འབའ་ཐང་རྫོང་རྡོ་གཞུང་ཤང་གི་འགྱུར་ལྡོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-10




      དཀར་མཛེས་ཁུལ་རྡོ་གཞུང་ཤང་ལ་སྔར་དང་མི་འདྲ་བར་འཕོ་འགྱུར་ཆེན་པོ་བྱུང་འདུགདཔེར་ན་སྔོན་མར་བགྲོད་སའི་ལམ་རྒྱ་ཆུང་ལ་ས་རྡུལ་ཆེ་བ། དེང་སང་ཡིན་ན་ཨར་འདམ་གྱི་ལམ་ཡིན་པར་མ་ཟད། ལམ་རྒྱ་ཆེ་ལ་ལམ་ངོས་སྙོམས་པ།ས་རྡུལ་སོགས་མེད་པའི་ཐོག་སྔོན་མར་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁང་ཚང་མ་ལས་ཚར་ནས་མི་དམངས་ཀྱི་གཞིས་ཁྱིམ་གསར་པ་ནས་དགའ་བའི་འཛུམ་དང་སྐྱིད་པའི་སེམས་ཀྱིས་འཚོ་བ་རོལ་བཞིན་འདུག
       ཡུལ་མི་ཉི་མས་བཤད་རྒྱུར།  གནས་གསར་པར་སྤོས་ནས་འགྲོ་འདུག་ཧ་ཅང་བདེ་མོར་གྱུར་སོང་།  སྔར་སྨན་བཅོས་ས་དང་བུ་ཕྲུག་སློབ་གྲྭར་འགྲོ་ས་སྟབས་མི་བདེ་པ།  རྫོང་དང་ཐག་རིང་པོ་ཡིན་པ། ད་ལྟ་རྫོང་དང་བར་ཐག་སྤྱི་ལེ་༥ལས་མེད་ལ་འཚོ་བ་ཧ་ཅང་སྟབས་བདེ་མོ་རེད་ཅེས་བཤད།  ཡུལ་མི་ཉི་མ་ནི་མེ་འགོག་རུ་ཁག་གི་ཁོངས་མི་ཡིན་ལ།  ལོ་རེར་ལ་སྒོར་ཁྲི་གཅིག་དང་ལྔ་བརྒྱའི་གླ་ཕོགས་ཡོད་པ་མ་ཟད་ད་དུང་དམའ་སྲུང་རོགས་དངུལ་དང་བཅས་རོགས་རམ་གང་མང་ནས་ལོ་རེར་ཡོང་སྒོ་ཁྲི་༥ལྷག་ཟིན་འདུག་ཅེས་བཤད།
     རྒྱུས་ལོན་པ་ལྟར་ན། ཤང་འདིར་གྲོང་པ་གསུམ་གནས་སྤོས་ནས་ཡོང་ཡོད་དེ། ལྕང་རྫིང་གྲོང་དང་རྒྱ་ཤོད་གྲོང་།  བར་ཞུགས་གྲོང་གསུམ་གྱི་དུད་ཚང་༡༡༩དང་མི་གྲངས་༥༩༥།  དབུལ་ཕོངས་དུད་ཚང་༤༤བཅས་གནས་འདིར་སྤོས་ཡོད་ཅིང་།  དེའི་ནང་ས་འགུལ་གྱི་གནོད་འཚེ་ཐེབས་ཏེ་ཡུལ་མི་གནས་སྤོས་ཁྱིམ་ཚང་དོན་ལྔ་ཡོད་པ་དང་། དེ་མིན་གཞན་རྣམས་ནི་ཐོན་ལས་གོང་སྤེལ་གཏོང་དཀའ་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། འཐུང་ཆུ་དཀའ་བ་སོགས་ཀྱི་ས་ཁུལ་ནས་གནས་སྤོས་བ་ཤ་སྟག་རེད་འདུག
        རྡོ་གཞོང་ཤང་གི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དཀའ་ཁག་ཐག་གིས་གཅོད་ཆེད།འབའ་ཐང་རྫོང་གིས་ཞིང་ཆེན་ནས་བཏོན་པའི་བོད་ཁུལ་གྱི་དམངས་འཚོའི་བཟོ་འགོད་ཆེན་པོ་བརྒྱད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཧྲང་ལིའུ་ཆུས་ནས་ཁ་གཏད་རོགས་སྐྱོར་བྱས་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྡོ་གཞོང་ཤང་གི་མང་ཚོགས་ཁྱིམ་ཚང་བརྒྱ་དང་བཅུ་དགུ་ལ་ཡུལ་མི་གནས་སྤོའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ༢༠༡༦་ལོའི་ལོ་མགོར།ཡུལ་མི་གནས་སྤོའི་བཟོ་སྐྲུན་གྱི་ཨར་ལས་དངོས་སུ་འགོ་བརྩམས་པ་རེད། 
    དེ་མིན་རྒྱ་ཤོད་གྲོང་གི་ཧྲུའུ་ཅི་དང་པོ་ཡོང་ཡོན་གྱིས་བཤད་རྒྱུར། དཀའ་ཁག་ཆེ་བའི་མང་ཚོགས་དེ་དག་གནས་འདིར་དངོས་སུ་སྤོར་ཐུབ་ཉིན་ནས་བཟུང་། ཁོ་ཚོའི་འཚོ་བའི་ཆ་རྐྱེན་སྔར་བས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་སོང་ཡོད་པ་དང་གསར་དུ་སྤོར་ས་འདིར་འཐུང་ཆུ་དང་གློག ཐ་ན་སྤྱོད་ཁང་དང་བཅས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་པས་ཁོ་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1