༄༅། །བཟོ་རིག་པ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25
བཟོ་རིག་པ་འཆད་པ་ནི། སྤྱིར་བཟོ་རིག་པ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་བཅས་གསུམ་དུ་དབྱེ་ཚུལ་འདུག་པ་ལྟར་ན་མིས་བཟོས་པའི་དངོས་པོ་ཡིན་ཕྱིན་ཆད་བཟོ་རིག་གི་ཁོངས་སུ་བསྡུ་ཆོག་པ་ཡིན་པས་རྩོལ་སྒྲུབ་ལས་བྱུང་བའི་དངོས་པོ་ལ་བཟོ་དང་དེ་བསྟན་པའི་གཞུང་ལུགས་ལ་བཟོ་རིག་པའོ། ། བོད་བཟོའི་ལུགས་འཆད་པ་ནི། ལོ་ངོ་བཞི་སྟོང་གོང་གི་ཆབ་མདོ་ཁ་རུབ་གནའ་ཤུལ་སོགས་ནས་ཐོན་པའི་རྫ་ཆས་དང་རུས་ཆས། རྡོ་ཆས། དེ་བཞིན་སྤྲེའུ་གདོང་གི་གཟུགས་སོགས་ནི་ལུས་བཟོའི་ཁོངས་དང་། གཅན་གཟན་གྱི་འཇིགས་པ་འཕྲད་པའི་ཚེ་རོགས་པ་འབོད་པའི་བརྡ་སྤྲོད་ཚུལ་སོགས་ནས་འགོ་བཙུགས་ཏེ་བྱུང་བའི་ཡ་རབས་གུས་ཞབས་ཀྱི་སྐད་ཆ་འཆད་སྟངས། ལ་གླུ་དང་ཨར་གཞས་སོགས་ནི་ངག་བཟོའི་ཁོངས། ཕ་སྤྲེལ་རྒན་གྱི་གཤིས་རྒྱུད་ལས་བྱུང་བའི་བྱམས་སྙིང་རྗེའི་ལམ་སྲོལ་ལས་བྱུང་བའི་གཞན་ལ་ཕན་སེམས་སྐྲུན་སྟངས། མ་བྲག་སྲིན་གྱི་གཤིས་རྒྱུད་ལས་བྱུང་བའི་ཁྲོ་བ་དང་གདུག་རྩུབ་ཀྱིས་གཞན་གནོད་བྱེད་ཚུལ། མི་དཔྱད་དང་རིན་པོ་ཆེ་བརྟག་ཚུལ་རྣམས་ཡིད་བཟོའི་ཁོངས་ཡིན་ནོ། ། ལུས་བཟོའི་ཁོངས་སུ་གཏོགས་པའི་སྐུ་གསུང་ཐུགས་རྟེན་འཆད་པ་ནི། ནང་ཆོས་ཀྱི་སྐུའི་བཟོ་རྩལ་ནི་རྒྱལ་པོ་སྲོང་བཙན་སྐབས་ནས་བྱུང་ཞིང་ལག་རྩལ་གྱི་བཅུད་ལེན་བྱས་ཏེ་བསྐྲུན་པའི་ལྷ་ལྡན་གཙུག་ལག་ཁང་དང་པོ་ཏ་ལ་སོགས་ཀྱི་བྲིས་འབུར་གྱི་སངས་རྒྱས་ཀྱི་སྐུ་འདྲ་རྣམས་ནི་སྐུའི་རྟེན་ཡིན། སློབ་དཔོན་ཐོན་མི་སམ་བྷོ་ཊས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་བསྒྱུར་བ་ནས་འགོ་བཙུགས་ཏེ་བོད་ཀྱི་བཀའ་བསྟན་རྣམས་ནི་གསུང་རྟེན་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཞེངས་པའི་བསམ་ཡས་ཀྱི་རྡོའི་མཆོད་རྟེན་དང་མཆོད་རྟེན་དཀར་ནག་སོགས་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་ཏེ། དྲན་པ་ཉེར་བཞག ཡང་དག་པར་སྤོང་བ། རྫུ་འཕྲུལ་གྱི་རྐང་པ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན་སོགས་མཆོད་རྟེན་གྱིས་མཚོན་པར་བྱེད་པས་ན་ཐུགས་ཀྱི་རྟེན་ཡིན་ནོ། ། དེར་བརྟེན་སྐུ་གསུང་ཐུགས་རྟེན་བཞུགས་ཏེ་ཕྱག་དང་མཆོད་པ་དབུལ་སའི་ཁང་པ་ལ་མཆོད་ཁང་དང་རྟེན་དེ་དག་མཇལ་བ་ལ་མཆོད་མཇལ་ཟེར་བ་ཡིན་པས་ཆོས་མཇལ་ཞེས་པའི་འབྲི་སྲོལ་དེ་ནོར་བ་ཡིན་ནོ། །