——ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་ངོ་བཅུ་འགོར་བའི་རྗེས་དྲན་སྙན་ངག
རྐ་ཕུག་བསོད་རྡོ།
བ་ཡན་ཧ་རི་ཡི་རྟ་རྒོད་ལ་སུ་ཞིག་གིས་འདྲོགས་ངར་བསླངས་ཏེ།
འདྲོགས་རྒྱུག་ཐེངས་གཅིག་གིས།
རྔོག་མ་ཡོམ་ཡོམ་བྱས་སོང་བ་ལྟར།
ང་ཡི་རིགས་རྒྱུད་དུ་མ་སྐར་ཆ་བདུན་ཕྲག་ཙམ་གྱི་དུས་ཡུན་ལ།
བསམ་དབང་དང་བཤད་དབང་ཙམ་ཡང་མེད་པར།
ལྷ་ཡུལ་ལྟ་བའི་སྐྱེ་རྒུ་མདོ་ཡི་སྣོད་བཅུད་ཞིང་ཁམས།
ཡོད་ཚད་དམྱལ་འཕྲང་ལ་ཅོ་འདྲི་བ་ཇི་བཞིན།
ཞིག་རོ་དང་བེམ་རོ་རུ་བརྫིས་ཏེ།
ང་ཡི་སྐུ་གསུང་ཐུགས་རྟེན་དང་རིགས་རྒྱུད་དུ་མ།
ཞིག་རོ་དང་ཞིག་རོའི་འོག་ཏུ་བཅུག་སྟེ།
བཅོམ་བཅག་སྐྱ་ཉིལ་དུ་བཏང་།
ད་དུང་རི་ཆུ་སྤང་གསུམ་དང་གཡའ་དག་པའི་ནམ་མཁའ་ལ།
བདུད་དཔུང་གང་ཞིག་གིས་སྤར་འདྲད་བྱས་སོང་བ་ལྟར།
རི་བོ་རྣམས་ཁ་ཤོ་རྣ་རལ་དུ་བཏང་ཞིང་།
ཆུ་མོ་རྣམས་གཡའ་ཆུ་དྲི་ཆུ་རུ་སྦགས་ལ།
ནམ་མཁའ་དང་ཉི་ཟླ་སྐར་གསུམ་ལའང་།
དྲི་ང་བ་ཕོག་ནས་སྐྱེ་རྒུ་མདོ་ཤུལ་རལ་ལ་ལུས།
སྐབས་དེར། ང་རང་གྱི་ཐང་གྲོང་ན་གཉིད་དུ་ཡུར་ཞིང་།
རྨི་ལམ་ཞིམ་པོ་ཞིག་ལས་སད་འདོད་མེད་པར།
ད་དུང་མུ་མཐུད་ཞིམ་པོའི་གཏམ་རྒྱུད་ཀྱི་རྗེས་སྐྱོང་བར་རེ་སྨོན་བྱས།
དེ་ལོས་ཡིན་ཏེ།
སྐྱ་རེངས་བཀྱག་མ་ཐག་པའི་གཉིད་ནི་ཧ་ཅང་ཞིམ་པ་སུ་ལའང་འགྲེལ་མི་དགོས།
ངས་བསམ་ན། སྐབས་དེར་སྐྱེ་རྒུ་མདོ་ནའང་།
ཁོ་བོ་ལྟ་བུའི་གཏམ་རྒྱུད་གཅིག་འདྲ་རྨི་བཞིན་པའི།
རིགས་རྒྱུད་གང་མང་ཞིག་མངའ་བ་ཁ་ཚོན་གཅོད་ཕོད།
ཡིན་ན་ཡང་།
སྐབས་དེའི་ཡ་ང་བའི་སྐྱེ་རྒུ་མདོ་ཡི་སྐྱ་རེངས་དང་།
ཁོ་བོ་དང་གཏམ་རྒྱུད་གཅིག་འདྲ་རྨི་བཞིན་པའི་སྐྱེ་རྒུ་པ་ཚོ་ནི།
རྨི་ལམ་ནང་གི་སྤྲོ་གར་ལ་བག་ཡངས་བྱེད་ཁོམ་ག་ལ་ཡོད།
སྐྱ་རེངས་མདུན་ནས་མུན་པ་ལ་རང་དབང་མེད་པ་ཇི་བཞིན།
ས་ཆེན་གྱི་བརྡབ་གསིག་ཐེངས་གཅིག་གིས།
རྨི་ལམ་ནང་གི་སྤྲོ་གར་ལ་རོལ་བའི་རྫ་སྐྱེ་རྒུ་ཡི་གཙོ་འཁྲབ་པ་དང་གཙོ་འཁྲབ་མ་ཚོ།
རྨི་ལམ་དཀྲོགས་དབང་དང་མིག་ཟུང་འབྱེད་དབང་ཙམ་ཡང་མ་བྱིན་པར།
སྐྱེ་རྒུ་མདོ་ཡི་སྐྱ་རེངས་དང་སེམས་ཅན་མང་པོ།
སྐད་ཅིག་དེ་ཉིད་ལ་ཞིག་རོ་དང་ཤི་རོ་ཡི་དུར་ཁྲོད་ལྟ་བུར་བསྒྱུར་ཏེ།
ཡ་ང་བའི་སྐྱོ་གར་གཏམ་རྒྱུད་ངོ་མ་ཞིག་གི་འཁྲབ་གཞུང་དུ་གྲུབ།
ཉིན་དེའི་ཚེས་བཅུ་བཞི་ཉིན་ནས་བཟུང་།
སྐྱེ་རྒུ་མདོ་ཡི་ཡོམ་འགུལ་ལ།
ངས་ཕྱིར་དྲན་བྱ་མ་འདོད་པ་ནི།
སྐྱེ་རྒུ་པ་སྟེ། ང་ཡི་རིགས་རྒྱུད་ཚོ་མ་ཡིན་ཏེ།
ཧ་རི་རྟ་རྒོད་ལ་འདྲོགས་བསླངས་མཁན་ནམ།
ཡང་ན་རྫ་སྐྱེ་རྒུ་ཡི་ས་ཆེན་རྒྱལ་བོར་ཁོང་ཁྲོ་སློང་མཁན་གྱི་དམེ་བོའམ།
སྙིང་རྗེ་ཅི་ཡང་མེད་པའི་འབྱུང་བོ་རོ་ལངས་པ་གང་དེ་ཁོ་ན་ཡིན།
ས་ཆེན་རྟ་རྒོད་ཀྱིས་གང་འདོད་ཅི་འདོད་ལ་སྤྲུག་བརྡབས་བྱས་པ་དེ་ཁོ་ན་ཡིན།
རྫ་སྐྱེ་རྒུ།
དེ་རིང་ནི་ཏག་ཏག་ཁྱེད་རང་ཡུགས་ཕོ་ཡུགས་མོ་རུ་གྱུར་ནས།
ལོ་ངོ་བཅུ་འཁོར་རྗེས་ཀྱི་དུས་མཆོད་ཉིན་མོ་ཡིན།
ངས་འདི་ནས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་སྐྱབས་རྟེན་དུ་བཅོལ་ཏེ།
ངས་འདི་ནས་དགུ་གཏོར་གྱི་སྦྱིན་པ་ཡོད་ཚད་བསང་སྤྲིན་གྱི་རླུང་རྟ་ལ་བསྐྱོན་ཞིང་།
ངས་འདི་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་དར་ལྕོག་མཐོན་པོ་རི་ལ་བཙུགས་ཏེ།
བསྔོ་སྨོན་དང་མཆོད་བཤམས་བདུན་ཚར་བདུན་ཚར།
ཆོས་ལྡན་ཞིང་གི་སྤྱན་གསུམ་བླ་མ་དག་ལ་འབུལ་རྟེན་ཕུལ་ཡོད།
ལོ་ངོ་བཅུའི་རིང་གི་ཁྱེད་ཀྱི་སྐྱིད་སྡུག་གི་ལོ་ཟླ།
སྒྲ་གཟུགས་བརྙན་གསུམ་ལ་ཕབ་ཅིང་།
ཡིག་རིས་ཟིན་ཐོ་ལ་ཉར་ཏེ།
སྐྱིད་ཀྱི་གཏམ་རྒྱུད་སྤྲོ་གར་ལ་བརྩམས་ཤིང་།
སྡུག་གི་སྐྱོ་གཏམ་སྙན་ཚིག་ལ་སྟོར་གྱིན།
བརྗེད་ཐབས་བྲལ་བའི་ཁྱེད་ཀྱི་ལོ་ཟླ་ཚེས་གྲངས་རྨ་ཁ་ཅན་དེ།
ཡིད་ཀྱི་ཟབ་ས་དང་ལུས་ཀྱི་ཉེ་ས་གང་རུང་ནས་གླེང་བཞིན་དྲན་གྱིན་ཡོད།
དྲང་མོར་བརྗོད་ན། ཁྱེད་ཀྱི་གས་ཆག་གཙང་གསུམ་མགོ་ལ་ཤོར་ན།
ང་ཡི་སེར་ཁ་ཡ་ཆུང་སྙིང་ལ་ཐེབས་འདུག
ཁྱེད་ཀྱི་ཞིག་རོ་སྐྱེ་རྒུ་མདོ་ནས་སྤུངས་ན།
ང་ཡི་རྣམ་ཤེས་ལྷ་ལྡན་ཞིང་ལ་འཁོར་ཡོད།
རྫ་སྐྱེ་རྒུ།
དད་མོས་ཀྱི་དམུ་ཐག་འཐེན་སའི་སྨན་ལྗོངས།
མ་ཎི་ཡིག་དྲུག་གི་རྒྱབ་རི་བརྗིད་པས།
ཁྱེད་རང་སྔར་བཞིན་བརྟན་ཅིང་བརླིང་ཆོག
རྫ་སྐྱེ་རྒུ།
ཀྲུང་ཧྭ་འཛིན་མའི་གཟུགས་ཚབ་ཀྱི་ལུང་པ།
ང་དྲུག་མི་རིགས་ཀྱི་དཔུང་རྡང་བརྟན་པས།
ཁྱེད་རང་སྔོན་ལྟར་མཛེས་ཤིང་སྔར་བཞིན་སོས་ཆོག
རྫ་སྐྱེ་རྒུ།
ལོ་ངོ་བཅུའི་བསྐྱར་སྐྲུན་ཁྲོད།
ཁྱེད་ཀྱིས་འབད་བརྩོན་དང་ཀུན་གྱིས་དཀའ་སྡུག་མཉམ་སྤྱོད་ལས།
ཁྱེད་ཀྱི་རི་བོ་རྣམས་ལ་བོགས་ཐོན་ཞིང་།
ཁྱེད་ཀྱི་ཆུ་མོ་རྣམས་མདངས་རྒྱས།
ཁྱེད་ཀྱི་ནམ་མཁའ་ལ་གཡའ་དག་ཅིང་།
ཁྱེད་ཀྱི་ས་གཞི་ལ་རྡུལ་དག་ཡོད།
ཁྱེད་ཀྱི་སྟག་ཤར་ཚོར་ཁྱིམ་ཐབ་ཆུང་མ་ཡོད་ལ།
ཁྱེད་ཀྱི་སྨན་ཆུང་རྣམས་ལ་བུས་པ་ཆགས།
ཁྱེད་ཀྱི་སྤོ་བོ་དང་རྨོ་བོར་མ་ཎིའི་རྒྱབ་རི་ཡོད་ལ།
ཁྱེད་ཀྱི་བྱིས་པ་དང་ཕུ་ནུ་མིང་སྲིང་ལ་རང་དབང་གི་སློབ་ར་དང་ལས་རྐང་གི་གླིང་ག་ཡོད།
ཁྱེད་ཀྱི་རྟ་ནོར་ལུག་གསུམ་ཀྱི་འཚེར་སྐད་དང་འབའ་སྒྲ་སྔར་ལས་སྙན་ཞིང་།
ཁྱེད་ཀྱི་རི་ཆུ་ནགས་གསུམ་གྱི་ཁ་དོག་དང་ཡལ་འདབ་སྔར་ལས་ལྗང་།
འདི་ནི། དད་མོས་ཀྱི་སྟོབས་ཤུགས་ཡིན་ལ།
འདི་ནི། མཐུན་སྒྲིལ་གྱི་སྟོབས་ཤུགས་ཀྱང་ཡིན།
འདི་ནི་མཆོངས་བསྐྱོད་ཀྱི་གོམས་སྟབས་ཡིན་ལ།
འདི་ནི་གསར་བཏོད་ཀྱི་རིག་ལམ་ཡིན།
འདི་ནི་མཚོ་སྔོན་གསར་བའི་སྙིང་སྟོབས་ཡིན་ལ།
འདི་ནི་ཡུལ་ཤུལ་གསར་བའི་གྲུབ་འབྲས་དང་།
འཛམ་གླིང་མཐོ་སྒང་ན་འོད་དུ་འཚེར་བའི།
སྐྱེ་འགྲོ་རིགས་དྲུག་ཡོངས་ཀྱི་ངོ་མཚར་སྤྱི་གླིང་དེ་ཡིན།
རྫ་སྐྱེ་རྒུ།
ང་ཡི་ཡིད་འོང་གི་མཁར་གྲོང་གསར་བ།
༢༠༢༠ལོའི་སྤྱི་ཟླ༤པའི་ཚེས༡༠ཉིན་བཅོས།
གཏེར་ལེན་ཁ་རུ།