ཁྱིམ་ཚང་དང་སློབ་གྲྭའི་བར་འབྲེལ་བ་དམ་ཟབ་དང་རླངས་འཁོར་ལ་སྡོད་སྐབས་ཞིབ་དཔྱད་ཚད་ལེན་ནན་པོ་བྱེད།
དར་མདོ་གྲོང་ཁྱེར་མི་རིགས་སློབ་འབྲིང་གིས་སློབ་མ་ཚོ་བདེ་ཐང་ཉེན་མེད་ངང་སློབ་གྲྭར་ལོག་ཆེད། ཞིབ་ཚགས་དང་ནུས་ལྡན་གྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པ་རེད། ཟླ་བ་གཡང་འཛོམས་ཀྱི་ཨ་ཕས་གསར་འགོད་པར་ང་ཚོས་སློབ་གྲྭའི་རེ་བ་ལྟར། ཁྱིམ་དུ་དུས་ལྟར་ཕྲུ་གུའི་ལུས་དྲོད་ལྟ་དཔྱད་བྱས་ནས་ཚད་མཐུན་ཡོང་རྗེས་ད་གཟོད་ཕྲུ་གུ་སློབ་གྲྭར་བསྐྱལ་བར་མ་ཟད། ཕྲུ་གུར་ལག་པ་གཙང་འཁྲུད་དང་། དུག་སེལ་བྱ་རྒྱུ། མི་སྒེར་གྱི་འཕྲོད་བསྟེན་གཅེས་སྐྱོང་བྱ་དགོས་པ་སོགས་ཀྱི་ཐད་ལྟ་སྐུལ་བྱས་ཤིང་། སྒོ་ཕྱིར་མ་འབུད་སྔོན་དུ་ཕྲུ་གུར་ཡང་དག་པའི་སྒོས་ཁ་ཤུབས་གྱོན་ཚུལ་ཁྲིད་སྟོན་བྱས་རྗེས་སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་དུ་འུར་ཐུག་ན་མ་གཏོགས་མི་སྡོད་པ་དང་། གལ་སྲིད་སྒེར་གྱི་རླངས་འཁོར་གྱིས་ཕྲུ་གུ་སློབ་གྲྭར་སྐྱེལ་ཐབས་མེད་ནས་སྤྱི་སྤྱོད་རླངས་འཁོར་དུ་སྡོད་དགོས་བྱུང་ན་ལམ་བར་དུ་ཐེངས་གཅིག་རང་བཞིན་གྱི་ལག་ཤུབས་གྱོན་དགོས་པ་རེད་ཅེས་ཁྲིད་སྟོན་བྱས་པ་ཡིན་ཞེས་བཤད་པ་རེད།
ཁྱིམ་བདག་གིས་གཞོགས་འདེགས་ཧུར་ཐག་བྱས་འོག་སློབ་གྲྭའི་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་བདེ་བླགས་ངང་འགྲུབ་ཐུབ་པ་རེད། སྤྱི་ཟླ4པའི་ཚེས12ཉིན་གྱི་ཞོགས་པའི་ཆུ་ཚོད9པར་དར་མདོ་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་སློབ་གྲྭའི་སྒོ་ཁར་སློབ་མ་ཚོས་མ་སྐུལ་དང་བླངས་དང་གོ་རིམ་ལྡན་པའི་སྒོས་བར་ཐག་སྲུང་འཛིན་བྱས་པར་མ་ཟད། ཁ་ཁུ་སིམ་པོའི་ངང་རུ་སྟར་བསྒྲིགས་ཏེ་ལུས་པོའི་དྲོད་ཚད་ལྟ་དཔྱད་བྱེད་མཁན་གྱི་དགེ་རྒན་ལ་དྲོད་ཚད་ཡག་པོ་འཇལ་བར་གཞོགས་འདེགས་བྱས་ནས་ཚད་མཐུན་བྱུང་རྗེས། དེ་ནས་སློབ་རིམ་སོ་སོའི་འཛིན་གྲྭའི་གཙོ་འགན་འཁུར་མཁན་དགེ་རྒན་གྱིས་སློབ་གྲྭའི་སྒོ་ཆེན་ནས་བདེ་སྲུང་མི་སྣ་དང་མཉམ་དུ་སློབ་མ་ཚོར་རུ་སྟར་བསྒྲིགས་བཅུག་ནས་ཕན་ཚུན་བར་ཐག་སྨི་རེར་བྱས་ནས་སློབ་གྲྭ་འགྲོ་བར་ཁྲིད་སྟོན་བྱས་པ་དང་། ལོ་རིམ་གསུམ་པའི་སློབ་མ་དག་དུས་ཚོད་དང་འཛིན་གྲྭ་ཁག་བགོས་ནས་སློབ་གྲྭར་ཕྱིན་པ་རེད།
དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་སློབ་ཆུང་གི་སློབ་གཙོ་གཞོན་པ་ཏུའུ་སུང་གིས་ངོ་སྤྲོད་བྱས་དོན། ལུགས་རྙིང་ལོ་སར་ནས་བཟུང་ སློབ་གྲྭ་དེས་སློབ་གྲྭའི་ཁོར་ཡུག་གི་དུག་སེལ་ལས་ཀ་ཉིན་རེར་ཐེངས་རེ་བྱས་པ་དང་། དགེ་སློབ་ཚོའི་གར་འགྲོ་གང་སྡོད་དང་བདེ་ཐང་གི་གནས་ཚུལ་རྒྱུས་ལོན་བྱས་པ་དང་ཆབས་ཅིག མཁོ་བསྟུན་མྱུར་སེལ་གྱི་གྲ་གཤོམ་ཇུས་གཞི་ཞིབ་ཕྲ་གཏན་འབེབས་བྱས་ཡོད། དེའི་ནང་ཡིག་ཚགས་གཉིས་དང་ལམ་ལུགས་དགུ་ཡི་ལས་ཀ་དོན་འཁྱོལ་བྱ་རྒྱུ་འདུས་པ་རེད། སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཡོངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་གསོ་སྦྱོང་བྱས་པར་མ་ཟད། སློབ་མགོ་བསྐྱར་འཛུགས་ཀྱི་དངོས་སྦྱོང་ཧྲིལ་པོ་བྱས་ནས་འཕྱུགས་པ་གཏན་ནས་མེད་པ་བྱས་པ་ཡིན། ཁོས་སློབ་མགོ་བཙུགས་རྗེས་ང་ཚོས་སློབ་གྲྭའི་སློབ་མ་ཡོངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁོ་ཚོར་བདེ་ཐང་འཕྲོད་བསྟེན་གྱི་འགོག་སྲུང་གོམས་འདྲིས་གསོ་སྐྱོང་བྱ་རྒྱུ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ་བྱས་ནས་ཁོ་ཚོར་རིམས་འགོག་བྱེད་རིང་དུ་ཐོན་པའི་དཔེར་མཚོན་མི་སྣའི་གཏམ་རྒྱུད་སྒྲོག་འགྲེལ་དང་རླབས་ཆེན་གྱི་མེས་རྒྱལ་དང་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
བརྒྱད་ཟིལ་རྫོང་གི་མཐོ་རིམ་སློབ་འབྲིང་དུ་སློབ་གྲྭའི་མགོ་གཙོ་གཞོན་པས་རེས་སྡོད་དགེ་རྒན་ཁྲིད་དེ་སྔ་མོ་ནས་རང་ཉིད་ཀྱི་ལས་གནས་སུ་བསླེབས་འདུག ལུས་པོའི་དྲོད་ཚད་ལྟ་དཔྱད་བྱེད་མཁན་དགེ་རྒན་སྔ་སྣུར་དུ་ལས་གནས་སུ་སླེབས་ནས་སློབ་མ་རེ་རེ་བཞིན་དུ་ལུས་པོའི་དྲོལ་ཚད་འཇལ་བར་མ་ཟད་སློབ་མ་ཁྲིད་ནས་འཛིན་གྲྭར་ཕྱིན་པ་རེད། གལ་སྲིད་དྲོད་ཚད་འཇལ་རིང་དུ་སློབ་མའི་ལུས་པོ་དྲོད་ཚད37.3℃དང་དེའི་ཡན་ལ་སླེབས་པ་དང་། གློ་ལུ་བ། བྲང་གཟེར་བ་སོགས་ཀྱི་གནས་ཚུལ་ཡོད་ན་དེ་མ་ཐག་ཡང་དུ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དང་། དྲོད་ཚད་སྔར་བཞིན37.3℃ལས་བརྒལ་མཁན་ཡོད་ན་མཁོ་བསྟུན་ཟུར་བཀར་བར་བཅད་བྱེད་སར་ཁྲིད་དགོད་པར་མ་ཟད། འཛིན་གྲྭའི་གཙོ་འགན་འཁུར་མཁན་དགེ་རྒན་དང་འབྲེལ་བ་བྱ་རྒྱུ་དང་དུས་ཐོག་ཏུ་ཁྱིམ་བདག་ལ་ཤེས་སུ་འཇུག་རྗེས། ཁྱིམ་བདག་ལ་སློབ་གྲྭའི་སྒོ་ཆེན་དུ་སློབ་མ་བསུ་ས་འོང་དགོས་པའི་དྲན་སྐུལ་བྱེད་པ་དང་ཆབས་ཅིག སློབ་མ་དེར་ལག་པ་དང་ལྷམ་སོགས་ལ་དུག་སེལ་ལས་ཀ་ཡག་པོ་བསྒྲུབ་དགོས། ཁྱིམ་བདག་སློབ་གྲྭར་སླེབས་སྐབས་སློབ་གྲྭའི་ནང་དུ་ཡོང་བར་ནན་འགོག་བྱེད་པ་དང་། ལས་རེས་མགོ་ཁྲིད་ཀྱིས་རྒྱང་ཐག་སྨི་རེར་སྲུང་འཛིན་བྱས་ནས་ཁྱིམ་བདག་གི་ལག་ཏུ་སྤྲད་དགོས། སློབ་མ་སློབ་གྲྭ་ནས་ཕྱིར་ཐོན་སྐབས་ཀྱི་ཟིན་ཐོ་ཡག་པོ་འགོད་དགོས་པ་དང་། སློབ་གྲྭའི་སྨན་པས་ཀྱང་རང་ཉིད་འགོག་སྲུང་ཡག་པོ་བྱས་ནས་མཆིལ་ཟེགས་ནད་ཡམས་མཆེད་པ་དང་ཐུག་རེག་བྱས་ནས་ནད་ཡམས་འགོས་པར་སྔོན་འགོག་བྱ་རྒྱུ། འབྲེལ་ཡོད་དངོས་རྫས་ལ་དུག་སེལ་དང་མེད་པ་བཟོ་རྒྱུ་སོགས་བྱ་དགོས་པ་རེད།
སློབ་གསོའི་སྡེ་ཁག་གིས་ཞིབ་ཕྲའི་སྒོས་སློབ་མགོ་ཚུགས་པའི་ལས་དོན་ཡག་པོ་སྤེལ།
ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཡུང་ཧའེ་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རང་ཁུལ་གྱི་ས་གནས་ཁག་གི་སློབ་གྲྭས་སློབ་མགོ་མ་ཚུགས་གོང་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་གི་ཡིག་ཆ་རབ་དང་རིམ་པའི་བླང་བྱ་ལྟར། བཅུ་དོན་འཁྱོལ་ཡོང་བར་བྱ་དགོས་པ་སྟེ། རིམས་ནད་བྱེད་ཐབས་གནད་ལ་འཁེལ་བ་དང་མཉམ་འགུལ་ལམ་སྲོལ་གནད་ལ་འཁེལ་བ། མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱ་རྒྱུ་གནད་ལ་འཁེལ་བ། དགེ་སློབ་གསེད་བཤེར་གནད་ལ་འཁེལ་བ། དགེ་རྒན་བཀོད་སྒྲིག་གནད་ལ་འཁེལ་བ། སློབ་ཁྲིད་སྤྱོད་དེབ་གནད་ལ་འཁེལ་བ། དངོས་ཟོག་གྲབས་གསོག་གནད་ལ་འཁེལ་བ། མི་སྣ་གསོ་སྦྱོང་གནད་ལ་འཁེལ་བ། འཕྲོད་བསྟེན་བཅོས་སྒྲིག་གནད་ལ་འཁེལ་བ། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྒྱབ་སྐྱོར་གནད་ལ་འཁེལ་བ་བཅས་བྱས་ཏེ་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་བརྟན་དུ་བཏང་ནས་རིམས་ནད་སློབ་གྲྭ་ནང་འཇུག་རྒྱུར་འགོག་ཟོན་མཐའ་གཅིག་ཏུ་བྱས་པ་རེད། ད་དུང་གཙོ་གནད་ལྔ་ལ་དམ་པོར་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་པས་མ་ཚད་ཁྱབ་རྒྱུ་སྔོན་འགོག་ནན་པོ་དང་ཐོལ་བྱུང་ལ་སྔོན་འགོག་ནན་པོ་བཅས་བྱས་ནས་དགེ་སློབ་ཡོངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་ཉེན་མེད་ལ་འགན་ལེན་བྱེད་པ་དང་སློབ་གསོའི་ཁོངས་གཏོགས་ཀྱི་ཉེན་མེད་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
དར་མདོ་སློབ་འབྲིང་དུ་འཚོགས་པའི་ཁྱིམ་བདག་བརྙན་ལམ་ཐོག་སློབ་གྲྭ་དེའི་འགན་འཁུར་བས་སློབ་གསོ་པུའུ་ཡིས་བཀོད་སྒྲིག་བྱས་པའི་འབྲེལ་ཡོད་ནང་དོན་ང་ཚོས་གྲ་སྒྲིག་བྱས་ཟིན། ང་ཚོས་ཞིབ་ཚགས་ཀྱི་སྒོ་ནས་སློབ་གྲྭར་བསྐྱར་ཞུགས་ཀྱི་འཆར་གཞི་ཡག་པོ་བཟོ་བ་དང་གྲ་སྒྲིག་གང་ལེགས་བྱས་ཚེ་གཞི་ནས་ཕྲུ་གུ་ཚོ་དང་དགེ་རྒན་ཚོར་ཉེན་མེད་བློ་བདེའི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་ཁོར་ཡུག་ཡག་པོ་ཞིག་ཆགས་ཐུབ་ཅིང་། ང་ཚོས་བླང་བྱ་ལྟར་འབྲེལ་ཡོད་ལས་དོན་མུ་མཐུད་ནས་ཡག་པོ་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ཁྱིམ་བདག་དང་། སློབ་མ། དགེ་རྒན་སོགས་བློ་བདེ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
སློབ་གྲྭའི་འགོག་སྲུང་ལ་འགན་ལེན་ཡོད་ཅིང་སློབ་གྲྭར་བསྐྱར་ཞུགས་ཐུབ་པར་སྤྲོ་བས་ཁེངས།
སློབ་གྲྭར་བསྐྱར་ཞུགས་བྱས་རྗེས་རྒྱུན་གཏན་དང་ཅུང་མི་འདྲ་བའི་རྣམ་པ་ཞིག་ཏུ་ཆགས་ཡོད་ཅིང་། སློབ་ཁང་དུ་དེ་སྔོན་ལྟ་བུའི་གླེང་མོལ་དང་ཁ་བརྡ་ཉུང་ལ། ལུས་རྩལ་ཐང་དུ་ཕན་ཚུན་རྗེས་སྙེགས་བྱེད་པའི་རྩེད་འཇོར་བྱེད་པའང་ཉུང་དུ་ཕྱིན་འདུག་པས་མང་ཆེ་བ་ཞི་མཐུན་དང་ལྷིང་འཇགས་ཀྱི་སློབ་སྦྱོང་གི་ཁོར་ཡུག་ཅིག་ལ་ཆགས་ཡོད་པ་རེད།
ལི་ཐང་རྫོང་དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་ཁང་དུ་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་དགེ་རྒན་གྱིས་ཁྲིད་བཞིན་པའི་རིམས་འགོག་ཤེས་བྱའི་སྐོར་ཉན་པ་དང་འབྲེལ་ཟིན་ཐོ་འགོད་བཞིན་ཡོད་པས་མ་ཚད་སློབ་གྲྭར་ཕྱིར་ལོག་རྗེས་ཁོ་ཚོར་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད།
གསེར་ཐར་རྫོང་གྲོང་ཁུལ་སློབ་ཆུང་གི་སློབ་མ་འཇམ་དབྱངས་མཚོ་མོས་ནད་ཡམས་ཀྱི་རྐྱེན་པས་དགུན་དུས་ཀྱི་གུང་གསེང་དེ་སྔ་ལས་རིང་བར་མ་ཟད་དྲྭ་ཐོག་སློབ་ཁྲིད་ཀྱང་ཐེངས་དང་པོར་ཉན་པ་ཡིན། ད་ཐེངས་རིམས་ནད་ཀྱི་རྐྱེན་པས་དགེ་སློབ་ཚང་མས་ཁ་ཤུབས་གྱོན་དགོས་ཤིང་སྔོན་ཆད་ནང་བཞིན་ལུས་རྩལ་ཐང་དུ་དགའ་སྤྲོའི་ངང་རྩེད་འཇོར་བྱེད་མི་འོས་ཀྱང་ང་ཚོས་སློབ་གྲྭར་ཕྱིར་ལོག་འདོད་པའི་སེམས་ཤུགས་དེ་འགོག་ཐབས་མི་འདུག ང་ཚོ་ལ་མཚོན་ན་སློབ་གྲྭའི་འཚོ་བ་ནི་ཆེས་བརྗེད་ཐབས་བྲལ་བ་ཞིག་ཡིན་ལ་དགེ་སློབ་མཉམ་པོར་སློབ་སྦྱོང་བྱ་རྒྱུ་ནི་དེ་བས་ཀྱང་བརྗེད་ཐབས་བྲལ་བ་ཞིག་ཡིན་ཏེ་རིམས་ནད་མགྱོགས་པོ་མཇུག་འགྲིལ་རྒྱུའི་རེ་བ་ཡོད་ཅེས་བཤད།
དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་གི་སློབ་སྟོན་ཀྲུའུ་རེན་དབྱང་ཧྥང་ཞ་ཡིས་རིམས་ནད་ཐོན་སྐབས་ངེད་སློབ་གྲྭའི་འཛིན་གྲྭ་ཁག་གི་འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭ་ཚན་པར་བྱས་ནས་སློབ་མའི་བདེ་ཐང་ཡིག་ཚགས་རྗེས་འདེད་ཞིབ་དཔྱད་རེའུ་མིག་བཟོས་ཏེ་སློབ་མའི་བདེ་ཐང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད། སྤྱི་ཟླ3པའི་ཚེས9ཉིན་ནས་བཟུང་། ང་ཚོའི་སློབ་གྲྭའི་དགེ་རྒན་གྱིས་སློབ་གྲྭ་ཡོངས་ཀྱི་སློབ་མ་དྲྭ་ཐོག་ཏུ་སློབ་ཁྲིད་བྱེད་བཅུག་པ་ཡིན། དགེ་རྒན་ཚོས་སློབ་ཚན་ཁྲིད་པ་ནས་སློབ་ཚན་རྗེས་ཀྱི་ཟུར་ཁྲིད་དང་དེ་ནས་མཆན་འགོད་དག་བཅོས་ཀྱི་ལས་བྱར་བྲེལ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
ཞོགས་པའི་ཆུ་ཚོད8དང་སྐར་མ50ཙམ་ལ་ཁུ་སིམ་མེར་གནས་པའི་རོང་བྲག་རྫོང་ཡུལ་གྲོང་ཁག་གི་སློབ་གྲྭ་རྣམས་ཀྱང་ཚོགས་མགོ་ཚུགས་ཤིང་། རྫོང་དེའི་ཡུལ་གྲོང་ཁག་གི་ལོ་རིམ་བཞི་པ་དང་ལྔ་པ། དྲུག་པ་བཅས་ཀྱི་སློབ་མ་ཚོ་དགའ་སྤྲོའི་ངང་སློབ་གྲྭ་ཞུགས་པ་དང་ཁྱིམ་བདག་ཚོས་ཀྱང་རང་ཉིད་ཀྱིས་སློབ་ཁྲིད་བྱེད་མི་ཤེས་པའི་སློབ་ཚན་ཚང་མ་བསྐྱར་སྦྱོང་བྱ་རྒྱུའི་རེ་བ་བཏོན་པ་རེད།
ཕྱིར་སློབ་གྲྭར་ལོག་རྗེས། རྒྱུས་མངའ་ཡོད་པའི་སློབ་གྲོགས་ཚང་མས་ཁ་ཤུབས་རེ་བརྒྱབ་ཡོད་པར་མཐོང་དུས་ཁོ་ཚོའི་སེམས་སུ་དགོད་ཀྱང་ཤོར་ལ་སྤྲོ་ཡང་སྐྱེས། སློབ་གྲྭའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཚགས་འོག་སློབ་མ་ཚོས་བློ་བདེ་པོའི་ངང་སློབ་སྦྱོང་ནང་ཞུགས་ཡོད། ཕྱག་ཕྲེང་རྫོང་གྲོང་ཁུལ་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཝང་མིང་ཧན་གྱིས་བདེ་ཐང་གི་དཔང་ཡིག་གསུམ་སྤྲད་ནས་ཞིབ་དཔྱད་ཚད་ལེན་བྱས་རྗེས་ད་ཐེངས་ཀྱི་གུང་གསེང་དེ་སྔོན་མའི་གུང་གསེང་ལས་ཧ་ཅང་རིང་བྱུང་། རིམས་ནད་ཀྱི་རྐྱེན་པས་ང་ཚོར་དྲྭ་ཐོག་སློབ་ཚན་མང་དུ་ཕྱིན་མོད། འོན་ཀྱང་ཁྱིམ་དུ་སློབ་ཁྲིད་བྱས་པ་དེ་སློབ་གྲྭའི་ནང་གི་དགེ་སློབ་ཕན་ཚུན་དྲི་བ་དྲི་ལན་གྱི་སྒོ་ནས་སློབ་ཁྲིད་བྱས་པ་ལྟ་བུ་ཕན་པ་མི་འདུག་སྙམ། དེ་རིང་སློབ་གྲོགས་ཚོ་དང་ཐུག་འཕྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
སེར་ཤུལ་རྫོང་གི་སློབ་མ་ཚོས་དཔྱིད་ཀྱི་ཁ་བ་མཐུག་པོའི་ཁྲོད་ཡུན་རིང་རེ་སྒུག་བྱེད་པའི་སློབ་དུས་གསར་པ་བསུས་ཤིང་། འགྲུལ་ཆས་དུག་སེལ་དང་། ལུས་པོའི་དྲོད་ཚད་ལྟ་དཔྱད། ལུས་པོའི་དྲོད་ཚད་བསྐྱར་བཤེར། བདེ་ཐང་ལག་ཁྱེར་འདྲི་རྩད། མིང་ཐོ་འགོད་པ་སོགས་བྱས་པར་བརྒྱུད། ཕྲུ་གུ་ཚོ་གཞི་ནས་བསམ་འདུན་ལྟར་ཡུན་རིང་ཁ་བྲལ་བའི་སློབ་ཁང་དུ་འཛོམས་ཡོད་ཅིང་། རྫོང་རིམ་པའི་སྡེ་ཚན་ཁག་གིས་ཀྱང་སྔ་སྣུར་དུ་སློབ་ཞུགས་སླར་གསོའི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་ཕྲུ་གུ་ཚོ་ཉེན་མེད་ངང་སློབ་གྲྭར་ཕྱིར་ལོག་ཐུབ་པའི་འགན་ལེན་བྱས་པ་རེད།།