་འཇོག་བྱེད་དགོས་ས་ཅི་ཞིག་ཡོད།
རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་སྟངས་རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བཤུག་སྤྲོད་བྱེད་པར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན་ལ། རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བཤུག་སྤྲོད་བྱེད་པར་གཤམ་གྱི་དོན་ཚན་འགའ་ལ་ཡིད་འཇོག་བྱེད་དགོས་ཏེ། གཅིག རང་འཐད་ཡིན་པ་དང་སྐྱིན་ཚབ་ཡོད་པའི་རྩ་དོན་ལྟར་ཁྲིམས་ལྟར་བཤུག་སྤྲོད་བྱེད་དགོས། གཉིས། བཤུག་སྤྲོད་དང་ལེན་བྱེད་མཁན་ལ་ཕྱུགས་ལས་ཐོན་སྐྱེད་གཉེར་བའི་ནུས་པ་ཡོད་པ་མ་ཟད། རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན། འགན་གཙང་ལེན་གན་རྒྱ་ལས་ཁ་ཆིངས་བཞག་པའི་སྤྱོད་ཡུལ་ལྟར་ལུགས་མཐུན་གྱིས་རྩྭ་ས་བེད་སྤྱོད་པའི་འོས་འགན་སྒྲུབ་དགོས། གསུམ། བཤུག་སྤྲོད་བྱེད་སྐབས་འགན་གཙང་ལེན་བྱེད་མཁན་ལ་འཐད་པ་འབྱུང་དགོས། བཞི། བཤུག་སྤྲོད་བྱེད་པའི་དུས་བཅད་དེ་སྔོན་གྱི་འགན་གཙང་ལེན་གན་རྒྱ་ལས་གཏན་ལ་ཕབ་པའི་ལྷག་འཕྲོའི་དུས་བཅད་ལས་བརྒལ་མི་རུང་།