བློ་གྲོས་ཆེན་པོ་རྒུད་ན་ཡང་། ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-22



          ལྷ་སའི་བར་སྐོར་ཚོང་གྲོང་དུ་གནས་པའི་བོད་ལྗོངས་མཐོ་སྒང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ནང་དུ་འཛུལ་བ་ན། ཆེན་པོ་དེ་ཙམ་མེད་པའི་ལས་ཤག་ནང་དུ་བཞིན་ནས་འཛུམ་མདངས་འཕྱུར་བའི་གཞོན་ནུ་མ་སྒྲོལ་དཀར་དབང་པོ་སྐྱོན་ཅན་གྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་སྟེང་བསྡད་ནས་གློག་ཀླད་བཀོལ་སྤྱོད་བྱས་ཏེ་སྦྱང་ཤིང་ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭའི་འབྲེལ་ཡོད་དཔྱད་ཡིག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལག་པ་གཉིས་སྐྱོན་ཅན་དུ་གྱུར་བའི་ཕོ་གཞོན་ཉི་མ་དགྲ་འདུལ་གྱིས་སྨྱུ་གུ་ཁ་ཡིས་བཟུང་སྟེ་གློག་ཀླད་ཀྱི་སྟེང་དུ་ཀུང་སིའི་ནོར་དོན་གནས་ཚུལ་ལ་ཞིབ་རྩིས་རྒྱག་བཞིན་ཡོད་པ། རྐང་པ་ཐང་ཐང་མེད་པའི་གཡུ་སྒྲོན་གྱིས་ངོ་ཚ་སྨིན་པོས་ཚོང་ཤག་གསར་རྙིང་དག་ལ་ཁ་ཡ་བྱེད་བཞིན་ཡོད་པ་བཅས། ལས་གྲོགས་རྣམས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་པ་མཐོང་སྐབས། ཀུང་སིའི་འགན་འཁུར་བ་མཆོག་ལེགས་ཀྱི་བཞིན་ནས་བློ་བདེ་བག་ཕེགས་ཀྱི་ཉམས་ཤིག་མངོན། 
          ད་ལོ་དགུང་ལོ32ལ་སླེབས་པའི་མཆོག་ལེགས་དབང་པོ་སྐྱོན་ཅན་གྱི་འཁོར་སྟེགས་སྟེང་བཞུགས་ཏེ་ཕར་འགྲོ་ཚུར་འོང་དང་ཕྱག་ལས་གནང་གི་ཡོད། ཁོང་དུས་ཚོད་མང་ཆེ་བར་ལས་སྣོན་བཟོ་གྲྭར་བཞུགས་ཏེ་ཀུང་སིའི་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དང་། རིག་གནས་ཐོན་རྫས་ཞིབ་བཟོ་གསར་སྤེལ་གྱི་ལས་ཀར་སློབ་སྟོན་གནང་གི་ཡོད། 

          ལོ་བཅུ་གྲངས་རིང་གི་ལས་གཏོད་ཀྱི་འབད་འཐབ་བརྒྱུད་རྗེས། ད་ཆ་ཁོང་བློ་གདེང་གིས་ཕྱུག་ཅིང་། བབ་བརླིང་དང་ལྡན་པར་གྱུར་ཡོད་ལ། རང་ཉིད་ཀྱི་ཕྲག་པའི་ཐོག་གི་འགན་འཁྲི་ཡང་སྔར་ལས་ལྕི་རུ་ཕྱིན་པའི་ཚོར་སྣང་ཡོང་གི་ཡོད།  ད་ལྟ་ཁོང་གིས་བཙུགས་པའི་ཀུང་སི་དེར་ལས་མི་20ལྷག་ཙམ་ཡོད་པ་དང་། ལས་མི་མང་ཆེ་བ་དབང་པོ་སྐྱོན་ཅན་ཡིན། ད་བར་ཁོང་གིས་ལས་མི་རྣམས་ཀྱི་སྣེ་ཁྲིད་དེ་སྦྱང་ཤིང་ལྟེབ་རྩེག་ཅན་དང་། བོད་བཟོའི་མཛུབ་བཙུགས་ཀློག་འདོན་སྨྱུ་གུ  སྐྱུར་ཆུ་ཚུའུ་ཡི་སྣག་ཚ་སོགས་རིག་གནས་ཐོན་རྫས་གསར་པ་མང་དག་ཅིག་ཞིབ་བཟོ་གསར་སྤེལ་གནང་བ་མ་ཟད། ད་དུང་ཡིག་ཆས་ཆེད་ཚོང་ཁང་དང་། སྦྱང་ཤིང་ཡིག་གཟུགས་ཉམས་ལེན་འཛིན་གྲྭ། བོད་ཟས་ཟ་ཁང་སོགས་བཙུགས་ཡོད།

སྦྱང་ཤིང་ཡིག་གཟུགས་འཛིན་གྲྭའི་སློབ་མ་དང་ལྷན་དུ་བཞུགས་པ།
          མཆོག་ལེགས་ཀྱི་མི་ཚེའི་ལམ་བུ་ནི་ཇི་འདྲའི་ཀྱག་ཀྱོག་ཅིག་རེད་ཨང་། ཁོང་དགུང་ལོ་གཉིས་ལ་སོན་སྐབས་ཨ་ཕ་ཚེ་ལས་འདས། ཨ་མ་གཅིག་པུས་ཕྲུ་གུ་བརྒྱད་པོ་ངལ་བ་ཁྱད་བསད་ཀྱིས་བསྐྱངས། མཆོག་ལེགས2008ལོར་ཁྲུང་ཆིང་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་མོ་ཞིག་ཏུ་རྒྱུགས་འཕྲོད་དེ་ཁྱིམ་ཚང་དེའི་སློབ་ཆེན་སློབ་མ་ཉག་གཅིག་ཏུ་གྱུར། སློབ་ཆེན་ལོ་རིམ་དང་པོའི་སློབ་དུས་དང་པོ་མཇུག་འགྲིལ་རྗེས། ནང་མི་དང་ཡུན་རིང་ཁ་བྲལ་བའི་མཆོག་ལེགས་ལ་ཀླུང་མང་པོ་བརྒལ་ཏེ་ཕ་ཡུལ་དུ་ལོག ལམ་བར་དུ་ངལ་དུབ་ཆེ་ཡང་སེམས་ནང་སྤྲོ་བས་ཁེངས། འོན་ཀྱང་ཁྱིམ་གྱི་སྒོ་འཛུལ་རྗེས་མཆོག་ལེགས་ཀྱི་མིག་ལམ་དུ་གཅེན་གཅུང་ཚོ་མ་གཏོགས་ཨ་མ་ལགས་མཐོང་རྒྱུ་མེད།  སྐྱིད་མི་རྟག་རྩྭ་ཁའི་ཟིལ་པ་འདྲ་ཟེར་བ་ལྟར་མཆོག་ལེགས་སློབ་ཆེན་འགྲིམས་ནས་ཡུན་རིང་མ་སོང་བར་མ་ཡུམ་ལ་གློ་བུར་དུ་སྙུན་གཞི་ལྕི་པོ་ཞིག་ཕོག་སྟེ་འཇིག་རྟེན་ཕྱི་མར་གཤེགས། མཆོག་ལེགས་ཀྱི་སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་བའི་ཆེད། གཅེན་གཅུང་ཚོས་མ་ཡུམ་ཚེ་ལས་འདས་པའི་གནས་ཚུལ་སྦ་གསང་བྱས། གཏམ་ངན་དེ་ཐོས་རྗེས་མཆོག་ལེགས་དགའ་སྤྲོའི་རི་རྩེ་ནས་དེ་མ་ཉིད་དུ་སྡུག་བསྔལ་གྱི་གཅོང་རོང་ནང་ལྷུང་།  ཡང་གཏམ་དཔེའི་ནང་། སྐྱིད་པོར་ཉིས་བརྩེགས་མེད་པར་སྡུག་པོར་སུམ་བརྩེགས་ཡོད་ཅེས་པ་ལྟར། དྲིན་ཆེན་མ་ཡུམ་ཚེ་ལས་འདས་པའི་སྡུག་བསྔལ་ལས་ཐར་ཐུབ་མེད་པའི་མཆོག་ལེགས་ཆག་སྒོ་གཞན་ཞིག་གིས་སྒུག་ནས་བསྡད་ཡོད་པ་ནི་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་ཡིན།  ཁྱིམ་དུ་ལོག་ནས་ཉིན་12ཕྱིན་པའི་ཉིན་དེར་མཆོག་ལེགས་ལམ་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་རི་རྩེ་ནས་རྦབ་རྡོ་ཞིག་འདྲིལ་ཡོང་སྟེ་སྟབས་མ་ལེགས་པར་མཆོག་ལེགས་ཀྱི་སྐེད་པར་ཕོག 

          ལོ་ཕྱེད་ལྷག་ཙམ་སྨན་བཅོས་བྱས་རྗེས་མཆོག་ལེགས་ཀྱི་སྐེད་པའི་རྨ་ཁ་ག་ལེར་སོས། འོན་ཀྱང་དུས་དེ་ནས་བཟུང་སྐེད་པ་མན་ཆད་སྒུལ་རྒྱུ་མེད་པར་གྱུར་ནས་རྐུབ་སྟེགས་འཁོར་ལོ་ཅན་གྱི་ཐོག་མི་སྡོད་ཀ་མེད་དུ་གྱུར། ཕ་ཡུལ་གྱི་གྲོང་ཚོ་ཆུང་ཆུང་ནས་ཕྱིར་ཐོན་མ་ཐག་གི་སློབ་ཆེན་སློབ་མ་ཞིག་ནས་སློབ་མཚམས་བཞག་ནས་ཁྱིམ་དུ་ལུས་ཤིང་འཚོ་བ་རང་རྐྱ་མི་འཕེར་བའི་དབང་པོ་སྐྱོན་ཅན་ཞིག་གི་བར་དང་། ལག་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་ཞིང་སྣང་སྐྱིད་བག་ཡངས་ཀྱི་ཕོ་གཞོན་ཞིག་ནས་ཉིན་ལྟར་འཁོར་སྟེགས་ཐོག་དབུགས་རིང་ནར་ནར་དུ་འབྱིན་བའི་དབང་པོ་སྐྱོན་ཅན་ཞིག་གི་བར། དུས་ཐུང་ལོ་ཕྱེད་ཀྱི་རིང་མཆོག་ལེགས་ཀྱི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་། བརྒྱུད་རིམ་དེའི་ནང་། ཁོང་སེམས་ཤུགས་ཆག་ཅིང་བློ་སྟོབས་ཉམས་པ་མ་ཟད། རང་ལ་སེམས་ཁུར་བྱེད་མཁན་གྱི་ཁྱིམ་མི་ཚོར་ཡང་རླུང་གང་བྱུང་དུ་སྟོན་གྱི་ཡོད། འོན་ཀྱང་ཁྱིམ་མི་ཚོས་དེར་ཇི་མི་སྙམ་པར། དེ་རྗེས་ཀྱི་ལོ་གསུམ་གྱི་དུས་ཚོད་ནང་སྨན་པ་བསྟེན་ཆེད་མཆོག་ལེགས་གང་སར་ཁྲིད་པ་དང་། ལྟ་རྟོག་གང་ལེགས་བྱས། གཟུགས་པོ་དྲག་སྐྱེད་བྱུང་མེད་ཀྱང་ཁྱིམ་མིའི་རོགས་རམ་འོག་མཆོག་ལེགས་ཀྱི་སེམས་ཁམས་ལ་འགྱུར་ལྡོག་བྱུང་ནས་ག་ལེར་འཚོ་གསོན་གྱི་སེམས་ཤུགས་བསྐྱེད་པ་དང་། གཞན་ཡང་ཁྱིམ་དུ་ངལ་གསོ་རྒྱག་པའི་རིང་ཁོང་གིས་སེམས་ལ་སྐུལ་ལྕག་དང་ངར་ཤུགས་སྦྱིན་ཐུབ་པའི་དཔེ་དེབ་མང་པོ་ལྟ་ཀློག་བྱེད་འགོ་བརྩམས་པ་དང་། ད་དུང་རང་ཉིད་དགའ་པོ་ཡོད་པའི་གསར་གཏོད་གསར་སྐྲུན་རིགས་ཀྱི་ལེ་ཚན་མང་པོར་གཟིགས། 
          ཁྱིམ་མི་ཚོས་རང་གི་དོན་དུ་སྐུ་ལས་མང་པོ་བསྐྱོན་པ་མཐོང་དུས། མཆོག་ལེགས་སེམས་ཀྱིས་མི་བཟོད་པར་གྱུར་ནས། ད་ནས་བཟུང་རང་ཉིད་ཀྱིས་ཀྱང་ཁྱིམ་མི་ཚོའི་ཆེད་དུ་དོན་དག་འགའ་ཞིག་བསྒྲུབ་རྒྱུ་དང་རང་རྐྱ་འཕེར་བའི་མི་ཞིག་བྱེད་རྒྱུའི་སེམས་ཐག་བཅད་དེ་རང་གི་མི་ཚེའི་མདུན་ལམ་ལ་བསམ་བློ་གཏོང་འགོ་ཚུགས། 2012ལོའི་ལོ་གསར་གྱི་ཉིན་མོ་འཆར་ལ་ཉེ་བའི་ཉིན་ཞིག མཆོག་ལེགས་ཁྱིམ་མི་དང་མཉམ་དུ་ལོ་ཟོག་ཉོ་བར་འགྲོ་དུས་ཕྱེ་མར་གྱི་འབོ་རིན་གོང་མཐོ་དྲགས་ནས་མི་སེར་མང་པོས་ཉོ་མི་ཕོད་པ་མཐོང་། སྐབས་དེར་མཆོག་ལེགས་ལ་གལ་ཏེ་འཕྲུལ་ཆས་ལ་བརྟེན་ནས་འབོ་ཐོན་སྐྱེད་བྱ་ཐུབ་ན། འབོ་བཟོ་བའི་མ་གནས་དམའ་རུ་གཏོང་ཐུབ་པའི་འཆར་སྒོ་དེ་འདྲ་ཞིག་བྱུང་།
          ཕྱེ་མར་གྱི་འབོ་དེ་དག་ཁྲེན་ཀོན་ཆུས་གཙང་རལ་སྡེ་ཁུལ་ནས་བཟོས་པ་ཤེས་རྗེས། མཆོག་ལེགས་ཉིན་ལྟར་སྡེ་ཁུལ་དེར་ཡོད་པའི་འབོ་བཟོ་ཁང་དེར་ཕྱིན་ནས་དེ་གའི་ལག་ཤེས་པ་ཚོས་ཕྱེ་མར་འབོ་བཟོ་བར་བལྟས་ནས་སྡོད་ཀྱི་ཡོད།
          “ཁྱེད་ཉིན་ལྟར་འདི་གར་ཡོང་ནས་ཅི་བྱེད།”
          “ང་འབོ་བཟོ་སྟངས་སྦྱོང་འདོད་ཆེན་པོ་འདུག” ལག་ཤེས་པ་ཚོས་མཆོག་ལེགས་ཉིན་ལྟར་དེ་གར་ཡོང་བ་མཐོང་དུས་སེམས་ཀྱིས་མ་བཟོད་པར་ཁོང་ལ་འབོ་བཟོ་སྟངས་བསླབས་པ་རེད། དེ་ལྟར་ཁོང་གིས་དེ་གར་ཉིན15ཏག་ཏག་སློབ་སྦྱོང་བྱས་ནས་བཞུགས།
          འབོ་བཟོ་སྟངས་ཤེས་རྗེས། མཆོག་ལེགས་ཀྱིས་འཕྲུལ་ཆས་ལ་བརྟེན་ནས་ཕྱེ་མར་འབོ་བཟོ་རྒྱུའི་བསམ་ཚུལ་དེ་ཁྱིམ་མི་ཚོར་བཤད། འོན་ཀྱང་དེ་དུས་ཁོང་ལ་སྒོར་1700ལས་མེད་པ་དང་། སྒོར་ཁྲི7གྱི་ལས་གཏོད་མ་དངུལ་འདོན་རྒྱུ་ནི་ཉིན་མོའི་རྨི་ལམ་དུ་ཟད།  འགག་རྩའི་དུས་དེར་ཁྱིམ་མི་ཚོས་སླར་ཡང་ཁོང་ལ་རེ་བའི་འོད་སྣང་སྦྱིན་ཡོད།
          དེ་ལྟར། ཁྱིམ་མི་ཚོའི་རོགས་རམ་འོག་མཆོག་ལེགས་བྱ་གཞག་གསར་གཏོད་ཀྱི་ལམ་བུའི་སྟེང་དངོས་སུ་སྐྱོད་འགོ་ཚུགས་པ་དང་། ཡུན་རིང་ཡིད་ཁམས་སུ་འཁྲིགས་པའི་སེམས་སྡུག་གི་ན་བུན་དེ་ཡང་རིམ་བཞིན་ཡལ་ནས་རེ་བའི་འོད་སྣང་གིས་ཁེངས་པར་གྱུར། 
          2016ལོར། མཆོག་ལེགས་ཀྱིས་བོད་ལྗོངས་མཐོ་སྒང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་དང་། སྦྱང་ཤིང་དང་། སྦྱང་ཤིང་བླུགས་སའི་སྣམ་བུའི་ཁུག་མ། སྨྱུག་མའི་སྨྱུ་གུ་སོགས་ཐོན་རྫས་ཐོན་སྐྱེད་བྱས་པ་མ་ཟད། ཁོང་གིས་ད་དུང་སྦྱང་ཤིང་ཡིག་གཟུགས་འཛིན་གྲྭ་གཅིག་བཙུགས་ཏེ། ཕྲུ་གུ་ཚོར་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སྦྱོང་སྟངས་བསླབས་ཏེ་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་འཕེལ་བཏང་ཡོད། 
 
          མཆོག་ལེགས་ཀྱིས། ད་ལྟའི་བར་ང་ཚོའི་ཀུང་སིར་དབང་པོ་སྐྱོན་ཅན་20ལྷག་ཙམ་ཡོད། མ་འོངས་པར་ཆ་རྐྱེན་འཛོམས་ཚེ། ད་དུང་དབང་པོ་སྐྱོན་ཅན་ཁག་ཅིག་བསྡུ་རྒྱུ་ཡིན། ད་ལྟ་ང་ཚོའི་ཀུང་སིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལ་ཆེད་ཁེ་10རགས་ཡོད། ང་ཚོའི་དམིགས་འབེན་ནི་ལོ་ལྟར་ཆེད་ཁེ་ལྡན་པའི་ཐོན་རྫས་གཅིག་ཐོན་སྐྱེད་བྱས་ནས། བོད་ཀྱི་རིག་གནས་སྲུང་སྐྱོབ་ཡག་པོ་དང་བརྒྱུད་སྤེལ་ཡག་པོ་བྱ་རྒྱུ་དེ་ཡིན་ཞེས་གསུངས།  

          2014ལོར་མཆོག་ལེགས་ཀྱི་ཀུང་སིར་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱི་སྤྲད་གནང་བའི་དགེ་སེམས་ལྡན་པའི་ཁེ་ལས་ཞེས་པའི་མཚན་སྙན་ཐོབ་པ་དང་། 2015ལོར་ཁོང་མི་སྒེར་ལ་ལྷ་ས་གྲོང་ཁྱེར་གྱི་བརྙན་འཕྲིན་བྱ་གཞག་གསར་གཏོད་འགྲན་བསྡུར་ཆེ་མོའི་བྱ་དགའ་ཨང་དང་པོ་ཐོབ་པ། 2015ལོར་ཁོང་ལ་ད་དུང་ལྷ་ས་གྲོང་ཁྱེར་བྱ་གཞག་གསར་གཏོད་ཀྱི་མིག་དཔེ་བཟང་པོའི་གཟི་བརྗིད་མཚན་སྙན་ཐོབ་པ། 2018ལོར་ཀྲུང་གོའི་ཁྲོང་དབྱི་ཞེས་པའི་བྱ་གཞག་གསར་གཏོད་དང་གསར་སྐྲུན་གྱི་འགྲན་བསྡུར་ཆེ་མོའི་ཆེད་ལས་ཚོ་ཆུང་གི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
 
          བློ་གྲོས་ཆེན་པོ་རྒུད་ན་ཡང་། ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། དཀའ་སྡུག་ཁྱད་དུ་བསད་དེ་མི་ཚེའི་འཆིང་རྒྱ་ལས་གྲོལ་བའི་མཆོག་ལེགས་ཀྱིས་ད་ཆ་ཡིད་ཆེས་དང་བློ་སྟོབས་དེ་བས་ཆེ་བའི་སྒོ་ནས་བྱ་གཞག་གསར་གཏོད་གནང་བ་དང་། བརྩོན་པ་ཆེན་པོས་ཐོན་རྫས་གསར་གཏོད་དང་ཐོན་ལས་རྒྱ་སྐྱེད་ཀྱི་ལས་ལ་གཞོལ་བཞིན་ཡིད་ཅིང་། ཁོང་གི་ཀུང་སིའི་ནང་ལས་ཀ་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་གྱི་གཞོན་ནུ་ཕོ་མོ་མང་པོ་ཞིག་ཀྱང་སོ་སོའི་སེམས་ནང་ནས་འཕྲོ་བའི་འོད་སྣང་ལ་བརྟེན་ནས་རང་རང་གི་ཕུགས་འདུན་དོན་གཉེར་དང་། སྤྲོ་སྣང་དང་། ཡིད་ཆེས། འབད་འབུངས། གཅེས་སེམས་བཅས་ཀྱི་ཁྲོད་དུ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1