རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་ཆེས་གསར་བའི་རིམས་ནད་གནས་ཚུལ་དང་། དེ་མིན་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས་གྲོང་གསེབ་ཀྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་མཚམས་སྦྱོར་བྱས།
ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་དང་ང་གཉིས་ཡར་ཞུ་བྱས་པ་དང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་བརྒྱད་ཅུ་ཡར་ཞུ་བྱས་ཤིང་། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་གོ་དགུ་འཕར་སྣོན་བྱུང་བ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གོ་བདུན་ཡོད། ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ད་ཡོད་ནད་པ་བདུན་བརྒྱ་དང་གོ་དགུ་ལ་སླེབས་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་སོ་དྲུག་ཡོད་ལ། དོགས་ཡོད་ནད་པ་གྱ་གཉིས་ཡོད། བསྡོམས་པས་ནད་པ་བཞི་བརྒྱ་དང་གྱ་གཅིག་དྲག་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་ཀྱང་མེད།
རྒྱལ་ཁབ་རྒྱལ་གཅེས་འཕྲོད་བསྟེན་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ་བཞི་བ་ནི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་ཡིན་པ་དང་། དེའི་བརྗོད་དོན་གཙོ་བོ་ནི་རིམས་འགོག་བྱ་བ་དམ་འཛིན་བྱེད་པ་དང་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པ་དེ་ཡིན། ས་གནས་སོ་སོས་རྒྱལ་གཅེས་འཕྲོད་བསྟེན་ཆེད་དོན་འགུལ་སྐྱོད་རབ་དང་རིམ་པ་སྤེལ་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། སྤྱི་དམངས་ཡོངས་ལ་འཕྲོད་བསྟེན་བདེ་ཐང་གི་འཚོ་བའི་གོམས་སྲོལ་ཆགས་པར་སྣེ་ཁྲིད་བྱས། །