སི་ཁྲོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-15
སི་ཁྲོན་ཉིན་རེའི་ཚགས་པར་ནས་བྱུང་བའི་གཏམ་གསར། རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་ཧུར་ཐག་བཟོ་ཆེད། ཉེ་ཆར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་འཛུགས་པའི་ཐག་གཅོད་བྱས་ཤིང་། དེ་སྔོན་གྱི་སི་ཁྲོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང་མེད་པར་བཟོས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེན་ཆིང་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་རྣམ་གཉིས་སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པ་རེད།
སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་གཙོ་བོ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་གྱི་དམིགས་འབེན་དང་སྲིད་ཇུས་གལ་ཆེན། འཆར་འགོད། འཆར་གཞི་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་ཞིབ་འཇུག་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་ཐག་གཅོད་བྱ་རྒྱུ། གྲོང་ཁྱེར་དང་ཁུལ་ཁག་དང་། དེ་བཞིན་ཞིང་ཆེན་ཐད་གཏོགས་སྡེ་ཚན་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྒྲུབ་པར་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་དང་ནང་སྲོལ་བཅོས་བསྒྱུར་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་རྒྱུ། བཅོས་བསྒྱུར་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་ཐག་གཅོད་བྱ་རྒྱུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གཞན་དག་བསྒྲུབ་རྒྱུ་བཅས་སོ།།
ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་འོག་ལ་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། སྦགས་བཙོག་འགོག་བཅོས། ཞིང་ལས་ཞིང་སྡེའི་སྦགས་བཙོག་འགོག་བཅོས་བཅས་ཆེད་དོན་ལས་དོན་ཨུ་ལྷན4བཙུགས་ཡོད་པ་དང་། ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཏུ་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་རེད།
ལྗང་མདོག་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་བ་དང་། བར་སྟོང་གི་བཀོད་པ་ལེགས་འགྱུར་དང་། ཐོན་ལས་ཆགས་ཚུལ་ལེགས་སྒྲིག ཐོན་ནུས་རྗེས་ལུས་འདོར་བ། ཐོན་ཁུངས་ནུས་ཁུངས་བསྲི་ཚགས། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད། ནུས་ཁུངས་གཙང་མས་ཚབ་བྱེད་པ། འབྱུང་འཕྲོད་འཚོ་བ་དར་སྤེལ་གཏོང་བ། འཛད་སྤྱོད་ལྷད་མེད་བྱ་རྒྱུར་སྐུལ་འདེད་གཏོང་བ། བཙོག་འབུད་ཉུང་བའི་འགྲོ་འོང་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་མ་མཐའི་དམར་ཐིག་ནན་སྲུང་དང་། སི་ཁྲོན་ཡོངས་ལ་ལྗང་འགྱུར་གཞི་ཁྱོན་ཆེན་པོ་བྱ་རྒྱུ། རང་བྱུང་སྲུང་སྐྱོང་ས་ཆ་འཛུགས་སྐྲུན་དང་དོ་དམ་བྱེད་པ་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་པ་བཅས་ཀྱི་ལས་དོན་རྣམས་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ།
སྦགས་བཙོག་འགོག་བཅོས་ཨུ་ཡོན་ལྷན་ཁང་གིས་རླུང་ཁམས་ཆེན་པོ་དང་ཆུ། ས། དངོས་རོ་སྲ་མོ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཐད་ཀྱི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུའི་འགན་འཁུར་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཞིང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་རྒྱུན་མཐུད་ནས་ཡོང་བར་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་ས་ཁུལ་གཙོ་བོ་བགོ་བ་དང་། མཉམ་འགོག་མཉམ་འཛིན། གནམ་གཤིས་ལ་སྦགས་བཙོག་ཚབས་ཆེན་ཐེབས་པར་ཁ་གཏད་འཇལ་བ། བཟོ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་། གྲོང་ཁྱེར་དོ་དམ་ཞིབ་ཕྲ་ཅན། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆགས་ཚུལ་ལེགས་བཅོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ལག་ལེན་གཏོང་བ་དང་། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་ལེན་བསྟར་བ། སྦགས་བཙོག་ཚབས་ཆེན་ཐེབས་པའི་ཆུ་ལ་བཅོས་སྐྱོང་བྱ་རྒྱུ་དང་། ཆུ་སྤུས་ཡག་པོ་ལ་སྲུང་སྐྱོང་བྱེད་པ། བཙོག་ཆུ་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན། ཆུའི་ཐོན་ཁུངས་བསྲི་ཚགས་དང་བེད་སྤྱོད། གྲོང་ཁྱེར་གྱི་ཆུ་རུལ་བཅོས་སྐྱོང་། འཐུང་ཆུའི་ཆུ་ཁུངས་ཀྱི་ཁོར་ཡུག་གནད་དོན་དག་ཐེར་བཅོས་སྐྱོང་། ས་འོག་གི་ཆུའི་སྦགས་བཙོག་འགོག་བཅོས་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། རྨོད་ཞིང་གི་ཁོར་ཡུག་རིགས་བགོས་ནས་དོ་དམ་བྱེད་པ་དང་། རྨོད་ཞིང་སྦགས་བཙོག་ཚབས་ཆེན་ཐེབས་པར་དོ་དམ་ཚོད་འཛིན་བྱེད་པ། སའི་ཁོར་ཡུག་བཅོས་སྐྱོང་སྲུང་སྐྱོང་གི་ཨར་ལས་གལ་ཆེན། ས་སྦགས་བཙོག་ཐེབས་པ་བཅོས་སྐྱོང་དང་ཉམས་གསོ། གད་སྙིགས་རིགས་བགོས་གཙང་སེལ། དངོས་རོ་སྲ་མོའི་སྦགས་བཙོག་འགོག་བཅོས། དངོས་རོ་ཉེན་ཁ་ཡོད་པ་གཙང་སེལ་བྱེད་པའི་ནུས་པ་འཛུགས་སྐྱོང་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ།
ཞིང་ལས་ཞིང་སྡེའི་སྦགས་བཙོག་འགོག་བཅོས་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་དང་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུའི་འགན་འཁུར་བ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་། ཕྱུགས་བྱ་གསོ་སྤེལ་ལས་བྱུང་བའི་སྦགས་བཙོག་བཅོས་སྐྱོང་། ཞིང་སྡེའི་གད་སྙིགས་སྐྱེལ་འདྲེན་གཙང་སེལ། ཞིང་ལས་ཐོན་སྐྱེད་གཙང་སྦྲ་ཅན་དང་ཐོན་ལས་བྱེད་སྟངས་འབྱུང་འཕྲོད་ཅན། སོག་མ་ཕྱོགས་འདུས་བེད་སྤྱོད། ཕྱུགས་བྱའི་སྐྱག་པའི་སྦགས་བཙོག་ཐོན་ཁུངས་རང་བཞིན་གྱི་བེད་སྤྱོད། ཆུ་ཐོན་གསོ་སྤེལ་ལས་བྱུང་བའི་སྦགས་བཙོག་བཅོས་སྐྱོང་། ལུད་རྫས་དང་ཞིང་སྨན་ཚོད་འཛིན་ནན་པོ་དང་བཏབ་ཚད་ཇེ་ཉུང་དུ་གཏོང་བ་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་པ་རེད།