༄༅།།ཐབས་འདིས་འཁྱགས་ཤའི་བྲོ་བ་ཤོར་མི་སྲིད།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-22
རྣམ་ཀུན་འཁྱགས་ཤ་བཞུར་སྐབས། མི་མང་ཆེ་བས་ཆུ་ཚ་པོའི་ནང་དུ་བླུགས་ནས་ཞུ་ཐབས་བྱེད་ཀྱི་ཡོད། ཧོབ་ཏེ་བལྟས་ན། དེར་གནོད་པ་གང་ཡང་མེད་སྙམ། འོན་ཀྱང་། བྱེད་སྟངས་དེ་རིགས་ནི་ནོར་འཁྲུལ་ཞིག་རེད་འདུག
ཟས་རིགས་གང་ཞིག་ཡིན་རུང་ཆུ་ཚ་པོས་འཁྱགས་པ་བཞུ་ཐབས་བྱས་ན་དེའི་འཚོ་བཅུད་ངེས་ཅན་ཞིག་ཤོར་སྲིད།
འཁྱགས་ཤ་ཆུ་ཚ་པོའི་ནང་དུ་བླུགས་ནས་འཁྱགས་པ་བཞུར་རྗེས། སོས་པ་ལས་མཉེན་པ་དང་འབོལ་པོ་ཡོད། གང་ལགས་ཤེ་ན། འཁྱགས་ཤ་བཞུར་རིང་། ཆུ་ཚ་པོས་ཤའི་སྟེང་གི་འབུ་ཕྲ་རྣམས་གསོན་པ་མ་ཟད། སྐྱེ་འཕེལ་གྱི་ཁོར་ཡུག་ཅིག་བསྐྲུན་པས་རེད། དེས་མ་ཚད། ཟས་རིགས་སྟེང་གི་འཁྱགས་ཟིལ་དེ་དག་གིས་ཕྲ་ཕུང་གི་ཕྱི་ཤུན་བརྟོལ་ནས་འཚོ་བཅུད་རིམ་གྱིས་ཉམས་འགྲོ་གི་ཡོད། དེར་བརྟེན། ཆུ་ཚ་པོས་བཞུར་བའི་འཁྱགས་ཤ་བཙོས་ན་བྲོ་བ་ཞན་པའི་ཁར། འཚོ་བཅུད་ཀྱང་དེ་སྔ་ལས་ཞན་པ་ཡོད།
ད་འོ་ན། མི་ཁག་གཅིག་གིས་ཆུ་གྲང་མོའམ་ཡང་ན་དྲོན་འཇམ་གྱིས་འཁྱགས་ཤ་བཞུར་ན་མི་འགྲིག་གམ་ཅེས་བརྗོད་ཀྱི་ཡོད། དེའང་ནོར་འཁྲུལ་ཞིག་རེད་འདུག རྒྱུ་མཚན་ནི་ཟས་རིགས་ནང་གི་འབུ་ཕྲ་དྲོད་ཚད་5℃ནས་60℃བར་ལ་སྐྱེ་འཕེལ་བྱེད་ཅིང་། གལ་ཏེ་ཆུ་དྲོན་འཇམ་གྱིས་འཁྱགས་པ་བཞུར་རྗེས། ད་དུང་ཆུ་ཚ་པོའི་ནང་བཙོས་ན་མ་གཏོགས། འབུ་ཕྲ་མུ་མཐུད་ནས་སྐྱེ་འཕེལ་ཡོང་གི་ཡོད། དེ་དང་ཆབས་ཅིག ཟས་རིགས་ཀྱི་འཁྱགས་པ་རྣམས་ཉི་འོད་འོག་ཏུ་རང་བཞིན་དུ་བཞུར་ནའང་དྲོད་ཚད་ངེས་ཅན་ལྡན་པས་འབུ་ཕྲ་སྐྱེ་འཕེལ་ཡོང་རྒྱུ་ནི་སྨོས་མེད་རེད།
ཡིན་གཅིག་ཆུས་ཟས་རིགས་ཀྱི་འཁྱགས་པ་བཞུར་དགོས་ན། ཐབས་འདི་འདྲ་ཞིག་འདུག རྒྱུག་ཆུས་འཁྱགས་པ་བཞུར་དགོས་པ་དང་། དེ་ནས་ཆུ་གྲང་པོའི་ནང་བླུགས་པ། དེ་རྗེས་ཆུ་དྲོན་འཇམ་ནང་བླུགས་དགོས་པ། མཇུག་ཏུ་ཆུ་ཚ་པོའི་ནང་བླུགས་དགོས། དེ་འདྲ་བྱས་ན། རྙོག་དྲ་ཆེ་བ་མ་ཟད། ཆུའང་གྲོན་ཆུང་མི་ཐུབ་པས་ཡག་ཤོས་བྱུང་ན་ཐབས་འདི་མི་སྤྱད་ན་ལེགས། ད་འོ་ན། གཅིག་ནས་འཁྱགས་ཤ་བཞུར་ཐུབ་ལ། འཚོ་བཅུད་མི་ཤོར་བའི་ཐབས་ཡོད་དམ་ཞེ་ན། གཤམ་ལ་ཐབས་ཤེས་ཁག་གཅིག་ངེད་སྐད་འཕྲིན་ཚོགས་པས་ཁྱེད་ལ་རེ་རེ་བཞིན་ངོ་སྤྲོད་ཞུ་རྒྱུ་ཡིན།
གཅིག གལ་ཏེ་དུས་ཚོད་འདང་ངེས་མེད་ཚེ། རླབས་ཐབ་ནང་བཞུར་བའམ་ཡང་ན་ཚུའུ་དཀར་པོའི་ནང་བླུགས་ནས་བཞུར་ན་ཆོག
1.རླབས་ཐབ་ནང་བཞུར་བ།
རླབས་ཐབ་ནང་འཁྱགས་ཤ་བཞུར་སྐབས། དྲོད་ཚད་ལ་དོ་སྣང་ཆེན་པོ་བྱེད་དགོས། དྲོད་ཚད་དམའ་དྲགས་ན་ཕྱིའི་འཁྱགས་རྣམས་བཞུར་ནའང་ནང་གི་འཁྱགས་རྣམས་མ་བཞུར་བར་གཏུབ་དཀའ་བ་དང་། དྲོད་ཚད་མཐོ་དྲགས་ན་སྤྲི་དཀར་དང་ཆུ་རྣམས་སྐམ་ནས་བྲོ་བ་ཤོར་གྱི་ཡོད།
2.ཚུའུ་དཀར་པོས་བཞུར་བ།
ཆུའི་ནང་ཚུའུ་དཀར་པོ་ཐིགས་པ་ཁ་ཤས་བླུགས་པ་དང་། དེ་ནས་འཁྱགས་ཤ་ཚུའུ་ནང་བླུགས་ན་འགྲིག གང་ལགས་ཤེ་ན། སྐྱུར་གྱིས་ཤའི་ཚི་སྣར་འགྱུར་བ་འགྲོ་བས། སྐར་མ་6གི་ནང་ཚུན་དུ་འཁྱགས་ཤ་བཞུར་གྱི་ཡོད། འོན་ཏེ་དེ་ལ་སྐྱོན་ཞིག་ཡོད་པ་སྟེ། སྐྱུར་ཆུས་འཁྱགས་ཤ་བཞུར་ཚེ། བྲོ་བར་སྐྱོན་རྒྱག་ཅིང་། ཤ་མདོག་དཀར་དུ་འགྲོ་བའི་ཁར་ཤའང་སོབ་སོབ་ཆག་གི་ཡོད།
གཉིས། འཚོ་བཅུད་ལ་དོ་སྣང་གནང་མཁན་ཚོས་ཚྭ་ཆུས་བཞུར་ན་འགྲིག
1.བསིལ་ཉར་འཁྱགས་བཞུར།
ཐབས་འདིས་ཤའི་འཚོ་བཅུད་ཤོར་འགྲོ་གི་མེད་མོད། འོན་ཀྱང་། དུས་ཚོད་རིང་པོ་འགོར་གྱི་ཡོད་པས། བྲེལ་བ་ཡོད་མཁན་ལ་འཚམ་པོ་མེད། གལ་ཏེ་གནངས་འཆར་ལ་ལྟོ་ཆས་བཟོ་དགོས་ཚེ་ཐབས་འདི་ཧ་ཅང་ཡག་པོ་འདུག
བསིལ་ཉར་འཁྱགས་བཞུའི་དྲོད་ཚད་ཡག་ཤོས་1℃ནས་8℃བར་གྱི་འོག་ཏུ་རེད་འདུག་པས། དྲོད་ཚད་དེའི་འོག་འབུ་ཕྲ་སྐྱེ་འཕེལ་མི་ཐུབ་ལ། ཤའི་བྲོ་བའང་ཤོར་གྱི་མེད།
2.ཚྭ་ཆུས་བཞུར་བ།
ཐབས་འདིས་འཁྱགས་ཤ་བཞུར་ཐུབ་པ་མ་ཟད། འབུ་ཕྲའང་ངེས་ཅན་ཞིག་གསོད་ཀྱི་ཡོད། ཚྭ་ཆུའི་ནང་ཆུ་ཚོད་1ནས་2བར་སྦངས་ཚེ་འཁྱགས་པ་རིམ་གྱིས་བཞུར་གྱི་ཡོད།
རྣམ་ཀུན་ལྟོ་ཆས་ཟོ་སྐབས་གོང་གི་ཐབས་ཤེས་དེ་ནས་ཁྱེད་ལ་འཚམ་པ་ཞིག་སྤྱད་ན་འོས་པས། ཐབས་འདི་དག་གཅིག་ནས་ཚན་རིག་དང་མཐུན་ལ་གཉིས་ནས་ཤའི་བྲོ་བའང་དེ་ཙམ་ཤོར་གྱི་མེད།