ཞི་ཅིན་ཕིང་ནས་སྡེ་ཁུལ་འདིའི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྐུར་གནང་བ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-13
ཞི་ཅིན་ཕིང་གིས་ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྐུར་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱེད་པ་དང་བློ་གཅིག་སེམས་གཅིག་དང་བརྩེ་བ་ལྡན་པའི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་པའི་སྐུལ་ལྕག་གནང་བ།
སྤྱི་ཟླ་4ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྐུར་གནང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་ལས་དོན་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་སླར་ཡང་གདེང་འཇོག་གནང་སྟེ་ཁོང་རྣམ་པར་ལྷག་བསམ་དག་པའི་འཚམས་འདྲི་གནང་བ་མ་ཟད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་ཆེད་ཁོང་རྣམ་པས་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་ཡོད་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ང་རང་ཝུའུ་ཧན་ནས་ཕྱིར་ལོག་རྗེས་ཐོག་མཐའ་བར་གསུམ་དུ་ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་སེམས་སུ་བཅངས་བཞིན་ཡོད། མིག་སྔར་ཁྱེད་ཚོའི་སྡེ་ཁུལ་ཚུད་པའི་ཝུའུ་ཧན་གྱི་སྡེ་ཁུལ་ཁག་གི་འཚོ་བ་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་བྱུང་བར་ང་རང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས། སྔར་བྱུང་མྱོང་མེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་ལས་དོན་པ་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ནང་ཞུགས་མཁན་ཕྱོགས་ཁག་གི་མི་སྣས་མཉམ་དུ་ཉེན་ཁར་མི་སྐྲག་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ། ལྷག་པར་དུ་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་དང་སྔོན་ལ་གདོང་མཆོང་བཅས་བྱས་ཏེ་མཉམ་འགོག་མཉམ་འཛིན་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད། དེའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་རླབས་ཆེན་སྟོབས་ཤུགས་གང་ལེགས་མངོན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ད་ཆ་ཝུའུ་ཧན་དུ་ཝུའུ་ཧན་དང་ཧུའུ་པེ་ནས་ཁ་བྲལ་རྒྱུའི་བགྲོད་ལམ་དོ་དམ་ཚོད་འཛིན་བྱ་ཐབས་མེད་པ་བཟོས་ཡོད། འོན་ཀྱང་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སྡེ་ཁུལ་ནི་སྔར་བཞིན་ཕྱི་ནས་ནད་ཡམས་འགོས་ཡོང་བ་བཀག་འགོག་དང་ནང་དུ་ནད་ཡམས་བསྐྱར་ལོག་བྱེད་པ་འགོག་པའི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཡིན་ཞིང་། འགག་རྩ་ནི་དུས་བབ་གསར་པའི་འོག་སྔོན་འགོག་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཐུག་ཡོད། ཁྱེད་ཚོས་རྒྱུན་མཐུད་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱེད་པ། བློ་གཅིག་སེམས་གཅིག་དང་བརྩེ་བ་ལྡན་པའི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
སྡེ་ཁུལ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མ་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ཡོངས་ཀྱི་སྡེ་ཁུལ་གྱི་ལས་དོན་པ་ས་ཡ་བཞི་ལྷག་ཙམ་གྱིས་འཐབ་ས་མདུན་མ་སྲུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དྲུག་འབུམ་ལྔ་ཁྲི་ཙམ་གྱིས་རིམས་ནད་ལྟ་ཞིབ་ཚད་ལེན་དང་། འགྲོ་འོང་དོ་དམ། དྲིལ་བསྒྲགས་སློབ་གསོ། ཁོར་ཡུག་བཅོས་སྒྲིག དཀའ་ངལ་རོགས་སྐྱོར་སོགས་ཀྱི་ལས་དོན་སྤེལ་ནས། རིམས་ནད་འགོ་ཁྱབ་འགྲོ་རྒྱུ་བཀག་འགོག་དང་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་སྡེ་ཁུལ་གྱི་ལས་དོན་པར་གདེང་འཇོག་གནང་བ་མ་ཟད། ད་དུང་སྔ་རྗེས་སུ་པེ་ཅིང་གྲོང་ཁྱེར་ཨན་ཧྭ་ལི་སྡེ་ཁུལ་དང་ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་དུ་རྟོག་ཞིབ་དང་འཚམས་འདྲི་གནང་བར་ཕེབས་ཡོད། ཉེ་ཆར། ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྐུར་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་དང་། དེ་བཞིན་མུ་མཐུད་འཐབ་ས་བརྟན་སྲུང་དང་འགན་འཁྲི་ལག་བསྟར་ཡག་པོ་བྱ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྐུར་གནང་བ།