༄༅།།སྟོད་མངའ་རིས་བྱང་ཐང་ཁུལ་གྱི་འབྲོག་པའི་ལོ་གསར་གཏོང་ལུགས་སྐོར་གླེང་བ།

གུ་གེ་ཚེ་རིང་རྒྱལ་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-22



གུ་གེ་ཚེ་རིང་རྒྱལ་པོ།
          སྟོད་མངའ་རིས་ཁུལ་གྱི་མི་དམངས་ཚོས་ལོ་གཅིག་དུས་བཞིའི་ནང་དུས་ཆེན་སྣ་ཚོགས་གཏོང་གི་ཡོད་མོད་ཀྱང་ལོ་གསར་པ་འཆར་མ་ཁད་ཀྱི་དུས་སྟོན་ནི་གྲ་རྒྱས་ཤོས་དང་ཕུན་སུམ་ཚོགས་ཤོས་ཤིག་ལགས།  འདིར་བརྗོད་པར་བྱ་བ་ནི་སྟོད་མངའ་རིས་ཁུལ་གྱི་བྱང་ཐང་འབྲོག་པ་ཚོས་ལོ་གསར་ཇི་ལྟར་གཏོང་བ་དང་དེར་དམིགས་གསལ་གྱི་ཁྱད་ཆོས་ཅི་འདྲ་ཡོད་པའི་སྐོར་རགས་ཙམ་བརྗོད་རྒྱུ་ཡིན་པ་གཤམ་གསལ་ལྟར་ལགས།
          འབྲོག་པའི་ལོ་གསར་དེ་ནི་འབྲོག་ལས་ཐོན་སྐྱེད་ཀྱི་དུས་འབབ་དང་སེམས་ཅན་ཤ་ཤེད་ཀྱི་གནས་འབབ་ལ་བསྟུན་དགོས་པ་ནི་ནམ་དུས་སྐལ་པ་བཟང་བ།   ས་ཆུ་འཛོམས་པ།   རེའུ་དང་ལུ་གུ་སྐྱེས་མ་རན་པ།   དུས་ཁོམ་ཆེ་བའི་སྐབས་དང་འཁེལ་བར་བྱེད་དོ།   །དེ་ཡང་ལོ་གསར་གྱི་སྔོན་ལ་གྲོང་པ་སོ་སོའི་ཁ་ཕོར་སྣོད་ཆས་དང་ཐབ་ཆས་ཚང་མ་གཙང་མ་བཟོ་བ་མ་ཟད་སྐྱེས་པའི་ཡོག་ལས(འ་བ་བེད་སྤྱོད་བཏང་ནས་སྤུ་བལ་འཁེལ་བའི་ལས)ཡོག་འཕྲོ་དང་ཚེམ་བུ་ཚེམ་འཕྲོ།  པགས་པ་མཉེས་འཕྲོ་ཚང་མ་ལས་ཚར་བ་བྱེད་དགོས་ལ།  བུད་མེད་ཀྱི་ཐགས་བཏགས་འཕྲོ་དང་ཨུ་མུ་སུ་སླས་འཕྲོ་ཚང་མའང་མཇུག་སྒྲིལ་ཟིན་པ་བྱེད་དགོས།    ཐ་ན་རྩམ་པ་བཏགས་ཡས་རང་འཐག་ཀྱང་གཙང་མ་བཟོ་དགོས་ཏེ་ལྟེ་བར་ལྟེ་ཙབ་བརྒྱབ་པ་དང་ལྟེབ་ནང་གི་རྩམ་ཤུལ་དག་རྩམ་ཁུག་ནང་ལ་བླུག་པ།   ལོ་རྩམ་དང་ལོ་ཡོས་མ་ལྷག་པ་བྱེད་ཅིང་མདོར་ན་ལོ་དེའི་ནང་གི་ལས་ཀ་ཚང་མ་མཇུག་སྒྲིལ་དགོས། སྦྲ་གུར་ཕྱིའི་ཆོན་ཐག①དང་ནང་གི་རྒྱལ་ཐག②ཚང་མ་གསར་པ་བརྗེ་བ་དང་སྦྲ་གུར་གྱི་ཤར་ལྷོ་གཉིས་ཀྱི་གཞོགས་རེ་ནས་སྣམ་ཆ་རེ་བརྗེ་པོ་རྒྱག་དགོས་ཀྱི་ཡོད།   ལྷག་པར་དུ་སྦྲ་གུར་གྱི་རྒྱབ་མདུན(རྒྱབ་ནུབ་ལ་ཕྱོགས་པ་དང་མདུན་ཤར་ལ་ཕྱོགས་ཡོད་པ་དེའི་རྒྱུ་མཚན་ནི་བྱང་ཐང་ལ་ནུབ་ལྷག་ཧ་ཅང་ཆེ་ལ་ཤར་ལྷག་མཚམས་རེ་མ་གཏོགས་རྒྱག་གི་མེད)དུ་ཡོད་པའི་སྣམ་ཆ་དཀར་པོ་ཡུག་གཉིས③ལ་གད་བརྡར་དང་གཙང་སྦྲ་ལེགས་པོ་བྱེད་ཅིང་སྦྲ་གུར་ཕུ་ལ་འབྲང་རྒྱས(ཡུལ་ལྷ་མཚོན་བྱེད་ཀྱི་གཏོར་མ་ཞིག)དང་སྤགས་ལས་བཟོས་པའི་རྟ་གཡག་ར་ལུག་སོགས་བསྒྲིགས་གཤོམས་བྱེད། དེ་ནས་ཉི་ཤུ་དགུ་ལ་བུད་མེད་ཚང་མས་སྐྲ་འཁྲུ་བ་དང་དགུ་ཐུག་སྐོལ་དགོས། གནམ་གང་ལ་སྐྱེས་པ་ཚང་མས་སྐྲ་འཁྲུ་ཞིང་ཐུད་བརྫིས་པ། ཤ་བཙོས་པའི་ཁུ་བར་རྩམ་པ་བརྒྱབ་ནས་གཟན་གཡོས་ཤིང་དེ་རྡོག་རྡོག་བཟོས་ཏེ་སྡེར་མ་ཞིག་གི་སྒང་ལ་བཞག་སྟེ་དཀྱིལ་ཀོང་ཀོང་བཟོས་ནས་མར་ཁུ་རྡག་རྡག་གང་བླུགས་ནས་ཕྱི་ལ་ལུད་དུ་བཅུག་གི་ཡོད། དེ་འཁྱགས་ཚེ་ལག་པ་གཅིག་གིས་བཀྱག་ཐུབ་ཙམ་ཡོད།  དེ་ནས་བག་ལེབ་ཀྱང་མང་པོ་བཟོས་ཏེ་ཚང་མ་བརྩེགས་བརྒྱབ་ནས་བསྒྲིགས་རྗེས་སུ་ཅུ་གང་ཞེས་ས་དཀར་པོ་ཞིག་ཡོད་པ་དེས་རི་མོ་སྣ་ཚོགས་བྲིས་ཀྱི་ཡོད་དེ།  ཉི་ཟླ་དང་ནོར་བུ།   ཚྭ་ཚོང་ལ་འགྲོ་བ་ལྟ་བུ་དང་ལྷས་རྭའི་ནང་ལ་ལུག་ཕོན་ཆེན་ཉལ་བ་འདྲ་བ། གངས་རི་རིན་པོ་ཆེ་དང་མཚོ་མོ་མ་ཕམ།  དེའི་འོག་ལ་དཔེ་ཆ་དང་དེའི་འོག་ལ་ཤོན་མ་ཡིན་ཞེས་ཞབས་བྲོའི་ཕྱག་རྒྱ་བྱས་པའི་བུད་མེད་གནའ་ཆས་སྤྲས་པ་དག་བྲིས་ཤིང་རྒྱལ་ཐག་སྒང་ལ་དཀར་ཐིག་ཆེ་ཆུང་སྣ་ཚོགས་བྲིས་ནས་རྟེན་འབྲེལ་མཚོན་པར་བྱེད་ཀྱི་ཡོད་དོ།  །
བོད་ཟླ་བཅུ་གཅིག་པའི་ཉི་ཤུ་དགུའི་དགོང་མོ་དགུ་ཐུག་འཐུང་བ་དང་གླུད་དབྱུགས་པ་སོགས་ནང་ཚན་ཁག་གཉིས་ཙམ་ཡོད་དེ་དགུ་ཐུག་བཏུང་བའི་དགོང་མོ་མི་ཚང་སོ་སོའི་ནང་མི་ཐམས་ཅད་མཉམ་དུ་འཛོམས་ཐུབ་པ་བྱེད་དགོས།   དགུ་ཐུག་ཕོར་པ་དང་པོ་དེ་མ་འཐུང་གོང་ལ་སྦྲ་གུར་གྱི་ཕུ་ལ་མཆོད་སྒྲོན་བརྒྱབ་ཅིང་ཐུག་ཕུད་གང་ཕུའི་མཆོད་གཤོམ་གྱི་ལྕོག་རྩེའི་སྟེང་དུ་མཆོད་དོ།   །ཉི་ཤུ་དགུའི་དགུ་ཐུག་གི་སྒྲུབ་ཆ་གཙོ་བོ་བག་ཕྱེ་རིལ་རིལ་དང་ཕྱུ་ར།  གྲོ་མ།   གཡང་དཀར་ལུག་གི་བྲང་རྩིབ་ཤ་ཚིལ་འདྲེས་མ་དུམ་ཙམ་གཏུབ་པ།  ཨོ་རོའམ་མཇིང་པའི་ཤ་ནག་སྟི་ག་གཏུབ་པ།   ལུག་གི་ཁལ་ཚིལ་ཞུན་པོ་ཧྲུག་ཧྲུག་བཙབ་པ་བཅས་ཡིན་ལ།   དེའི་མཉམ་དུ་ཟས་སྣ་དགུ་དགོས་པ་ནི།   ལ་ཕུག་དང་ཉུང་མ།   འབྲས། གྲོ་མ།  ཚྭ།   བུ་རམ།  ཤ།  བག་ཕྱེ་བཅས་སྣེ་དགུའོ།    །ལྷག་དོན་དུ་བག་རིལ(གྲོ་ཞིབ་བརྫིས་ནས་དབྱིབས་རིལ་རིལ་བཟོས་པ)ལ་བཟོ་བལྟ་སྣ་ཚོགས་དང་དེའི་ནང་ལ་རྫས་ཆ་སྣ་ཚོགས་བཅུགས་ནས་བཟོ་གི་ཡོད་པར།    ཕྱིའི་དབྱིབས་སྣ་ཚོགས་ནས་གོ་དོན་སྣ་ཚོགས་མཚོན་པ་ནི།     ཆོས་ལུགས་དང་འབྲེལ་བ་ཡོད་པ་སྟེ་གཟུངས་འདུས④དབྱིབས་ཅན་གྲུ་བཞི་ནར་མོ། འབྲང་རྒྱས་དབྱིབས་ཅན།  སྟེང་ལྷ་ཡི་ལྷ་ཁང་དང་བར་བཙན་གྱི་བཙན་ཁང་། འོག་ཀླུ་ཡི་ཀླུ་ཁང་མཚོན་ཆེད་ཟུར་དྲུག་ལྡན་གྱི་ཁང་བཟང་དབྱིབས་ཅན།   རང་བྱུང་ཁམས་དང་འབྲེལ་བ་ཡོད་པ་ནི་ཉི་མའི་དབྱིབས་ཅན་སྒོར་སྒོར།   ཟླ་བའི་དབྱིབས་ལྡན་སྒོར་སྒོར་ཕྱེད་ཤག་ཅན། སྐར་མའི་དབྱིབས་ལྡན་ཟུར་མང་ཅན་ཡིན། དེ་དག་ཐོན་ན་བསོད་དེ་བསོད་ནམས་ཆེ་བའི་དོན།  རི་ཡི་དབྱིབས་ཅན་རྩེ་རྣོ་ལ་ཞབས་ཞེང་ཆེ་བ།   ཀླུང་གི་དབྱིབས་ཅན་ཟུར་སྣེ་གཉིས་སྦྱར་ཅིང་ཟུར་སྣེ་གཉིས་ཐེར་དུ་བཞག་པ། ཆུ་ཡི་དབྱིབས་ཅན་ཆུ་རིས་ཤིག་ཤིག་ཅན།   གོ་གནས་དབང་ཐང་དང་འབྲེལ་བ་ཡོད་པ་ནི་རྒྱལ་པོའི་ཕོ་བྲང་དབྱིབས་ཅན་གྲུ་བཞི་མཐུག་པོ་ཞིག   བླ་མའི་བཞུགས་ཁྲི་རྒྱབ་ལ་ཁྲི་འགྱོགས་ལྡན་པ།    ཡབ་ཀྱི་བཞུགས་ཁྲི་བཀྱག་གསུམ་ལྡན།   ཡུམ་གྱི་བཞུགས་ཁྲི་བཀྱག་གཉིས་ལྡན།   འཇིག་རྟེན་གྱི་འཚོ་བ་མཚོན་པ་སྟེ། ནར་མོ་གཅིག་ལ་རིལ་པོ་ཆུང་ཆུང་གཅིག་སྦྱར་བར་ཉ་ལུ(མངའ་རིས་སྐད་དེ་བྱི་ཕྲུག)རྒྱབ་ཁུར་གྱི་མཚོན་བརྟག(དེ་སུའི་ཕོར་པའི་ནང་ལ་འཛུལ་ཀྱང་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་ཡིན)གྲུ་བཞི་ནར་མོ་སྐེད་པ་སྐྱོག་ཙམ་བྱས་པར་མི་ལམ(ལས་ཀ་མི་བགྱིས་པ)སྐེད་སྐྱོག་ཞེས་ག་དུས་ཡིན་ཀྱང་སྐེད་པ་སྐྱོག་ཙམ་བྱས་ནས་གཉིད་ཉལ་བསྡད་པ་ལས་བརྩོན་འགྲུས་མེད་པའི་དོན།    ར་སུག་དབྱིབས་ཅན་ཞིག་བླུག་པ་དེ་བུད་མེད་ལ་ཐོན་ན་སུ་ཐུག་གན་རྐྱལ་ཞེས་འཆལ་མོའི་དོན། མི་ལུས་དབྱིབས་ཅན་མགོ་བོ་ཀྱོག་ཙམ་བྱས་པ་ཅིག་ཡོད་པར་གྲོང་པ་མགོ་མྱུལ་ཞེས་རང་གི་ནང་ལ་ལས་ཀ་བྱས་ནས་ཧྲ་ཏག་ཏག་བྱས་ཏེ་མ་བསྡད་པར་མི་སོ་ནང་ལ་ག་རེ་ཡོད་པ་བལྟ་བ་དང་སྐད་ཆ་སྟོང་པ་བཤད་ནས་ཉི་མ་སྐྱེལ་མཁན་གྱི་དོན།    དབྱིབས་ནོར་མོ་ལ་རྩེ་སྙུང་གུ་འདྲ་བ་ཞིག་བཟོ་གི་ཡོད་པ་ནི་ལྟོག་སླ་རྩེ་སྙུང་ཞེས་ལྟོག་སླ་ཚ་བོ་བྱས་ནས་མི་ཚང་གང་སར་འཛུལ་ཕྱིན་ནས་གཞན་ཟས་ལོངས་སྤྱོད་བྱེད་མཁན།    རང་འཐག་དབྱིབས་ཅན་སྒོར་སྒོར་ཞིག་ཡོད་པར་ཨོང་ཏོ་རང་འཐག་ཞེས་ལས་ཀར་ཨབ་ཡང་པོ་རྩ་བ་ནས་མེད་པར་བསྡད་ས་གཅིག་རང་ལ་བསྡད་བཞག་མཁན།    མིའི་ལག་པ་དབྱིབས་ཅན་ཞིག་བཟོས་པར་རྐུན་སྐྱེ་སྦར་ར་ཞེས་མི་ནོར་ལ་རྐུན་མ་རྒྱག་མཁན།  མིའི་ལྕེ་ལེབ་དབྱིབས་འདྲ་བ་ཞིག་ཡོད་པར་རྫུན་ཀྱུས་(རྫུན་བཤད)མ་ལྕེ་ལེབ་ཞེས་སྐད་ཆ་རྫུན་མ་ཤ་སྟག་བཤད་མཁན་དྲང་པོ་མིན་པ།   གྲུ་བཞི་སྒོར་མོ་ཞིག་ལ་ནུ་མའི་རྩེ་བཞི་འདྲ་བ་ཞིག་ཡོད་པར་འབྲི་མོ་ནུ་བཞི་ཞེས་འབྲི་ཚང་མར་བེའུ་གཏེར་ཅིང་དཀར་ཆུ་སྐྱ་རྒྱས་ཡོང་བའི་དོན།    གྲུ་བཞི་ཆུང་ཆུང་ཞིག་ལ་ནུ་མའི་རྩེ་འདྲ་བ་གཉིས་ཡོད་པར་གཡང་དཀར་ནུ་གཉིས་ཞེས་གཡང་དཀར་ལུག་ལ་ལུ་གུ་མང་པོ་བེད་གཏེར་བའི་དོན། ཨ་ལོང་དབྱིབས་ཅན་སྒོར་མོ་ཞིག་བཟོ་གི་ཡོད་པ་ནི་རྩིས་དང་འཆར་གཞི་ཨ་སྐོར་བ་ནང་བཞིན་འཁོར་པོ་ཞེ་དྲག་ཡོད་པའི་དོན།     ཕྱུག་པོའི་མཛོ་སྣ་ཞེས་ཟུར་གསུམ་གཅུས་རིལ་བརྒྱབ་པ་ཞིག་བཟོས་པ་ནི་རྒྱུ་དངོས་དར་ཞིང་རྒྱས་པའི་དོན་ཡིན་ལ་དེ་ནང་ལ་ནོར་བུ་དང་ཟས་སྣ་ཕུན་སུམ་ཚོགས་པོ་ཡོད་པའི་དོན།   དེ་ཚོ་བུད་མེད་ལ་ཐོབ་ན་ཡག་པོ་ཞེ་དྲག་ཡིན་པས་ཚང་མས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།
          གྲོ་ཞིབ་ནང་ལ་རྫས་ཆ་སྣ་ཚོགས་བླུག་ནས་གོ་དོན་འདྲ་མིན་སྣ་ཚོགས་མཚོན་པ་ནི།    བག་རིལ(གྲོ་ཞིབ་དབྱིབས་རིལ་མོ)གྱི་ནང་ལ་ཚྭ་བླུག་པ་ཅོང་ཏོ(མངའ་རིས་སྐད་དེ་རྐུབ་ལ་གོ)ཚྭ་ལས་ལྗི་བ་ཞེས་སྒྱིད་ལ་ངན་པའི་དོན། དར་ལྕོག་བླུག་པ་རླུང་རྟ་དར་བའི་དོན། ལུག་གི་བལ་བླུག་པ་ནི་མི་སྣ་རིང་པོ་གཤིས་ཀ་ཤིན་ཏུ་འཇམ་ཞིང་དལ་བ་ཁོག་ཡང་དཀྱེལ་ཆེ་བའི་དོན།  སྐུད་པ་གཅིག་ལ་མདུད་པ་དགུ་ཡོད་པ་བླུག་པ་ནི་ཕོ་རབ་བརྟག་མ་དགུ་དཀྲི་ཞེས་དཔའ་བློ་ཁོག་ཡོད་པའི་དོན། སྐུད་པ་ཕྲ་མོ་ཞིག་ལ་མདུད་སྣེ་ལྔ་ལྡན་བླུག་པ་ནི་ཕོ་འབྲིང་ལག་སྤྲོད་སྣེ་ལྔ་ཞེས་ཕོ་འབྲིང་པོ་ཞིག་མཚོན།   སྐུད་པ་འབོམ་ཙམ་ལ་མདུད་པ་གསུམ་བརྒྱབ་པ་ཞིག་བླུག་པ་ནི་ཕོ་མཐའ་མ་འགྱོད་པ་རྣམ་གསུམ་ཞེས་ལས་ཀ་ག་རེ་བྱས་ཀྱང་འགྱོད་པའི་དབུས་སུ་ཐིམ་ནས་བསྡད་མཁན་ཞིག་མཚོན།    སོལ་བ་བླུག་པ་དུག་སེམས་སོལ་བ་ལས་ནག་པར་བརྗོད།    སྐུད་པ་མདུད་པ་དགུ་བརྒྱབ་པ་བླུག་པ་ནི་ཕོ་རབ་རྟག་པ་དགུ་ཁྲི།   མདུད་པ་དྲུག་བརྒྱབ་པ་ནི་ཕོ་འབྲིང་རང་མགོ་རང་ཐོན།   མདུད་པ་གསུམ་བརྒྱབ་པ་ནི་ཕོ་མཐའ་མ་ལས་ལོའི་རྫོང་རྫོང་ཞེས་སོ། །བུ་རམ་བླུག་པ་ནི་གུར་རྫུས་ཞེས་ལས་ཀ་མི་ལས་པའི་དོན། རུས་པ་བླུག་པ་སེམས་པ་དུང་ལྟར་དཀར་བར་བརྗོད་ཅིང་ཁག་ཅིག་གི་རུས་མགོ་མཐོ་ཤོས་ཡིན་ཞེས་པའམ་ཡང་སྙིང་རུས་ཧ་ཅང་ཆེན་པོ་ཡོད་པ་ལའང་གོ  །ཤ་བཅུགས་པ་ནི་ཤ་ཕོའམ་ཤ་མོ་མང་པོ་ཡོད་ཅེས་དགའ་རོགས་མང་པོ་ཡོད་པར་གོ་ལ་དམར་དད་ཆེན་པོ་ཡོད་པ་ལའང་གོའོ། །ཚྭ་བླུག་པ་ནི་ཐབས་ཇུས་ལེགས་པའམ་མཁས་པའི་དོན། སུར་པན་བླུག་པ་ཁ་ཚ་པོའམ་ཁ་ཟན་པོ་སྟེ་བཙུམ་ཙམ་མ་བྱེད་པར་གཞན་ལ་སྐྱོན་འཛུགས་བྱེད་མཁན། རྩམ་པ་ཏོག་ཙམ་བླུག་གི་ཡོད་པ་ནི་དུག་དྲི་ཤིན་ཏུ་ཚ་པོ་ཡོད་པའི་དོན།  འབྲས་རྡོག་རྐང་ཅིག་བླུག་པ་ནི་བསོད་དེ་འབྲས་དཀར་སྤུང་སྤུང་ཞེས་སོ།  །ལྷམ་གཟུགས་ཅན་ཞིག་བླུག་པ་ནི་དཔལ་ལྷམ་གང་ཞེས་དཔའ་བློ་ཁོག་ཧ་ཅང་ཆེན་པོ་ཡོད་པའི་དོན།   སྐུད་པ་སྒོར་སྒོར་ཞིག་བླུག་པ་ནི་མི་དེ་རྒྱལ་ཁམས་སྐོར་ནས་གང་སར་སླེབས་ཀྱི་ཡོད་པའི་དོན། དེ་བུད་མེད་ལ་དོན་ན་རང་ཡུལ་བསྐྱུར་ཞེས་ཡག་པོ་མིན། དབྱིབས་མིའི་གཟུགས་ཅན་ལ་དབུ་རྩེ་མེ་ལ་བསྲེགས་ནས་ནག་ཚུབ་ཙམ་ཞིག་བླུག་པ་ནི་རྫུན་ཆེན་ནག་ཚུག་ཞེས་སྐད་ཆ་བདེན་པ་མེད་པ་སྐྱག་རྫུན་རྐྱང་རྐྱང་བཤད་པའི་དོན།    ཞྭ་མོའི་བཟོ་བལྟ་ཞིག་བླུག་པ་ནི་ཇུར་ཞྭ་གང་ཞེས་འུར་ཆེ་བ་ལས་དོན་དངོས་ཐོག་དཔའ་བློ་ཁོག་གང་ཡང་མེད་པའི་དོན་ནམ་གཞན་དོན་ལ་ཇུས་ཏོག་བྱེད་པར་དགའ་བའི་དོན་ནོ། །གཡག་གདང་བླུག་པ་གཡག་མང་པོ་འཕེལ་བའི་དོན།   འབྲི་ཡི་སྒྱིད་ཐག⑤བླུག་པ་འབྲི་མར་མང་པོ་བསྡུ་རྒྱུ་ཡོང་བའི་རྟགས།    ར་མ་དང་མ་མོའི་སྟར་ཐག་བླུག་པ་ནི་ལུ་གུ་དང་ལུ་གུ་འཁྲིད་པའི་མོ་མང་བའི་རྟགས་བཅས་སོ། །དེ་མིན་སྐུད་པ་ཕྱི་བྲིན་ནང་བྲིན་གཉིས་བླུག་པ་ནི་རྐུན་མ་ཕྱི་རྐུན་ནང་རྐུན་ཞེས་སྤྱོད་ངན་རྐུན་མ་རྐུ་མཁན་གྱི་དོན།    རེའུ་དང་ལུ་གུ་འདོགས་སའི་འདོགས་གདང་བླུག་པ་ནི་རེའུ་དང་ལུ་གུ་ཕོན་ཆེན་འཕེལ་ནས་ལོ་ལེགས་སྐྱ་རྒྱས་ཡོང་བའི་དོན། རྟ་འདོགས་སའི་ལྟོ་ཐག་བླུག་པ་ནི་རྟ་བོ་མང་པོ་འདོགས་རྒྱུ་ཡོང་བའི་རྟགས།    རྡོ་བླུག་པ་ནི་སྙིང་ཆེན་པོའམ་དཔའ་བློ་ཁོག་ལྡན་པའི་དོན།   ར་ལུག་གི་རིལ་མ་བླུག་པ་ནི་མགོ་བདེ་འཁྲབ་མཁས་པའི་དོན།   ཤུ་གུ་བླུག་པ་ནི་ཨ་གསར་ཚ་པོ་བརྟན་པོ་མེད་པའི་དོན།   གཡག་གི་ཁུ་ལུ་བླུག་པ་ནི་མི་སྣ་ཐུང་ཐུང་ཕོག་ཐུག་འགྲོ་ས་མེད་པའི་དོན། ཉ་ག་ཆུང་ཆུང་ཞིག་བླུག་པ་ནི་མི་དེའི་རྣམ་འགྱུར་ཉ་གའི་མདའ་ལྟར་ཕོག་ཐུག་རྩ་བ་ནས་འགྲོ་ས་མེད་པ་ལམ་སེང་རླུང་ལངས་པའི་དོན།      གཡང་འགུགས་སྨུག་རིལ་ཞེས་དེའི་ནང་ལ་འབྲས་སོགས་འབྲུ་སྣ་ཡོད་དོ་དང་ཇ་ཚྭ་བུལ་སོགས་བླུགས་པར་རྒྱུ་ནོར་འཛོམས་པའི་དོན།   ར་ལུག་གི་གྲོད་པ་བླུག་པར་ཐུག་གྲོད་སྒོར་མོ་ཞེས་དེ་ཐོན་ཚེ་ཐུག་ཕོར་གང་ཐོལ་པ་འཐུང་དགོས། རྒྱུག་པ་དམར་པོ་ཞིག་བླུག་པ་ནི་གསེར་རྒྱུག་ཞེས་ཕྱུག་པོ་ཡོང་བའི་དོན་དང་དཀར་པོ་ཞིག་བླུག་པ་ནི་སྤྲང་རྒྱུག་དཀར་པོ་ཞེས་རྒྱུ་ཉམས་ནས་སྐྱོ་པོ་ཆགས་པའི་རྟགས་ཡིན། སྤོས་ཕྲན་བུ་བླུག་པ་ནི་གཙང་སྦྲ་དོད་པའི་དོན་དང་ཀ་ར་བླུག་པ་ནི་མངར་དད་ཆེ་བའི་དོན་ནོ། །ཕྱུ་ར་བཅུགས་པ་དེ་བུད་མེད་ལ་ཐོན་ཚེ་སྐྱུར་དད་ཆེ་བ་ནི་མངའ་འཁུམས་པར་འགྱུར་བའི་དོན།   སྲང་དང་བྲེ་བཅུགས་པ་དེ་ཐོན་ན་འབྲུ་རིགས་སོགས་ལོ་ལེགས་ཡོང་བའི་དོན། མདོར་ན་དགུ་ཐུག་འཐུང་དུས་མི་སོ་སོར་ག་རེ་ཐོན་མིན་ཚང་མར་མིག་བསྟན་ནས་འཕྱ་ལད་རྒྱག་པ་དང་བསྟོད་བསྔགས་བཏང་བ།  ཡིད་སྨོན་བྱེད་པ།   དགོད་བྲོའི་སྐད་དང་འར་སྒྲ་འུར་སྒྲས་ཡོངས་སུ་ཁེངས་པར་བྱས་པ་སོགས་འཁྲུགས་ཆ་ཤིན་ཏུ་ཆེ་ཞིང་དགའ་སྐྱིད་མཉམ་འཛོམས་ལོངས་སུ་སྤྱོད་པར་བྱེད་དོ།  །
          ཐུག་པ་ཕོར་པ་དང་པོ་དེ་འཐུང་སྐབས་ཕོར་མཐིལ་ལ་ཐིག་པ་དགུ་ཙམ་འདང་ངེས་ཅིག་བཞག་ནས་གླུད་བཞག་སའི་སླ་ངའི་ནང་ལ་བླུག    གླུད་བཞག་སའི་སླ་ངའི་ནང་དབུས་སུ་སྤགས་ལས་བཟོས་པའི་ཀྱུང་(མཆོད་ཀོང)གཅིག་བཞག་ནས་མཆོད་མེ་སྦར།   དེ་བཞིན་སླ་ང་དེའི་ནང་དུ་ད་དུང་ཇ་སྐམ་དང་གྲོ་མ།    བསེ་སྡོང་སོགས་རྩི་ཤིང་སྣ་འཛོམས་དང་མར་དང་ཕྱུ་ར་སོགས་དཀར་སྣེ་འཛོམས་པ།   ཀ་ར་དང་བུ་རམ་སོགས་མངར་སྣེ་འཛོམས་པ།   ཆང་དང་ཕབ་སོགས་སྐྱུར་སྣེ་འཛོམས་པ།   ནས་དང་གྲོ།   རྩམ་པ།   འབྲས་སོགས་འབྲུ་རིགས་སྣེ་འཛོམས།   ཤ་དང་གློ་བ།   ཚི་ལུ་བཅས་དམར་སྣེ་འཛོམས་པ་སོགས་བླུག་པ་མ་ཟད། སྤགས་ལས་བཟོས་པའི་ཕོ་གཟུགས་གཅིག་དང་མོ་གཟུགས་གཅིག་སླ་ངའི་མཐར་ཟུར་ལ་བླུག་གི་ཡོད་པར་མིང་ལ་ཨ་ཅོ་དང་ཨི་ཅི་ཟེར།   ཨ་ཅོའི་ལུས་ལ་ར་ལྤགས་ཀྱི་ར་སློག་ཆུང་ཆུང་ཞིག་གཡོག་པ་དང་གདོང་ལ་ཚི་ལུ་འབྱུག་ཅིང་ཕྲག་པར་མར་ལྟང(ཀོ་བའམ་ལུག་གི་གྲོད་ལྤགས་ཀྱིས་གཏུམས་པའི་མར་དོ་པོ)སྐྱེལ། མགོ་ལ་ལུ་གུའི་ཚ་རུའི་ལྤགས་ཞྭ་བསྐོན།   ཨི་ཅི་དེ་ལ་རེབ་ཤག(སྦྲ་གུར་གྱི་སྣམ་ཆ་ནག་པོ་རྙིང་ཧྲུལ་ཆུང་ཆུང)ནག་པོ་གཡོག་སྟེ་ངོ་གདོང་ལ་ཐབ་ནང་གི་དུ་དྲེག་འབྱུག་ཅིང་མགོ་ལ་བེ་རག(ལྟག་རྩེ་ནས་མར་ལེབ་ཏུ་བཏང་བའི་གཡུ་བཅལ་བཏིང་བའི་རྒྱན་ཆ)མཚོན་ཆེད་ཀྱི་སྤགས་ལེབ་མོ་ཞིག་སྒྲོན།  ཕོ་གཟུགས་སླ་ངའི་བྱང་ཕྱོགས་དང་མོ་གཟུགས་སླ་ངའི་ལྷོ་ཕྱོགས་སུ་བཞག་གི་ཡོད་ལ་མཆོད་ཀོང་ཞིག་གི་ནང་ལ་མར་ཁུ་བསྐང་སྟེ་མེ་སྦར་ནས་བཞག
          དེ་བཞིན་ཤ་དང་རུས་པ།  སྦང་མ།  སླབ་རོ(ཇ་རོའི་དོན)བཅས་མི་ཁ་ལྡོག་པའི་རྫས་སྣ་ཡང་ཆ་ཚང་བ་བླུག་གི་ཡོད་པ་ནི་ལོ་གཅིག་གི་ནང་ལ་མི་ཁའི་གནོད་པ་རྩ་བ་ནས་མི་ཡོང་བའི་ཆེད་དུ་ཡིན་པའང་ཇ་འཐུང་སླབ་རོ་མི་ཁའི་ཟས། ཆང་འཐུང་སྦང་མ་མི་ཁའི་ཟས། ཤ་ཟོས་རུས་པ་མི་ཁའི་ཟས། མི་ཁ་ཟས་ནས་གྲོགས་ལ་སོང.ཞེས་པ་དེའོ། །དུས་མཚུངས་སུ་ཐུག་ཕོར་དང་པོ་དེ་འཐུང་ཟིན་མ་ཐག་མི་རེས་ལམ་སེང་སྤགས་རྡོག་རྡོག་རེ་འཁྱེར་ནས་ལུས་པོ་ཡོངས་ཏེ་རྐང་པའི་མཐིལ་ནས་མགོའི་རྩེ་གཙུག་བར་དུ་སྒྲིལ་རྒྱག་གི་ཡོད་པར་ཁ་ནས་སྐད་ཆེན་པོ་བརྒྱབ་ནས་སྒྲིལ་ལོ་སྒྲིལ་ལོ་རྡར་རོ་རྡར་རོ་དག་གོ་དག་གོ །ལོ་གཅིག་རྒྱལ་བའི་དཀྱིལ་འཁོར་ལ་ཞག་མ་གསུམ་བརྒྱ་དྲུག་བཅུ།   དེའི་ནང་ནད་དང་ན་ཚ་འཁྱེར་ལ་སོང་།   བགེགས་དང་བར་ཆད་འཁྱེར་ལ་སོང་།   གདོན་དང་གནོད་པ་འཁྱེར་ལ་སོང་།  ལུས་ཀྱི་ན་ཚ་འཁྱེར་ལ་སོང་།   སེམས་ཀྱི་སྡུག་བསྔལ་འཁྱེར་ལ་སོང་།  དཔོན་པོའི་འགོང་པོ་འཁྱེར་ལ་སོང་།  ཉེ་བའི་ཆག་སྒོ་འཁྱེར་ལ་སོང་ཞེས་སྨོན་ལམ་ཡང་མཚམས་མ་ཆད་པར་འདེབས་ཤིང་མགོའི་སྐྲ་རྐང་ཅིག་གམ་ལུས་སྟེང་གོས་གཟན་གྱི་སྤུ་རྐང་རེ་ཟུང་ངམ་ཧྲུལ་ཧྲུལ་རལ་པོ་ཞིག་སྤགས་ཀྱི་མཉམ་དུ་བསྲེས་སོ་སོའི་ལག་པའི་སྦར་མོའི་མཛུབ་མོ་ལྔ་ཡི་རྗེས་གསལ་བར་བྱས་ཏེ་གླུད་དབྱུགས་སའི་སླ་ངའི་ནང་དུ་བཞག་པ་དང་དུས་མཚུངས་སུ་ཐ་ན་སྒོ་ཕྱུགས་ར་ལུག་རྟ་གཡག་ཁྱི་སོགས་ལའང་སྤགས་ཀྱིས་ལུས་ཡོངས་སུ་རྡར་སྒྲིལ་ཟིན་རྗེས་སུ་ཚང་མ་སྡེར་མ་དེའི་ནང་ལ་འཇོག་གོ །
          དེ་ནས་དེ་བསྐྱུར་བར་འགྲོ་མཁན་ནང་མི་ཕོ་མོ་མི་གཉིས་ཏེ་སྐྱེས་པ་དེས་ལག་པ་གཅིག་གིས་མེ་མདའ་དང་འུར་རྡོ་འཁྱེར་བ་དང་ལག་པ་གཅིག་གིས་སྦུར་རྩེ(མངའ་རིས་ཁུལ་དུ་ཡོད་པའི་རྩི་ཤིང་མེ་འབྱམས་སླ་བ་ཞིག)མགོ་ཟིང་ཟིང་ལ་མེ་སྤར་ནས“འ་ཤ་བེ་འ་ཤ་བེ”ཞེས་སྐད་བརྒྱབ་ཅིང་ནང་ལ་སྐོར་ར་ནང་སྐོར་ཞིག་བརྒྱབ་ནས་མར་དོན་ཤོག་མར་དོན་ཤོག་ཅེས་གདོན་འདྲེ་ཚང་མ་ཕྱིར་སྤྱུགས་བྱེད་ཁུལ་བྱས་ཤིང་།    བུད་མེད་དེས་ལག་པ་གཅིག་ལ་གླུད་དབྱུགས་སའི་སླ་ང་འཁྱེར་བ་དང་ལག་པ་གཅིག་གིས་ཚགས་མའི་ནང་ལ་མེ་བླུག དེའི་ཐོག་ལ་བསང་སྤོས་དང་ཚྭ་བརྒྱབ་རྗེས་སུ་མི་ཚང་དེའི་མི་རེ་རེའི་མགོ་ཐོག་ལ་བསྐོར་ཙམ་བྱས་མ་ཐག་ཕྱི་ལ་ཐོན་ནས་སྦྲ་གུར་དང་ལུག་ལྷས། གཡག་གདང་། རྟ་ར་བཅས་ལ་གཡས་སྐོར་ལན་གཅིག་བརྒྱབ་སྟེ་སྐྱེས་པ་དེའི་གཞུག་མ་ཙམ་ལ་ཕྱིན་ནས་སྡོད་གནས་དང་ཅུང་ཐག་ཉེ་བའི་རི་དང་བྲག་སོགས་གསུམ་མདོ་ཁར་ཕྱིན་ནས་གནས་རི་དང་དགོན་པ་མེད་སའི་ས་ལ་དབྱུགས་ཀྱི་ཡོད་དེ།   སྔོན་ལ་སྐྱེས་པ་དེས་མར་མེ་བསྐྱུར་བ་དང་དེ་སྟེང་བུད་མེད་ཀྱིས་གླུད་བླུག་པའི་སླ་ང་ཁ་སྤུབས་རྗེས་སུ་སྐྱེས་པས་འུར་རྡོ་དང་མེ་མདའ་བརྒྱབ་ནས་ཕྱི་ནང་གི་འདྲེ་ལ་སོགས་པ་གདོན་འདྲེ་གདུག་པ་ཅན་ཚང་མ་ཕྱིར་སྤྱུགས་བྱེད་ཁུལ་བྱས་རྗེས་སུ་ཕྱི་མིག་ཙམ་ཡང་མི་བལྟ་བར་སྐད་ཤུགས་ཆེན་པོས།  རྟ་ར་གྲུ་བཞི་རྟ་ཡིས་ཁེངས། །ལུག་ལྷས་གྲུ་བཞི་ལུག་གིས་ཁེངས། །ར་ལྷས་གྲུ་བཞི་ར་ཡིས་ཁེངས། །གཡག་གདང་གྲུ་བཞི་གཡག་གིས་ཁེངས།  །དཔལ་ཁང་གྲུ་བཞི་མི་ཡིས་ཁེངས།   །“ཤོག་སྤ་ལེ་ཤོག་སྤ་ལེ”(མངའ་རིས་སྐད་དེ་ཤུགས་རྒྱག་ཤིག་ཅེས་སོ)ཞེས་སྐད་བརྒྱབ་ནས་གཉིས་ཀས་མིག་བཙུམས་ནས་རྡོ་རེ་ལེན། ནང་མི་ཞིག་གིས་ཐ་ལིའི(སྡེར་རྩེའི་དོན)ནང་རྩམ་པ་དང་མར་ཡོད་པ་དེ་འཁྱེར་ནས་ཕྱི་ལ་འགྲོ་མི་མི་དེ་གཉིས་ལ་ཅི་འཁྱེར་ཡོད་རོ་ཅི་འཁྱེར་ཡོད་རོ་ཞེས་མ་ཐག  དེ་གཉིས་ཀྱིས་ད་གསེར་གྱི་ཕ་ལོང་(ཕ་བོང་གི་དོན)འཁྱེར་ཡོད་དོ། །དངུལ་གྱི་ཕ་ལོང་འཁྱེར་ཡོད་དོ། །གཡུ་ཕྲུ་དཀར་ར་ཕོའི་མཆིན་པ་འཁྱེར་ཡོད་དོ།   །དུང་བྱུར་མུ་ཏིག་དར་དང་གོས་ཆེན་རྟ་གཡག་ལུག་གསུམ་སོགས་མི་ནོར་སྣེ་ལྔ་ཚང་མ་འཁྱེར་ཡོད་དོ།   །ད་ཐེགས་ཀྱི་མི་འདུག་ཅེས་སྦྲ་གུར་གྱི་སྒོ་རྡོ་འགམ་མ་ཐག་རྡོ་རྡོག་རྡོག་གཉིས་པོ་དེ་རྩམ་པ་དང་མར་ཡོད་པའི་སྡེར་མའི་ནང་ལ་བཞག་ནས་མཆོད་སྒྲོན་ཞིག་བས་ཏེ་མར་ཏོག་ཙམ་ཁ་ནང་ལ་བཅུགས་ནས་ཡར་ནང་ལ་འཛུལ་ཡོང་ངོ་།  །དེ་དུས་སྒོ་འགྲམ་ལ་ནང་གི་ཨ་མས་ཆུ་སྐྱོག་ནང་ཆུ་འཁྱེར་ཡོང་ནས་མདའ་དར་རྩེ་སྒྲོས་ཆུ་ཐིག་པ་འགའ་ཤས་ཤོས་ནས་ཆུ་ཤོས་ཀྱི་ཡོད་པ་ནི་གླུད་དབྱུགས་པར་ཕྱིན་ནས་བཙོག་གྲིབ་སོགས་ཤོར་ཡོད་ཚེ་གཙང་མར་དག་པའི་ཆེད་དུ་རེད། གཡང་རྡོ་དེ་གཉིས་ལོ་གསར་མ་ཐོན་བར་དུ་གཡང་སྒམ་སྒང་ལ་བཞག་ཅིང་ལོ་གསར་རྗེས་སུ་ནང་གི་ཕ་རྒན་དེས་གཡང་རྡོ་ཚུར་བླངས་ནས་ཚོས་གཞི་ལེགས་མིན(སྨུག་པོ་ཡིན་ན་སྣུམ་གཞག་ཡོད་པར་འཛིན་ཅིང་སེར་པོ་ཡིན་ན་དབུལ་བར་འཛིན)རི་མོ་ལེགས་མིན(རི་མོ་ཆ་འདྲ་ཡིན་ཚེ་ཤིན་ཏུ་ལེགས་ཤིང་ཡ་ཡིན་ཚེ་མི་ལེགས)རྟགས་པ་དང་། ཀོང་ཀོང་དང་ཀྱོང་ཀྱོང་མེད་ན་བཀྲ་ཤིས་བག་གྲོ་བ་དང་ཡོད་ན་གྲོད་ཁོག་མ་རྒྱགས་ཞེས་ཐབས་སྐྱོ་འུ་ཐུག་ལ་འཛིན་ནོ། །
          དེ་མིན་ལོ་གསར་གྱི་བསྒྲིགས་གཤོམ་གྲས་སུ་རྟ་གཡག་ར་ལུག་ཁྱི་སོགས་སེམས་ཅན་ལྔའི་གཟུགས་དབྱིབས་སྤགས་ལས་བཞེངས་ཤིང་རྟ་ལ་མར་གྱི་མིག་དང་རྔ་མ་ལ་སྨུག་རྩི་བྱུག་ནས་གསོན་ཉམས་དོད་པོ་ཞེ་དྲག་ཡོད།     དེའི་མཐའ་འགྲམ་དུ་ཟས་རིགས་ཀྱི་ཕུད་སྣ་ཚོགས་དང་ལྷག་དོན་དུ་ཟན་གོང་ཞེས་པའི་ཞིམ་ཟས་དམིགས་གསལ་ཅན་ཞིག་ཡོད་པ་ནི་ལུག་ཤ་བཙོས་པའི་ཁུ་བ་ལ་རྩམ་པ་བརྒྱབ་ནས་བརྫིས་རྗེས་སུ་ཕོར་པའི་གཟུགས་དབྱིབས་ལྟར་སྒོར་མོ་བཟོས་ཤིང་མར་གྱི་ཡར་ཁ་ཟུར་གསུམ་དུ་རྒྱགས་ཏེ་མར་ཁུ་ཞུར་ནས་ཕྱེད་ཀ་ལྷག་ཙམ་བརྒྱངས། དེ་ནས་དེའི་ནང་ལ་བུ་རམ་དང་། ཕྱུ་ར། རྩམ་པ་བཅས་མཉམ་དུ་བསྲེས་ནས་བླུག་གཤིས་ཁེངས་རྗེས་སུ་ཕོར་པའི་དབྱིབས་ཅན་གྱི་ལུག་ཤའི་ཁུ་བས་བརྫིས་པའི་སྤགས་ལ་ཐུར་མ་བརྒྱབ་ནས་བསྐོག་གིན་མར་ཁུའི་ནང་ལ་སྦང་བཞིན་ཟ་གི་ཡོད།   ད་དུང་ལུག་མགོར་རྨ་རྩ་བ་ནས་མ་བཟོས་པ་ཆ་ཚང་བ་ཞིག་བསྒྲིགས་ཏེ་རྭ་ཅོ་དང་། རྣ་ཅོག་སོ། སྣ་ཁུག་བཅས་ལ་མར་གྱི་ཡར་མཚོན་ཤིན་ཏུ་ལེགས་པོ་ཞིག་བརྒྱབ་ཡོད་དེ་གཏམ་དཔེར་ཡང་།   ལོ་གསར་བཏང་བ་འཆར་ཅན་ཡིན།   །ལུག་མགོ་དགོས་པ་རྒྱས་ཡོད་ཡིན།      །ཞེས་དང་དེར་དོ་འགན་ཆེན་པོ་བྱེད་ཅིང་ལོ་གསར་པའི་བསྒྲིགས་གཤོམ་ཡོད་དོའི་ལྟེ་བར་གྱུར་བ་དེའོ།  །
          ཚེས་གཅིག་ཉིན་ཞོགས་པ་སྔ་པོ་ནམ་མ་ལངས་གོང་ངམ་སྐར་མ་སྨིན་དྲུག་མ་སྐྱོད་གོང་ལ་ནང་གི་མནའ་མའམ་བུ་མོ་ལངས་ནས་ལུ་མ་ནས་གསེར་ཆུ་དང་དངུལ་ཆུའམ་སྨན་དྲུག་ཐོར་ཆུ་ཞེས་ལུ་ཆུ⑥བླངས་ཏེ་ཆུ་ཕུད་ཕུལ་བ་དང་འབྲང་རྒྱས⑦རྫིས་ཡས་སྤགས་ཁུ་བྱས་པ་མ་ཟད།   ཆག་ཚེའི⑧ཐུག་པར་ཆང་ཕུད་ཏོག་ཙམ་བླུགས་པ་དང་ཕྱུ་ར་སྐྱུར་མོ་བརྒྱབ་ནས་བསྐོལ་ཏེ་ནང་མི་ཚང་མར་བཀྱགས་ཀྱི་ཡོད་པ་དེ་དབུས་གཙང་ཁུལ་གྱི་ཆང་སྐོལ་དང་འདྲ། དེ་ནས་ནམ་ལངས་མ་ཐག་ནང་མི་ཚང་མས་ཐོག་མ་ཕུའི་འབྲང་རྒྱས་སོགས་ལ་ཕྱག་འཚལ་ནས་བླ་མ་དཀོན་མཆོག་གསུམ་ལ་དབུ་མ་ཞེས་ཤིང་ཁ་ཕྱེ་མར⑨ནས་མཆོད་སྒྲོན་བསྣམས་ནས་ཐབ་ལ་མཆོད་གཏོར་བྱས་རྗེས་ཐབ་ལྷ་རྒྱའུ་ལ་དབུ་མ།  སྒོ་ཕྱི་ལ་མཆོད་གཏོར་བྱས་ཏེ་སྒོ་ཡི་ཁྱི་མོ་དམར་མོ་ལ་དབུ་མ་ཞེས་པ་དང་།   ཕྲུ་གུ་ཚོས་ཐོག་མ་ཡབ་ཆེན་ལ་ཕྱག་འཚལ⑩ནས་ཨ་ཕ་ལ་དབུ་མ་ཞེས་ཤིང་ཡུམ་ཆེན་ལའང་ཕྱག་འཚལ་ནས་ཨ་མ་ལ་དབུ་མ་ཞེས་སོ། ། དེའི་ཚེ་ཕ་མ་གཉིས་ནས་ཀྱང་ཕྱག་འཚལ་མཁན་ཕྲུ་གུ་སོ་སོའི་མིང་བོས་ནས་ལོ་སོ་མ(མངའ་རིས་སྐད་དེ་གསར་པ)ལ་བཀྲ་ཤིས།   ལོ་གསར་པ་ལ་ཞལ་རྒྱས།    ཕྱག་འཚལ་ཡུལ་དཀོན་མཆོག་གསུམ་པོ་ཡིན་ཞེས་ཤིང་།  དེ་ཚེ་ནང་མི་ཚང་མས་ཁ་ཕྱེ་མར་ཏོག་ཙམ་བླངས་ནས་ཡར་གནམ་ལ་མཆོད་ཅིང་།  ལོ་གསར་པའི་ནང་ཁ་གྲོ་པོ་དང་བཀྲ་ཤིས་པོ་ཡོང་ཆེད་གྲོ་ཡོས་རྐང་ཁ་ཤས་ལེན་ནས་ཁ་ནང་དུ་བཟས་པ་བཅས་སོ།  །
          ལོ་གསར་རིང་འབྲོག་པ་ཚོས་རྒྱན་གོས་ཀྱིས་ཟབ་མཆོར་ལེགས་པར་སྤྲས་ཀྱི་ཡོད་དེ། སྐྱེ་ཕོ་ཚོས་མགོ་ལ་ཝ་ཞྭ་སྤུ་གྲ་ཤིན་ཏུ་ལེགས་པ་དམར་མདངས་ཅན་ཞིག་གྱོན་པ་དང་། ལྤགས་རྩག་འོག་ལ་འབུ་རས་འོག་འཇུག་དང་སྣམ་བུའི་གོས་ཐུང་གསར་རྐྱང་ཞིག་གྱོན་ཅིང་ལུས་ལ་ལུ་གུའི་ཚར་སློག་འགོ་སྣམ་སྨུག་མདོག་ཅན་དང་སྔོ་ནག་ལྡན་པའི་གཡོག་བརྒྱབ་ནས་དེའི་མཐའ་ལ་སྟག་དང་གཟིག    སྲམ་སོགས་ཀྱིས་པགས་པས་རྒྱན་པའི་ལྤགས་རྩག་གྱོན་ཅིང་རྐང་པར་ཐག་ལྷམ་མམ་པའུ་ཞེས་པ་ཀོ་བས་བཏུམ་པའི་ལྷམ་སྣ་ཙོག་ཙོག་ཞིག  དེ་མིན་ཡང་ནག་དོབ་ཅེས་སོག་པོའི་ལྷམ་གཟུགས་ཅན་ཀོ་བས་བཟོས་པའི་ཡུ་རིང་མཐིལ་མཉམ་པ་ཞིག་གོ   །དེ་བཞིན་སྐེད་པར་སྐེད་གྲི་དང་མེ་ལྕག    ཁབ་ཤུབ་སོགས་ཆ་ཚང་བཏགས་ཀྱི་ཡོད་ལ་མགུལ་རྒྱན་ཡང་ལེགས་པོ་ཞིག་སྒྲོན་གྱི་ཡོད་པ་ནི་དབུས་སུ་གཟི་དང་དེའི་མཐའ་གཡས་གཡོན་ལ་བྱུ་རུ་དང་གཡུ་སོགས་ཡོད་ཅིང་མཛུབ་མོར་མཛུབ་དཀྲིས་ངེས་པར་འདོགས་དགོས་པར་འབྲོག་པ་ཚོས་སྐྱེ་ཕོ་ལ་རྒྱན་ཆ་འདོགས་ཡས་དེ་གལ་ཆེན་པོར་འཛིན་གྱིན་ཡོད། གཏམ་དཔེར་ཡང་།   ཕོ་རྒྱན་ཡོད་བཞུགས་གྲལ་འོད་ཀྱིས་ཁེངས། །ཕོ་རྒྱན་མེད་བཞུགས་གྲལ་ཐལ་བས་ཁེངས།  །ཞེས་ཡོད། ཡང་བུད་མེད་ཚོས་ལུ་གུའི་ཚ་རུའི་ཞྭ་མོ་དཀར་དཀར་དུང་མདོག་ཅན་ཞིག་གྱོན་ཅིང་གོས་ཆེན་གྱི་འོག་འཇུག་ཧར་ཙམ་ཞིག་དང་རས་ཆ་སྤུ་མའི་གོས་ཐུང་གྱོན་ལ་ལུ་གུའི་ཚ་རུའི་སློག་པར་རྒྱབ་ཤ་འགོ་སྣམ་ལྗང་ཁུའམ་དམར་དཀར་ཅན་གྱིས་གཡོག་བཏང་བའི་ལྤགས་རྩག་ལ་མཐའ་དང་གོང་པར་སྲམ་ལྤགས་ཆུང་ཙམ་གྱི་རྒྱན་ཅིང་། རྒྱབ་སློག་འཇའ་མ་གུ་གེའི་རྒྱལ་རབས་སྐབས་ཀྱི་གནའ་སྲོལ་ལྡན་པའི་གོས་སློག་དམིགས་བསལ་ཅན་ཞིག་གྱོན་ལ་མགོ་ལ་བེ་རག་ཞེས་པའི་རྒྱན་ཆ་གཡུ་བྱུར་མུ་ཏིག་སྤོས་ཤེལ་མཆོང་སོགས་དང་གསེར་དངུལ་བཅས་ཀྱིས་བརྒྱན་པའི་དབུ་རྒྱན་ཐུན་མོང་མིན་པ་ཞིག་དང་སྐེད་པར་གསེར་དངུལ་གྱི་གའུ་བདུན་ཚར་བཏགས་པ་བཅས་སོ། །
          དེ་ནས་ཡབ་ཆེན་དེས་ཡར་བཞེངས་ནས་ཁ་ཕྱེ་མར་དབུས་སུ་མཆོད་པའི་འབྲི་མར་དེ་ནས་ཆུང་ཆུང་ཞིག་བཞེས་ཏེ་བུ་རྒན་གཞོན་རིམ་པར་མཆོད་གཏོར་བྱས་ནས་ཤར་རྒྱ་ཚ་ཁྲ་བོ་དཔའ་རྩལ་ཆེ། དཔྲལ་བར་ཡར་བརྒྱབ་ནས་ད་ལོའི་ལོ་གསར་པ་མདུན་དུ་ལེན་ཞེས་ཤིང་ལྟག་རྩེར་ཡར་བརྒྱབ་ནས་ན་ནིང་གི་ལོ་རྙིང་པ་རྒྱབ་ཏུ་བསྐྱུར་ཞེས་སོ།  །ཡང་དཔུང་མགོ་གཡས་ལ་ཡར་བརྒྱབ་ནས་བརྟན་དུ་བདེ་བ་ཐོབ་པར་ཤོག དཔུང་མགོ་གཡོན་དུ་ཡར་བརྒྱབ་ནས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག    སྤྱི་གཙུག་ལ་ཡར་བརྒྱབ་ནས་ནམ་མཁར(མངའ་རིས་སྐད་དུ་དེ་དུས་སང་ངམ་སང་ལོའི་དོན)ད་གཟོད་ཁྲ་ཧྲོག་གེ་འཛུམས་སག་གེ(གད་མོའི་འཛུམ་མདངས་བསྟན་པའི་རྣམ་པ)ཡོང་བར་ཤོག་ཅེས་དང་།    བུ་མོ་རྒན་གཞོན་རིམ་པར་མཆོད་གཏོར་བྱས་ནས་ལྷོ་གཡུ་འབྲུག་སྔོན་མོ་མཛེས་སྡུག་ལྡན་ཞེས་པ་དང་ཡར་ཁ་བརྒྱབ་སྟངས་དང་སྨོན་ལམ་འདེབས་དོན་སྐྱེ་བ་བུ་དང་མཚུངས་སོ། །དེ་བཞིན་ཡུལ་ལྷ་གཞི་བདག་ལ་དབུ་མ(མངའ་རིས་ཁ་སྐད་དེ་ཕྱག་འཚལ་ལོ་ཞེས་སོ)ཕ་མེས་རྒྱལ་པོ་ལ་དབུ་མ།    ཨི་ཕི(སྨོ་བོའི་དོན)ཀླུ་མོ་ལ་དབུ་མ།    ཐབ་ལྷ་རྒྱལ་མོ་ལ་དབུ་མ།    སྒོ་ལྷ་རྒྱལ་མཚན་སྡེར་བཞི་ལ་དབུ་མ།   ཡབ་ཀྱི་མིང་འབོད་ནས་དབུ་མ།    ཡུམ་གྱི་མིང་འབོད་ནས་དབུ་མ།  མིང་པོ་ཐམས་ཅད་ལ་དབུ་མ་ཞེས་མདོར་ན་ནང་མི་ལོ་ཆེ་ཆུང་གཞིར་བཟུང་གིས་ཕྱག་འབུལ་དུ་བཅུག་གི་ཡོད་པས་ཆུང་ཤོས་དེ་ཡིས་ཕྱག་མང་ཤོས་འབུལ་དགོས་སོ། །འོན་ཀྱང་སྲིང་མོ་ལ་ཕྱག་འབུལ་བའི་ཐོབ་ཐང་མེད་པས་གཅུང་པོས་གཅེན་མོ་ལ་ཕྱག་འབུལ་བྱེད་སྲོལ་མ་མཆིས།
          དེ་ནས་འོ་མ་དཀར་ཡོལ་གང་རེ་དང་ཚེ་ཞོ⑾ཐུར་མགོ་གང་རེ་འཐུང་བ་དང་ལུག་མགོ་ཟ་རྒྱུའི་མགོ་བཙུགས་སོ།    །སྐྱེ་ཕོ་ཡིན་ན་མི་རེ་ལ་ལུག་མགོ་རེ་ཐོབ་པ་དང་བུད་མེད་ཡིན་ན་ཁ་བཤགས་ཕྱེད་ཀ་ལས་མི་ཐོབ། ལུག་མགོ་དེ་དག་སྔོན་ལ་སྤུ་ཚང་མ་མེ་ནང་དུ་ཤར་ནས་གཙང་མ་བཟོས།    དེ་ནས་ཆུ་ལ་བཀྲུས་ཏེ་ཟངས་སྣོད་ནང་ལ་བླུག་ནས་མེ་ཆུང་ཙམ་བཏང་ནས་རྒྱུན་རིང་བཙོས་པས་དམིགས་བསལ་རོ་བཅུད་ལྡན་ནོ། །དེ་རྟིང་ཆུ་ཏིག་གེར(བག་ལེབ་ཆུང་ཆུང་ཆུ་བཙོས་རྒྱག་པ་ཞིག)ཡ་གྲངས་བསྒྲིགས་ནས་བཏང་།   དེ་རྗེས་ཤ་རུམ(ཤ་རྡོག་ཙམ་རྡོག་ཙམ་བཙོས་པ་ཤ་ལྷུ་ལས་ཆུང་བ་ཡོད)བཏང་། དེ་ཚེ་མི་ཚང་མས་རང་རང་སོ་སོའི་སྐལ་བ་ལེན་ནས་རང་གི་ཕོར་པའི་ནང་ལ་བཞག་པ་ལས་ལམ་སེང་ཟ་གི་མེད། དེ་ནས་སོ་སོའི་སྐྱེས་རྟགས་གཞིར་བཟུང་གིས་ཤ་ལྷུ་བསྒྲིགས་གཤོམས་བྱེད་ཀྱི་ཡོད་པར་ཁག་ཅིག་ལ་བྲང་ཐོབ་པ་དང་ཁག་ཅིག་ལ་དལ་མོ(ཤ་ཁོག་སྨད་ཀྱི་རྐང་པ་གཉིས་བསྐོག་ཟིན་རྗེས་ལྷག་པའི་རྩིབ་མ་ཁ་སྦྱར་མ་དང་སྨད་རུས་ཞུག་གུའི་རྩ་བ་རང་སྦྱར་མ)ཐོབ་པ།  ཁག་ཅིག་ལ་བར་རྐང(སྨད་རུས་དང་རྟ་རྫི་རྐང་འབྲེལ་མཚམས)ཁག་ཅིག་ལ་རྟ་ལྕག(རྐང་པའི་བར་རྐང་དང་སུབ་རྩེ་འབྲེལ་མཚམས)ཁག་ཅིག་ལ་རྟ་རྫི་རྐང(ལག་པའི་བར་རྐང་དང་སུབ་རྩེ་འབྲེལ་མཚམས)ཁག་ཅིག་ལ་སོག་པ(སོག་པ་མ་རེད་ཚོགས་པ་རེད། ལྷ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་རེད་ཞེས་ལེགས་པོ་ཡིན)དང་སྤྱི་མགོ(སྨད་རུས)བཅས་ཐོབ། དེ་རྟིང་པུ་ལི་ཞེས་བག་ལེབ་སྲབ་པོ་ཞིག་བཏང་།  ཉིན་དགུང་ཙམ་ལ་ཤ་མོག་ཏེ་ལུག་གི་ཁལ་ཚིལ་ཞུན་པོ་དང་རྐང་པའི་ཤ་གནག་པ། རི་སྒོག་བསྲེས་མའི་རོ་བཅུད་ལྡན་པའི་ཞིམ་ཟས་ཤིག་བཏང་གི་ཡོད་དོ། །མཇུག་ཏུ་གསོལ་བ་ཆེན་མོ་ཞེས་ཤ་དལ་མོ་ཆ་ཚང་བ་དང་རྐང་ལག་ཆ་ཚང་བ། བྲང་ཁོག་ཆ་ཚང་བ། ཨོ་རོ(མངའ་རིས་སྐད་དེ་མཇིང་པའི་དོན)ཆ་ཚང་བ་བཙོས་ནས་མི་ཚང་མར་ཐུགས་སྤྲོ་རྒྱས་པོ་ཞིག་བཏང་གི་ཡོད་ཅིང་དགོང་མོ་ལུག་རྫི་ཚུར་ནང་ལ་འཁོར་ཟིན་ནས་ཆང་འཐུང་འགོ་བཙུགས་ནས་དགའ་སྐྱིད་ལོངས་སུ་སྤྱོད་དོ། །
          ཚེས་གཉིས་ཉིན་ཤ་མོག་མོག་དང་བག་ཚ་མར་ཁུ། འབྲས་བསིལ་མར་ཁུ།  ལུག་གུ་རྒྱུ་མ་དཀར་ནག་བཅས་རིམ་པས་བཏང་།   མང་ཆེ་བ་སོ་སོའི་སྐལ་བ་ཡིན་ཞེས་ཚུར་བླངས་ནས་བསྡུས་བཞག་པ་ལས་ཟ་ཐུབ་ཀྱི་མེད། དགོང་དག་ཤ་ཚིལ་འདྲེས་མའི་ཤ་ཧྲུག་རི་སྒོག་བརྒྱབ་པ་ཚ་པོ་ཞིག་བཏང་གི་ཡོད།   དེ་ཟིན་མ་ཐག་མཆོད་ཆང་དྲངས་ཀྱི་ཡོད།    ཐོག་མ“གཡང་རྩེ”ཞེས་གསོལ་སྐྱོག་ཆེན་པོ་གང་རེ་འདྲེན།   དེ་འཐུང་ཟིན་པ་དང་ཚང་མ་ངོ་ཚ་བཤངས་ནས་གཞས་དང་ཞབས་བྲོ་འཁྲབ་འགོ་བཙུགས་ཏེ་འཁྲུགས་པོ་ཞེ་དྲག་ཡོད། དགོང་དག་ལུག་ཤ་ཤ་ལྷུ་རེ་བཏང་བ་དང་དགོང་མོ་ཉལ་ཁར་ཐུག་པ་འཇམ་ཐུག(ཆུ་གྲང་མོར་རྩམ་པ་ཧྲུལ་ནས་དཀྲུག་དཀྲུག་རྒྱུན་རིང་བཏང་རྗེས་སུ་ཐབ་ཐོག་བཞག་ནས་འཁོལ་དུ་བཅུགས་པ་དང་སྦྲགས་རྡོར་དང་ཕྱུ་ར་བརྒྱབ་པས་ལུས་ལ་ཧ་ཅང་སྨིན་པའི་ཞིམ་ཟས་ཐུན་མོང་མ་ཡིན་པ་ཞིག)སྤྲད་ནས་མཚམས་བཞག་གོ ། 
          ཚེས་གསུམ་ཉིན་ལྷ་གསོལ་བྱེད་ཀྱི་ཡོད་པར་ཞོགས་པ་དཀར་སྡེར་རམ་ཤིང་སྡེར་ནང་ལ་འབྲང་རྒྱས་སྨུག་རྩི་བཏང་ཞིང་དཀར་རྒྱན་བརྒྱབ་པ་གཅིག་བཞག  དེའི་རྒྱན་གྱི་ཚོད་དུ་ཤིང་ཏོག་མངར་གསུམ་སྐྱུར་གསུམ་བསྒྲིགས་ཤིང་དར་མཚོན་སྣ་ལྔ་ཕྲ་ཕུང་ངེར་སྒྲོག་ཏེ་ནང་གི་ཕུའི་མཆོད་གཤོམ་འོག་ཏུ་གཤམས་ཤིང་མཆོད་ཀོང་ནང་ལ་མཆོད་མེ་སྦར་བ་དང་ཏིང་བདུན་ཚར་ནང་ལ་ཆུ་ཕུད་ཕུལ་ནས་འབྲུ་གཏོར་ཏེ་གསོལ་བ་སྨོན་ལམ་འདེབས། ནང་གི་ཕ་ཡིས་གཟུངས་འདུས་ཞལ་ཕྱེ་ནས་བར་ཆད་ལམ་སེལ་དང་།   མི་ཁ་སྒྲོལ་ཐོག   རྟ་གཡག་ར་ལུག་གི་གཟུངས་ཚང་མ་འདོན་གྱི་ཡོད།   དེ་རྟིང་ཉི་མ་འཆར་མ་ཁད་ལ་སྦྲ་གུར་ཕྱིའི་ཕུ་ཕྱོགས་ཀྱི་དར་ལྕོག་བཙུགས་ཤིང་དར་ཐག་འཐེན།
          དེ་ཉིན་ཞོགས་པར་ཞོགས་ཇ་འཐུང་ཟིན་པ་དང་གྲོང་པའི་སྐྱེ་པ་ཕོ་ཚང་མ་ཕྱི་ལ་ཐོན་ནས་ཁ་ཤར་ལ་འཁོར། གསོལ་ལུག་རལ་རྡོ་བརྒྱབ(གསོལ་ཡས་སུ་ཟིན་པའི་ལུག་དེ་དག་སྟར་ལ་རྒྱུས)སྔོན་ལ་ལུག་ཁ་རྒྱ་ཞིག་གསོལ་ནས་མི་ཁ་ལྡོག་ཞེས།   དེ་ནས་རིམ་གྱིས་ལྷ་ལུག་དཀར་པོ་དང་བཙན་ལུག་ཙ་དམར་ཏེ་གཟུགས་གཞི་དཀར་རྐྱང་ལ་མིག་གི་མཐའ་བཞི་དམར་སྒོར་རེ་ཡོད་ཅིང་སྤོར་དམར་ལིང་ངེ་བ་ཞིག་དང་རྣ་ཅོག་གི་རྩེ་དམར་མོ་ཡིན་པ་ཞིག་གོ །ཀླུ་ལུག་སྔོན་མོ། མགོན་པོ་རོག་པོ་བཅས་རིམ་གྱིས་གསོལ། དེ་ནས་བསང་བཏང་ཞིང་ཁ་ཕྱེ་མར་གྱི་སྒང་ལ་མཆོད་པའི་མར་ལེབ་མོ་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་དག་འཁྱེར་ཡོང་ནས་ཡར་རྒྱག་བཞིན་ཁ་ནས།  གསོལ་ལོ་གསོལ་ལོ་ཞེས་ལུག་གི་རྭ་ཅོའི་སྒང་ལ་མར་གྱི་ཡར་བརྒྱབ་ནས་རུ་སྡེ་ར་རུ་བདར་ནས་རྒྱལ་ཁ་ཐོབ། རྣ་ཅོག་ལ་བརྒྱབ་ནས་རྣ་བར་ནམ་ཡང་གཏམ་སྙན་ཁྲོད།   ཁ་འགུགས་གཡས་གཡོན་ལ་བརྒྱབ་ནས་ཁ་འཕྲོད་པོ་ཡོང་བར་སྨོན། དཔྲལ་བར་བརྒྱབ་ནས་བརྟན་ནོ་བརྟན་ནོ་མི་ཚེ་བརྟན། ཟོག་གི་གཡང་བརྟན།  གོས་ཀྱི་བཀྲགས་བརྟན། ཟས་ཀྱི་གཅུད་བརྟན།  མི་ནོར་ཕྱུག་གི་རྒྱུད་ལ་བརྟན་ཞེས། ཟེ་བའི་སྒང་ལ་ཡར་བརྒྱབ་ནས་ཟེ་བའི་རྩེ་ལྟར་འཕེལ་བ་ཤོག  དེ་ནས་སྙིང་གི་ཐད་སྒང་ལ་ཡར་བརྒྱབ་ནས་ཐུགས་སེམས་བདེ་བར་ཤོག་ཅེས། མིག་སྒང་ལ་ཡར་བརྒྱབ་ནས་སྤྱན་རྣོའོ་རྣོའོ་ཞེས།   ཁ་ལ་ཡར་བརྒྱབ་ནས་ཞལ་བཟང་ངོ་ཞལ་གྲོའོ་ཞེས།  །རྣ་ལྕོག་གྲུ་ལ་དར་ཕྲུ་སྣ་ལྔ་བཏགས།    དེ་ནས་བཙག་འཁྱེར་ཡོང་སྟེ་ལྷ་ལུག་དཀར་པོའི་སྒལ་པར་བཙག་བཏང་ནས་ཁ་ནས་སྟེང་ལྷ་ཡི་ལྷ་ལུག་དཀར་པོ་དེ། འགྲོ་བའི་དུས་སུ་ཆིབས་པ་བྱས། ཆིབས་པ་དེ་ལས་མགྱོགས་པ་མེད།  བསྡད་པའི་དུས་སུ་སྐུ་མཁར་བྱས།   སྐུ་མཁར་དེ་ལས་མཐོ་བ་མེད། བསོ་བསོ་ཞེས་སྒལ་པའི་ཚིགས་རུས་ནས་མར་སྨད་རུས་ཕྱོགས་སུ་དེད་ནས་ཡར་བརྒྱབ། རྭ་ཅོ་གཡས་པར་ཡར་བརྒྱབ་ནས་རྡར་རོ་རྡར་རོ།  གཡས་ཀྱི་ཟངས་རུ་དམར་པོ་དེ།  སྡང་པའི་དགྲ་དང་གནོད་པའི་བགེགས་ཀྱི་ཁག་སྣོན་སྤུ་གྲི་ངར་མོའོ། །རྭ་ཅོ་གཡོན་མར་ཡར་བརྒྱབ་ནས་མི་རྡར་རོ་རྡར་རོ། །གཡོན་གྱི་མཆོང་རུ་སྨུག་པོ་མི་རྡར་བའི་མཆོང་རུ་འཇམ་མཉེད་དེས། ཕ་མ་བུ་ཕྲུག་དང་གཉན་ཚན་ཉེ་རིང་།  ཡུལ་མི་ཁྱིམ་མཚེས།   ཁ་ཤེས་ངོ་འདྲིས་ཚང་མར་གནོད་དང་འཚེ་བའི་སྐལ་བ་མ་འགྱུར།   མི་རྡར་རོ་མོ་རྡར་རོ་མཆོང་རུ་སྨུག་མོ་མི་རྡར་རོ་ཞེས་དེའི་དོན་ནི་གཡོན་གྱི་རྭ་ཅོ་གྲི་ནང་བཞིན་རྡར་གྱི་མིན་ནམ་ཁ་གཏད་བཅགས་ཀྱི་མིན་གནོད་པ་སྐྱེལ་གྱི་མིན་ཞེས་པའོ། །དེ་ནས་མར་སྒོར་སྒོར་བཟོས་ཏེ་ཁ་ནས། ཐིག་འཁྱིལ་ཐིག་འཁྱིལ། སྔོན་མོ་འབྲུ་ཡི་བང་བ་འཁྱིལ། གསེར་པོ་གསེར་གྱི་བང་བ་འཁྱིལ་ཞེས་ཤིང་། ཡང་བཙན་ལུག་ལ་ཡར་བརྒྱབ་ནས་གསོལ་ལོ་གསོལ་ལོ་བར་བཙན་གྱི་བཙན་ལུག་དམར་པོ་དེ། འགྲོ་བའི་དུས་སུ་ཆིབས་པ་ཡིན།  ཆིབས་པ་དེ་ལས་མགྱོགས་པ་མེད། བསྡད་པའི་དུས་སུ་སྐུ་མཁར་ཡིན།   སྐུ་མཁར་དེ་ལས་མཐོ་བ་མེད།  ཚེ་ཐར་རོ།  །ཚེ་ཐར་རོ།  །འཇིག་རྟེན་གྱི་འཇིགས་པའི་ཚེ་ལས་ནམ་ཡང་ཐར་རོ།   །འགྲོ་བ་མིའི་འཇིགས་སྐུལ་ལས་ཐར་རོ། །ཚེ་ཐར་ལ་སུས་གནོད་ཀྱང་དམྱལ་ཁམས་བཅོ་བརྒྱད་ལ་ལྷུང་ངོ་ཞེས་སོ། །དེ་ནས་ཡང་བཙན་ལུག་དམར་མོའི་རྭ་ཅོར་ཁྲག་ལྟར་དམར་པའི་བཙག་དམར་ལན་གསུམ་བྱུག་ནས་ཁ་འདོན་དུ། གཡས་ཀྱི་ཟངས་ར་དམར་མོ་དེ་ཁ་མར་ལས་འཇམ་པ་དང་སྙིང་ཚེར་མ་ལས་རྩུབ་པ་བསོ་བསོ་ཞེས་ཤིང་།   གཡོན་གྱི་རྭ་ཅོར་བཙག་དམར་ལན་གསུམ་བྱུག་ནས་ཁ་འདོན་དུ།    གྱོན་གྱི་མཆོང་ར་སྨུག་མོ་དེ་དགྲ་ཡོད་ཚད་ལ་བརྒྱབ་གཉེན་ཡོད་ཚད་ལ་ངོམས།   ཁ་མར་ལས་འཇམ་པ་སྙིང་ཚེར་མ་ལས་རྩུབ་པ་བསོ་བསོ་ཞེས་སོ། །དེ་ནས་ཡང་ལག་པ་གཡས་ལ་བདར་ནས་གཡས་གོམ་འགྲོས་མགྱོགས་པའི་རླུང་རྟ་དར་བ་ཤོག    གཡོན་ལ་བདར་ནས་གཡོན་མ་རི་རྒྱལ་ལྷུན་པོ་བཞིན་བརྟན་ཅིང་ལྷིང་བ་ཤོག་བསོ་བསོ།    ཡང་ཁལ་མ་གཡས་ལ་བདར་ནས་སེར་པོ་གསེར་གྱི་བང་མཛོད་ཁེངས།     ཁལ་མ་གཡོན་ལ་བདར་ནས་གཡོན་མ་དཀར་མོ་དངུལ་གྱི་བང་མཛོད་ཁེངས་ཞེས་ཤིང་དུས་མཚུངས་སུ་ལྷ་ལུག་དཀར་པོ་དང་མདུན་པོ་ངོར་ཆུང་སྟེ་ལུས་པོ་དཀར་པོར་ངོ་གདོང་དང་སུག་རྩེ་དམར་པོ་ཞིག་ཀླུ་ལུག་སྔོན་པོ། བཙན་ལུག་དམར་མོ། མགོན་པོ་རོག་པོ། ཁར་རྒྱ⑿བཅས་རིམ་པས་གསོལ་ལོ། །
          ལུག་གསོལ་ཟིན་མ་ཐག་ལམ་སེང་གོང་གི་ཆོ་ག་དང་ཁ་འདོན་བཅས་ཏེ་ར་དག་གསོལ་གྱི་ཡོད་པར། ལྷ་ར་ངང་པ་དང་ཀླུ་ར་སྔོན་མོ།   བཙན་ར་དམར་སྨུག་མགོན་ར་འོ་ལ(ནག་པོ)བཅས་རིམ་གྱིས་གསོལ་ཅིང་མི་ཡི་ཚེ་ར་དང་སེམས་ཅན་གྱི་ཚེ་ལུག་ཞེས་ར་ལུག་ཆ་གཅིག་ཚེ་ཐར་བཏང་རྗེས་སུ་ཐོད་ཀླད་དང་སྒལ་པར་བཙག་འབྱུག་ཅིང་རྭ་ཅོའི་རྩེ་ལ་ཡར་ཁ་བརྒྱབ་པ་དང་ཁ་ནང་ལ་ཕྱེ་མར་ཏོག་ཙམ་བླུག་གིན་བཀྲ་ཤིས། ཚེ་རིང་། ཁ་གྲོ། ནད་མ་ཡོང་།  ཡུལ་བདེ།  རྩ་ཆུ་བཟང་།  སེམས་ཅན་འཕེལ།  དཀར་ཆུ་རྒྱས།  མི་བདེ།  ཁྱི་སྐྱིད་བཅས་སྨོན་ལམ་འབུལ་བཞིན་དུ་འབྲང་རྒྱས་ཀྱང་ལུག་ལྷས་ནང་ལ་འཁྱེར་གྱི་ཡོད་པར་སེམས་ཅན་གྱི་སྤུ་ཕུད་ཕྲན་བུ་བཏོགས་ནས་སྐུད་པ་ནང་སྒྲིམ་བརྒྱབ་ནས་འབྲང་རྒྱས་ལ་མཆོད།   ར་ལུག་གསོལ་ཡས་དེ་ཚོའང་རྭ་ཅོར་ཆག་སྐྱོན་མེད་པ་དང་རྣ་ལྕོག་ཨོ་པ(རྣ་ལྕོག་དུམ་ཞིང་ཐུང་བ)མིན་པ།  སྤུ་གྲ་ལེགས་པ།  ཤེད་བཟང་བ་བཅས་དགོས་སོ།  །
          དེ་ནས་ལྷ་ལུག་དང་བཙན་ལུག   ཀླུ་ལུག་ཚང་མ་བསྟར་ལས་རྒྱུས་པ་ནས་བཀྲོལ་དུས་འོ་མ་ཆུ་སྐྱོག་གང་འཁྱེར་ཡོང་ནས་གང་གའི་སྟེང་ལ་མཆོད་གཏོར་བྱེད་ཀྱི་ཡོད། ཁ་ནས་སྐད་ཤུགས་ཆེན་པོས་འཁྲུས་གསོལ་ལོ་འཁྲུས་གསོལ་ལོ་ཞེས་འབོད།   ལུག་ཐག་བའི་སྟར་ལས་བཀྲོལ་ཟིན་ནས་ལུག་བྱིངས་ཀྱི་སར་རྒྱུག་འགྲོ་དུས་མདའ་དར་འཁྱེར་ནས་ཁུག་ཤོག་ཁུག་ཤོག་ཕྱྭ་ཁུག་ཤོག་གཡང་ཁུག་ཤོག་ཞེས་ལུག་རེ་རེ་བཞིན་གྱི་མགོ་ཡི་སྒང་ལ་གཡབ་ཙམ་བྱེད་ཀྱི་ཡོད་དོ།  །
          དེ་ནས་གཡག་གདང་ནང་ལ་ཕྱིན་ནས་ལྷ་གཡག་དཀར་པོ་དང་བཙན་གཡག་ཁམ་པ།  ཀླུ་གཡག་སྔོན་མོ། མགོན་པོ་རོག་པོ་བཅས་ལ་དང་དོད་བྱས་ནས་རྭ་ཅོ་དང་སྒལ་དགུང་ལ་བཙག་དམར་འབྱུག་པ་དང་ཟེ་བར་དར་ལྕོག་སྣ་ལྔ་སྒྲོག་པ།   རྣ་ལྕོག་ལ་རྣ་ཕྲ་བརྒྱབ་པ།   རྔ་མར་དར་ཕྲུ་བཏང་བ་བཅས་བྱེད་ཀྱིན་ལྷ་གཡག་དཀར་པོ་གངས་རི་ཁྲོད་དུ་འགྲིམ།   གངས་དཀར་མོའི་གངས་ཆུ་རྒྱས་ཤིང་འཕེལ།   བཙན་གཡག་ཁམ་པ་རྫ་རི་འགྲིམ་ཞིང་སྐྱོད།    རྫ་ཁྲ་ལུའི་རྫ་ཆུ་རབ་ཏུ་འཕེལ།    ཀླུ་གཡག་སྔོན་མོ་གཡའ་རི་འགྲིམ་ནས་བྱོན།    གཡའ་ཆུ་སྔོན་མོས་རྩི་ཤིང་རི་ཀླུང་ཁེངས།    མགོན་པོ་རོག་པོ་སྤང་སྟོད་འགྲིམ་ནས་འགྲོ།     སྤང་རྒྱན་མེ་ཏོག་ནམ་མཁའི་སྐར་ལྟར་རྒྱས།    གསོལ་ལོ་གསོལ་ལོ་ཉི་ཟླ་སྐར་གསུམ་གསོལ།   གསོལ་ལོ་གསོལ་ལོ་ལྷ་ཀླུ་བཙན་གསུམ་གསོལ།   གསོལ་ལོ་གསོལ་ལོ་རི་ཀླུང་ཆུ་གསུམ་གསོལ། གསོལ་ལོ་གསོལ་ལོ་བླ་མ་དཀོན་མཆོག་གསུམ་གསོལ། གསོལ་ལོ་གསོལ་ལོ་རྒྱལ་པོ་དང་ཡབ་ཡུམ་གསུམ་གསོལ། གསོལ་ལོ་གསོལ་ལོ་ར་ལུག་གཡས་གསུམ་གསོལ། གསོལ་ལོ་གསོལ་ལོ་མི་རྟ་ཁྱི་གསུམ་གསོལ་ཞེས་གཡག་གདང་ལ་བསང་གི་དུ་ཞག་བཏུལ་ཅིང་འབྲང་རྒྱས་འཁྱེར་ནས་ནང་ལ་ལོག་ཏེ་འབྲང་རྒྱས་ཕུ་ལ་རང་སོར་མཆོད་པ་དང་མདའ་དར་དེ་ཡུམ་ཕྱོགས་ཀྱི་ཕུ་ལ་མཆོད་དེ་མཆོད་ཆང་གི་ཕུད་གཏོར་བྱས་ཤིང་།   ནང་མི་ཚང་མས་ཆང་ཕོར་ནང་ལ་བླུག་ཅིང་མཉམ་དུ་སྤགས་གཟན་ཟས་རྗེས་ལུག་རྫི་དང་གཡག་རྫིས་གཡག་ལུག་རི་ལ་འདེད་འགྲོ་གི་ཡོད་ལ་ལོ་གསར་པའི་ནང་ལ་དགའ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་པ་བཅས་སོ། །
          རྟ་གསེབ་དང་སྤོ་བ(དབུས་གཙང་ཁུལ་དུ་གཡག་ཐུག་ཞེས་སོ)ཡིན་ན་ལེབ་ཁྲལ་ཁོངས་སུ་ཚུད་མེད་ལ་ཚོ་པ་གཞན་གྱི་རྩྭ་ཟའི་ས་ཁུངས་ལ་ཕྱིན་ཀྱང་ནག་ཉེས་རྩ་བ་ནས་མེད། ཁ་རྒྱུན་དུ་སྒོ་ཕྱུག་དེའི་རིགས་ལ་རང་དབང་ཐོབ་ཟིན་པ་ཡིན་ཞེས་ར་གནམ་གཡེང་སྟེ་རྭ་ཅོ་གནམ་ལ་བསྟན་ནས་ཕྱིན་ཚེ་ཕྱོགས་བཞི་མཚམས་བརྒྱད་གར་སླེབས་འགྲོ་ཆོག་ལ་གར་སླེབས་བསྡད་ཆོག   མིག་ས་གཡེང་སྟེ་མིག་མཐོང་སའི་ས་ཆ་གང་འདྲ་ཞིག་ལ་སླེབས་ཀྱང་ཚང་མས་བདག་གཉེར་བྱེད་དགོས་ཀྱི་ཡོད་པ་ལས་གང་བྱུང་དུ་ཕྱིར་སྤྱུགས་བྱེད་མི་ཉན།
          དེའི་དགོང་མོ་ནང་མི་རྒན་དར་གཞོན་གསུམ་མཉམ་འཛོམས་བྱས་ནས་ཐུད་བཏང་།   ཐུད་ཞེས་པ་དེ་ལུག་མར་ཁ་མདོག་ཁམ་དཀར་དྭངས་ཤིང་གཙང་བ་དཀར་སྡེར་ནང་ལ་བླུག་སྟེ་མེ་དྲོད་ལ་བཞག་ནས་མར་ཁུ་བཞུ་རུ་བཅུག    དེ་ནས་ཚགས་མས་བཙགས་པའི་ཕྱུ་ར་ཞིབ་ཞིབ་མར་ཁུ་བཞུ་ཟིན་པའི་ནང་ལ་བླུག་པ་དང་བྱེ་མ་ཀ་ར། བུ་རམ་དཀར་པོ⒀བརྒྱབ་ནས་བརྫིས་ཤིན་ཏུ་འཐེབ་པོ་བྱས་ནས་བཟོ་ལྟ་སྒོར་མོ་ཆེ་ཆུང་སྣ་ཚོགས་བཟོས་ཤིང་ཁ་ཐོག་ལ་སྨུག་རྩི་བྱུག་སྟེ་འཁྱག་ཏུ་བཏང་།    དགུན་ཁ་འབྲོག་ཁུལ་དུ་ཤིན་ཏུ་གྲང་བས་རྡོ་ལྟར་ཧ་ཅང་མཁྲེགས་པོ་ཆགས།   དེ་ནས་ནང་གི་ཡབ་ཆེན་གྱིས་མདོ་གྲི་གར་སོག་གི་རྩེ་བཙུགས་ཏེ་ཟུར་ནས་དྲོས།   ཟུར་དང་ཆུང་བ་དེ་ཚོ་ཕྲུ་གུར་བཏང་ཞིང་དབུས་ཀྱི་ཆེ་བ་དེ་ཚོ་ནང་གི་ཕ་མར་བཏང་ནས་མཆོད་སྒྲོན་བྱས་ཏེ་སོ་སོའི་སྐལ་བའི་ཁྲོད་དུ་བཅུག་ནས་གནས་སྐབས་བསྡུ་གི་ཡོད།   ཐུད(སྤྱིར་བཏང་ཆེ་གྲས་ཤིག་གཡག་གི་དོ་ལ་རྒྱབ་ཐུབ་ཙམ་ཡོད)བཏང་ཟིན་མ་ཐག་ཤ་བཞི་གླིང་བཙོས་པ་དག་ཕ་མ་ལ་བཞི་གླིང་གི་སྨད(རུས་པ་ཉུང་ཞིང་ཤ་ཕོན་ཆེ་བར་ཡོད)དང་ཕྲུ་གུར་བཞི་གླིང་སྟོད(རུས་པ་དང་རྩིབ་མ་མང་བས་ཤ་ཉུང་བ་ཡོད)བཏང་བ་དེར་ཚང་མས་མར་དང་རྩམ་པའི་ཡར་ཁ་བརྒྱབ་ནས་བསྡུའོ⒁།  དེ་ནས་གླུ་གཞས་བཏང་བ་དང་ཞབས་བྲོ་འཁྲབ་ནས་དགའ་སྐྱིད་ལོངས་སུ་སྤྱོད་ཅིང་ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་བར་བསྡད་དེ་ཚེས་བཞི་ནས་ལོ་གསར་མཇུག་སྒྲིལ་ལོ། །
          མཆན།
①སྦྲ་གུར་ཕྱིའི་ཕྱོགས་བཞི་མཚམས་བརྒྱད་ནས་འཐེན་ཡས་ཐག་པ་དེར་བརྗོད། དེ་དག་མེད་ན་གུར་འབུབས་མི་ཐུབ། ཆོན་ཐག་རེ་ལ་ཀ་བ་རེ་དང་ཆོན་རྡོའམ་ཕུར་པ་རེ་དགོས།   སྦྲ་གུར་སྤྱི་ལ་ཆོན་ཐག་བརྒྱད་ལས་མེད་ཀྱང་སྦྲ་ཆེན་དམིགས་བསལ་ཅན་ལ་ཆོན་ཐག་བཅུ་དྲུག་ཡོད།  མངའ་རིས་ཡུལ་གྱི་སྦྲ་གུར་ཆེ་ཤོས་དང་ལེགས་ཤོས་དམིགས་བསལ་དང་དོད་ཡོད་པ་ནི་སྒར་རྫོང་མོན་མཚེར་ཡུལ་ལ་ཡོད་ཅིང་ཡུལ་དེའི་སྦྲ་གུར་ཚད་མར་འཛིན་གྱི་ཡོད།
②སྦྲ་གུར་ནང་ལ་བཏང་བའི་ཐག་པ་ལེབ་མོ་རིམ་པ་གཉིས་ཡོད།  དེ་ཚོ་ནི་ཁང་པའི་གདུང་མ་ལྟར་ཡིན་པས་དེར་ཕྱིའི་ཆོན་ཐག་སྒྲོག་ནས་འཐེན་ཚེ་སྦྲ་གུར་ཡར་བསང་ངེར་བཀྱག་ཐུབ་བོ། །གཡོན་ཕྱོགས་བུད་མེད་བསྡད་སའི་རྒྱལ་ཐག་ལ་ཕྱུ་ར་བཙག་སའི་བཙག་གྱེ་སྒྲོག་པ་དང་གཡས་ཕྱོགས་སྐྱེས་པ་བསྡད་སའི་རྒྱལ་ཐག་ལ་ར་ལུག་ནང་ཆའི་ནང་ནས་རྫི་ཤ་ཞེས་པ་དེ་སྒྲོག་ནས་དུས་ཡུན་རིང་ཙམ་འདས་རྗེས་སུ་དྲེག་པ་འཁོར་ཏེ་སྐམ་བསང་ཆགས། དེ་བཙོས་ནས་ཟས་ན་དམིགས་བསལ་གྱི་བྲོ་བ་དང་རོ་བཅུད་ལྡན་ནོ།   །
③སྦྲ་གུར་གྱི་སྣམ་ཆ་དཀར་པོ་དེ་གཉིས་ལ་རུ་དཀར་དང་སྒོ་དཀར་ཞེས་ཏེ་འདྲེ་དང་སེམས་ཅན་གདུག་པ་ཅན་ཚང་མ་སྐྲག་མི་ཡོང་བའི་ཆེད་དུ་ཡིན་ལ་གནས་སྤོ་བྱེད་དུས་གུར་གྱི་གཞོགས་གཡས་གཡོན་ཡུག་ཆ་ནག་པོ་དེ་གཉིས་དབྱེ་མཚམས་ལམ་སེང་ཕྱེ་བདེ་བའི་ཆེད་དུའང་ཡིན་ལ།   ཡང་རྒན་རབས་འགའ་ཤས་ཀྱི་བརྗོད་སྲོལ་ལ་སྦྲ་གུར་ནག་པོ་དེ་ཐོག་མ་གཡག་ཁྲ་བོ་ཁ་ནུབ་ལ་ཕྱོགས་པའི་གཟུགས་ཤིག་སྟེ་རྒྱབ་ཀྱི་སྣམ་ཆ་དཀར་པོ་དེ་གཡག་གི་གདོང་མདུན་དཀར་པོ་མཚོན་པ་དང་མདུན་ངོས་སྒོ་ཕྱོགས་ཀྱི་སྣམ་ཆ་དཀར་པོ་དེ་ནི་གཡག་གི་རྔ་མ་དཀར་པོ་མཚོན་པའི་རྟགས་ཡིན་སྐད་དོ།   །
④དཔེ་ཆ་དེར་འབྲོག་པ་ཚོས་ཧ་ཅང་མཐོང་ཆེན་བྱེད་ཅིང་སྤྱིར་བཏང་མི་ཚང་རེར་གླེགས་བམ་རེ་ཡོད།   དེ་ནི་ཇོ་ནང་པ་ཏྭ་ར་ན་ཐས་མདོ་རྒྱུད་ཁག་ནས་བཏོན་པའི་གཟུངས་སྔགས་གླེགས་བམ་ཞིག་སྟེ་ཆོས་ཚན་བརྒྱ་དང་བརྒྱད་ཡོད་སྐད། འབྲོག་པ་ཚོས་གནས་གསར་པར་སླེབས་མ་ཐག་ལམ་སེང་བསང་གསོལ་བྱེད་པ་དང་ཕྱག་དཔེ་དེ་ཞལ་ཕྱེ་ཙམ་བྱེད་ཀྱི་ཡོད་དོ།  །
⑤འབྲི་འོ་མ་བཞོ་དུས་རྟག་ཏུ་སྒྱིད་ཐག་རྒྱག་གི་ཡོད་པ་ནི་གལ་ཏེ་སྒྱིད་ཐག་བརྒྱབ་བརྒྱུད་བྱུང་ན་འོ་མ་མང་ལ་འཕྲ་ག་རྒྱག་ནས་འོ་མ་གཤོ་ཡོང་བསམ་པའི་སེམས་ཁྲལ་བྱེད་མི་དགོས།   དེ་ནི་ཐག་པ་སྣེ་ཁུག་གསུམ་ལྡན་རྐང་པ་གཉིས་དང་ལག་པ་གཅིག་ལ་རྒྱལ་པའི་སྒྲོག་ཐག་ལྟ་བུ་ཡིན་དེ་འགུགས་ཆུང་གི་སྣེ་མོ་གསུམ་ལ་ཆ་རུ(ཤིང་བུ་ཐུང་ངུ་རྐེད་ཉག་ཅན)གསུམ་ཡོད།
 ⑥ལོ་གསར་པའི་ནང་ལུ་མའི་ལུ་ཆུ་བླངས་ནས་བཏུང་བ་ནི་བྱ་ལས་ཐམས་ཅད་ལ་བགེགས་བར་ཆད་མ་ཡོང་བར་ལུ་ཆུའི་རྒྱུན་རྒྱུག་པ་བཞིན་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་གྱི་བསམ་པ་རྣམ་དག་བཅངས་ནས་ལུ་ཆུར་བསང་གསོལ་གཏོང་བ་ནི་ཀླུ་གསོལ་ཏེ་ས་བཅུད་མ་ཉམས་པར་སྨོན་པའོ།  །
⑦སྤྱིར་བཏང་ཡུལ་སོ་སོའི་ལྷའི་དབྱིབས་ཅན་ཞིག་སྟེ་ཁོ་བོའི་ཕ་ཡུལ་གླང་བཅུ་ལ་རྒྱལ་བ་ཞེས་པ་ཞིག་དང་སྐུ་ངོ་ཞེས་པ་ཞིག་ཁྱོན་གཉིས་བཞེངས་ཤིང་རྒྱལ་བ་ནི་དབུ་ལ་རལ་པ་ཤིག་ཤིག་ཡོད་པ་ཞིག་དང་དེའི་ཐོར་གཙུག་ཏུ་ཉི་ཟླ་དང་སྐུ་མདུན་ལ་གཡུང་དྲུང་གི་རི་མོ་བྲིས་ཡོད།
⑧ནས་ཆག་བརྒྱབ་པའི་ཐུག་པ་སྟེ་ལོ་གསར་པའི་ནང་ཁ་ཆག་སྣ་རལ་སོགས་མ་ཡོང་བའི་དོན་ཡིན་ཅིང་དེ་ནི་ནས་ཧྲོག་པོར་བཏགས་ཏེ་ཆུ་འཁོལ་ལ་བརྒྱབ་པའི་ཐུག་པ་ཚྭ་དང་སྡོར་གང་ཡང་མེད་པའི་ཐུག་པ་བཅུད་ལྡན་འཇུ་སླ་བ་ཞིག་གོ  །
  ⑨ཁ་ཕྱེ་མར་ཞེས་པ་མར་སྤགས་སྐམ་སིལ་སིལ་བརྫིས་ནས་སྡེར་མ་ཆུང་ཆུང་ཞིག་གི་ནང་ཁ་མཐོན་པོར་བརྒྱང་ཞིང་དེའི་སྒང་ལ་གྲོ(ཁ་གྲོ་བ)ཡོས་ཤོས་ཤིང་དབུས་སུ་འབྲི་མར(ཕྱུགས་ལས་དཀར་ཆུ་དར་ཅིང་སྐྱིད་པའི་མར་ཁུ་ཆུ་རྒྱུན་ལྟར་རྒྱུག་པའི་རྟེན་འབྲེལ)སེར་པོ་དོག་ཙམ་ཞིག་བཞག་པ་དེར་བརྗོད།   ཕྱིས་སུ་དབུས་གཙང་ཁུལ་དུ་སྐུ་དྲག་ཚོས་རྒྱས་སྤྲོས་ཀྱིས་གྲོ་སོ་ཕྱེ་མར་ཞེས་པར་བསྒྱུར་ཀྱང་མངའ་རིས་འབྲོག་ཁུལ་དུ་གནའ་སྔ་མོའི་ལུགས་སྲོལ་རང་སོར་གནས།
⑩ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་རང་གི་ཁྱིམ་ནང་ལ་བསྡད་པའི་བུ་ཕྲུག་ཚང་མས་རིམ་གྱིས་ཕ་མ་གཉིས་ལ“དབུ་མ”ཞེས་ཕྱག་འཚལ་དགོས་པ་མ་ཟད།   གཉེན་སྒྲིག་བྱས་ཟིན་ནས་ཕ་མའི་སྒོ་ས་ནས་ཐོན་ཏེ་ཕྱི་ལ་སོང་ཟིན་ཚར་བ་ཚང་མས་ཀྱང་ཕ་མར་ཕྱག་བྱེད་པར་ཡོང་གི་ཡོད་དེ་བུ་མོ་ཡིན་ན་ཁ་ཕྱེ་མར་དང་ཁ་བཏགས་འཁྱེར་བ་དང་བུ་ཡིན་ན་ཁ་ཕྱེ་མར་དང་འབྲང་རྒྱས་འཁྱེར་ནས་ཕ་མའི་སྐུ་མདུན་དུ་བཅར་ནས་ཕྱག་འཚལ་བའི་ལུགས་སྲོལ་ཡོད།    དེ་ནི་ཐག་རིང་པོ་ཅི་ཙམ་དུ་བསྡད་ཡོད་ཀྱང་འགྲོ་དགོས་པས་རྟ་ལ་ཞོན་ནས་འགྲུལ་བཞུད་བྱེད་པའང་མང་པོ་ཡོད།    མདོར་ན་སྟོད་མངའ་རིས་འབྲོག་པའི་ལུགས་སྲོལ་ལ་ཁ་ཕྱེ་མར་སྐོར་བའང་ཁ་བཏགས་ཕུལ་བ་སོགས་རང་ཁྱིམ་གྱི་གཉེན་ཉེ་སྤུན་མཆེད་བར་དུ་བྱེད་པ་ལས་ལྷ་སའི་ལུགས་ལྟར་གཉེན་ཉེ་དང་ངོ་ཤེས་ཀྱི་དབྱེ་ཁྱད་མེད་པར་གྲོང་པ་ཁྱིམ་མཚེས་ཚང་མའི་ནང་ལ་འགྲོ་བའི་ལུགས་སྲོལ་མེད།
⑾ཚེས་གཅིག་ཞོགས་པར་ཚེ་ཞོ་ཞེས་ཐ་ལིའམ་སྡེར་མའི་ནང་ལ་འབྲས་ཕྱེད་ཆ་ཙམ་བླུག་ཅིང་དེའི་ཐོག་ལ་འབྲི་ཞོ་བླུག་རྗེས་སུ་དེའི་སྒང་ལ་མར་ཁུ་སྤུས་ལེགས་ལྡན་པ་བླུག  དེའི་ཁ་ཐོག་ལ་ཀ་ར་དང་བུ་རམ་བརྒྱབ་ནས་རྫོག་རྫོག་བྱས་པའི་རོ་བཅུད་ལྡན་པའི་ཞིམ་ཟས་དེ་འཐུང་གི་ཡོད་དོ། །
⑿ལུས་དཀར་པོར་ཁ་ཟུར་སྨུག་ཐིག་ཅན་གྱི་ལུག ཁ་ལ་རྒྱ་བརྒྱབ་པའི་དོན་ཏེ་མི་གཞན་དག་གིས་ཁྱེད་ཀྱི་ནང་ལ་ནོར་ཡག་པོ་འདུག   རྒྱུ་ཕྱུག་པོ་རེད་ཅེས་ཁ་བཏང་མཁན་ནམ་མི་ཁ་འགོག་པའམ་ལྡོག་ཡས་ཆེད་དུ་ཡིན།
⒀མངའ་རིས་ཡུལ་གྱི་བུ་མ་དོག་དོག་མར་སྤྲོ་ཁའི་དབྱིབས་གཟུགས་དང་ཆེ་ཆུང་མཉམ་པ་ཞིག་ལགས།    དེ་སྤྱིར་སྤུ་རང་ཡུལ་ནས་ཐོན་གྱི་ཡོད(དེང་སང་ས་ཆ་དེ་བལ་ཡུལ་འོག་ལ་ཚུད)བུ་རམ་ལ་ཡག་སྡུག་ཁག་གཉིས་ཡོད་པར་ཡག་པ་དེ་མདོག་དཀར་ཅིང་ལུས་ལ་ཕན་པ་སྤུས་ལེགས་ཤིག་ཡིན།    སྡུག་པ་དེ་མདོག་དམར་ལ་སྤུས་ཚད་ཞན་ཞིང་དེས་ཁྲག་ཤས་འཕར་བ་དང་གློ་བརྒྱབ་པ་བཅས་བྱེད་ཀྱི་ཡོད་པས་མང་ཆེ་བ་གར་མ(མར་ཁུ་དང་མཉམ་དུ་སྐོལ་ནས་འཁྱག་ཏུ་བཅུག་ཚེ་མཁྲེགས་པོ་ཆགས་ནས་ཟ་ཤན་ཆེན་པོ་ཡོད་ལ་བུད་མེད་ལོ་ཆུང་ཚོས་ངོ་གདོང་ལ་བྱུགས་ནས་ཉི་མས་བསྲེགས་མི་ཐུབ་ཅིང་དཀར་ལ་དམར་མདངས་ལྡན་པར་ཆགས)དང་གུར་ཡོས(སྔོན་ལ་ཚ་བོ་བཟོས་ནས་ཞུར་དེ་ནས་ཡོས་བརྒྱབ་སྟེ་གྲང་བསང་བཏང་རྟིང་དོག་པོ་ཆགས་པའི་ཁ་ཟས་ལེགས་པོ་ཞིག་གོ)བཟོ་ཡས་ཀྱི་རྒྱུ་ཆ་བྱེད་ཀྱི་ཡོད།
⒁དེ་དག་ལ་མགྲོན་བཏང་ཞེས་ཏིག་ག་ཙམ་ཡང་མ་སྐོག་པར་རང་རང་སོ་སོའི་ནང་ལ་འཁྱེར་ཕྱིན་ནས་ལོ་གསར་ཐོན་རྗེས་ག་ལེར་ཟ་གི་ཡོད།   དེ་ཡང་བཞི་གླིང་བཏང་བ་ནི་ཆ་ཚང་ཞིང་མ་ཉམས་པའི་དོན་ཡིན།  དུས་རྒྱུན་དུ་ཤ་ལྷུ་བཏང་བ་ལས་བཞི་གླིང་བཏང་གི་མེད།   སྤྱིར་ན་སེམས་ཅན་གྱི་ལུས་ལ་གླིང་བཞི་དང་ལྷུ་བཅོ་བརྒྱད་ཡོད་པར་མཇིང་པ་དང་ཨོ་རོ་སྦྲེལ་བར་ཤ་ལྷུ་གཉིས།  ལག་པ་རེ་ལ་ཤ་ལྷུ་གཉིས་རེ།  བྲང་ལོག་རེ་ལ་ཤ་ལྷུ་རེ་སྟེ་ཁྱོན་གཉིས།  རྐང་པ་རེ་ལ་ཤ་ལྷུ་གསུམ་རེ།  དལ་ལོག་རེ་ལ་ཤ་ལྷུ་གཉིས་རེ་སྟེ་ཁྱོན་བསྡོམས་པའི་ཤ་ལྷུ་བཅོ་བརྒྱད་ཡོད། སེམས་ཅན་གཟུགས་ལོག་གི་ཤ་ལྷུ་བཅོ་བགྱོད་དེ་གྲངས་ཀ་གལ་ཆེན་ཞིག་ལ་འཛིན་ནས་གནའ་སྔ་མོའི་འབྲོག་རིགས་ཚོ་པ་ཁག་གིས་གྲངས་ཀ་བཅོ་བརྒྱད་བེད་སྤྱོད་བཏང་བར་ཤིན་ཏུ་མང་བ་ནི་རྫོང་ཆེན་བཅོ་བརྒྱད་དང་མཁར་ཆེན་བཅོ་བརྒྱད།   རྒྱལ་ཕྲན་བཅོ་བརྒྱད་བཅས་པའོ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1