སྒོ་སྲུང་སྨན་པ་བློ་བཟང་བརྩོན་འགྲུས།
སྐལ་བཟང་ཚེ་བརྟན་དང་ཚེ་རིང་སྒྲོན་གྱིས་བྲིས་ཤིང་པར་མཁོ་འདོན་བྱས།
ཨ་ཁུ་བློ་བཟང་བརྩོན་འགྲུས་ཉིན་ལྟར་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སྒོ་ཆེན་མདུན་གྱི་ལུས་དྲོད་འཇལ་ཆས་རྒྱུན་ལྡན་ཡིན་མིན་དང་། དུག་སེལ་ཆུ་སོགས་འདང་མིན་ལ་སེམས་ཁྲལ་བྱས། ཁོང་གིས་གྲྭ་པ་དང་དད་ལྡན་མང་ཚོགས་ཀྱི་ལུས་དྲོད་འཇལ་དུས། ཀུན་གྱི་བདེ་ཐང་གི་ཆེད་དུ་ཁ་རས་འབྲལ་མེད་དུ་གྱོན་པ་དང་། འགྲོ་འདུག་མ་མང་ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད་བཞིན་ཡོད།
ཨ་ཁུ་བློ་བཟང་བརྩོན་འགྲུས་ཀྱིས་རྔ་བ་ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་དུ་ལོ་ངོ་ཉེར་གཅིག་གི་རིང་ལ་སྨན་པའི་བྱ་བ་གཉེར་ཞིང་། ཁོང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་བརྩོན་འགྲུས། ཞི་དུལ་བག་ཡོད་ཀྱི་སྤྱོད་པས་མི་མང་པོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་བཞིན་ཡོད།
ད་ལོའི་ཏོག་གསར་གློ་ཚད་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་སྤང་ལ་མེ་ཤོར་བ་ལྟར་མཆེད་དུས། ཨ་ཁུ་བློ་བཟང་བརྩོན་འགྲུས་ཀྱིས་སྐུད་པ་ཡར་འཁེལ་གྱིས་རང་ཉིད་ཀྱི་རྐང་པའི་རྨ་ཁ་སྣང་མེད་དུ་བཞག་ནས་དགོན་པའི་སྒོ་ཆེན་སྲུང་བའི་ལས་རེས་སུ་མཚན་ཐོ་བཀོད།
ཁོང་གིས་མཚན་ཐོ་བཀོད་པ་ནས་བཟུང་ཉིན་གཅིག་ཀྱང་ཆད་མ་མྱོང་། ལས་རེས་པ་གཞན་དག་གིས་སྔོན་ཆད་སྒོ་ཆེན་གྱི་མདུན་དུ་རྒྱལ་ཆེན་བཞི་མ་གཏོགས་མེད་ཀྱང་། ད་ལྟ་འཁར་བ་ལ་བརྟེན་པའི་སྨན་པ་ལུང་ལུང་ཟེར་བ་ཞིག་ཡོད་ཅེས་ཀུ་རེའི་ཚུལ་དུ་བཤད།
ཨ་ཁུ་བློ་བཟང་བརྩོན་འགྲུས་ཀྱིས་གསུང་རྒྱུར། རིམས་འགོག་ནི་མི་དམངས་ཀུན་གྱི་ཕྲག་ཏུ་བབ་པའི་འོས་འགན་གཟུར་མེད་ཅིག་ཡིན། རྒྱལ་ཁབ་དར་ན་དམངས་ཀྱི་འཚོ་བ་སྐྱིད་པ་དང་། རྒྱལ་ཁབ་རྒུད་ན་དམངས་ཀྱི་འཚོ་བ་སྡུག་པ་ནི་ཆོས་ཉིད་ཡིན་པས་ང་རང་སྨན་པ་ཞིག་ཡིན་པའི་ཆ་ནས། རང་གི་ནུས་པ་གང་ཡོད་ཀྱིས་རིམས་འགོག་ལས་དོན་ལ་སྲི་ཞུ་ཅུང་ཙམ་བསྒྲུབ་ཐུབ་ན་ཚོགས་བསགས་ཀྱང་རེད་སྙམ། གལ་ཏེ་ལས་བྱེད་པ་དང་གྲྭ་པ་ཕན་ཚུན་ཆར་པ་ཆུ་གྲོགས་དང་ཕྱར་བ་གྲུ་འདེགས་བྱས་ན་དགོན་པ་དང་རུ་སྡེའི་བདེ་འཇགས་སྲུང་སྐྱོང་བྱ་ཐུབ་པར་མ་ཟད་ནད་ཡམས་ལས་རྒྱལ་ཐུབ་ངེས་རེད། །