༄༅།།དྲ་རྒྱའི་དབྱིངས་ཞུགས་པའི་གནོད་འཚེའི་སྐོར་གླེང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-22
དྲ་རྒྱའི་དབྱིངས་ཞུགས་པར་སྔོན་འགོག་ཇི་ལྟར་བྱེད་དགོས།
དྲ་རྒྱ་ནི་བཟང་ཆ་དང་ངན་ཆ་གཉིས་ཀ་ལྡན་པ་ཞིག་ཡིན་པས།གཙོ་བོ་སུས་དེ་བཀོལ་སྤྱོད་བྱེད་པ་དང་ཇི་ལྟར་བཀོལ་སྤྱོད་བྱེད་པར་ཐུག་ཡོད།དྲ་རྒྱའི་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་ཚོད་འཛིན་ལེགས་པོ་བྱེད་དགོས་ན།ཐོག་མར་སེམས་ཁམས་བཟང་པོ་ཞིག་ཡོད་དགོས།དྲ་རྒྱར་དབྱེ་ཞིབ་ལེགས་པོ་བྱེད་པ་དང་དྲ་རྒྱའི་དབྱིངས་ཞུགས་མཁན་གྱི་མིའི་སེམས་ཁམས་ཁྱད་ཆོས་དང་ཟུང་དུ་སྦྲེལ་ཏེ།རྒྱུ་མཚན་ངོ་མ་བཙལ་བ་དང་།ན་གཞོན་དང་ལོ་ཆུང་རྣམས་ཀྱི་བསམ་བློ་དང་ཁྱིམ་ཚང་།སྤྱི་ཚོགས།སློབ་གྲྭ་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྔོན་འགོག་དྲ་བ་ཞིག་བཟོ་དགོས།ན་གཞོན་དང་ལོ་ཆུང་རྣམས་ཀྱི་བསམ་བློའི་དགོས་མཁོ་ལ་མཐོང་ཆེན་བྱེད་པ་དང་།ཁོ་ཚོར་སེམས་ཁམས་སྟེང་གི་དཀའ་ཁག་སེལ་རོགས་བྱས་ཏེ་བསམ་བློའི་གོ་རྟོགས་ཇེ་མཐོ་དང་བདེ་ཐང་གི་མི་གཤིས་ཤིག་སྐྱེད་སྲིང་བྱེད་རོགས་བྱེད་དགོས།
1.སློབ་གྲྭའི་འགན་ཁུར།
སློབ་གྲྭས་སློབ་གསོའི་ཕྱོགས་ནས་བྱིས་པར་མི་གཤིས་བཟང་པོ་ཞིག་ཆགས་པར་དོ་སྣང་བྱེད་དགོས་པ་དང་།སློབ་མའི་གནོན་ཤུགས་ཇེ་ཡང་དུ་གཏོང་དགོས།སློབ་མར་བསམ་བློ་བརྗེ་རེས་བྱེད་པའི་ཁོར་ཡུག་ཡངས་པོ་ཞིག་བསྐྲུན་ཏེ་སེམས་ཁམས་བཟང་པོ་ཡོད་དུ་འཇུག་དགོས།དེ་མིན་ད་དུང་བྱ་འགུལ་འདྲ་མིན་སྣ་ཚོགས་རྩ་འཛུགས་བྱས་ནས་སློབ་མའི་སྤྲོ་བ་རྒྱ་སྐྱེད་པ་དང་གྲོགས་པོ་སྒྲིག་ཏུ་བཅུག་ནས།དྲ་རྒྱར་གཡེང་ཚད་ཇེ་ཉུང་ནས་ཡང་ན་མིད་པར་བཟོ་དགོས།
2.ཁྱིམ་བདག་དང་སློབ་མའི་འགན་ཁུར།
དྲ་རྒྱར་ངོས་འཛིན་ཡང་དག་བྱེད་དགོས།དྲ་རྒྱ་དེ་ང་ཚོར་མཚོན་ན་བཟང་ངན་གཉིས་ལྡན་ཅན་ཞིག་ཡིན་པ་ཤེས་དགོས།
①འཆར་གཞི་བཟོ་བ།དྲ་རྒྱར་ཞུགས་པའི་དུས་ཡུན་ལ་ཚོད་འཛིན་བྱེད་དགོས་པ་དང་།ཆེས་རིང་ནའང་དུས་ཚོད3གྱི་ཡན་ལ་ཞུགས་མི་རུང་བ།
②བསམ་བློ་བརྗེ་རེས་ཕྱོགས་སུ་ཤུགས་སྣོན་དགོས་པ།གཉེན་ཉེ་བར་དུ་བསམ་བློ་རྗེས་རེས་བྱེད་ཚད་ཇེ་མང་དུ་བཏང་སྟེ།སློབ་མའི་བསམ་པར་རྒྱུས་ལོན་བྱེད་པ་དང་དུས་རྒྱུན་གྱི་ཁ་བརྡ་བརྒྱུད་དེ།བྱིས་པར་ཁྲིད་སྟོན་ཡང་དག་བྱེད་དགོས།
③སློབ་མའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ།དོན་དག་ཐག་གཅོད་པའི་ནུས་པ་སྐྱེད་སྲིང་བྱས་ཏེ།གནོན་ཤུགས་ཇེ་ཡང་དུ་གཏོང་བའི་ཐབས་ལམ་འཚོལ་དགོས།སློབ་སྦྱོང་བྱས་ཏེ་ངལ་དུབ་བྱུང་བའི་སྐབས་སུ།གླུ་དབྱངས་ལ་ཉན་པ་དང་ཡང་ན་ལུས་སྦྱོང་བྱེད་པ།ཡང་ན་མི་མིད་ལུང་སྟོང་དུ་སོང་ནས་སྐད་ཅོར་རྒྱག་པ་བཅས་བྱེད་དགོས།དེང་སྐབས་ཀྱི་སློབ་མར་མཚོན་ན།གལ་སྲིད་སློབ་སྦྱོང་གི་གྲུབ་འབྲས་ཇེ་ཞན་དུ་སོང་ན།དགེ་རྒན་གྱིས་མཐོང་ཆུང་བྱེད་པ་དང་ཁྱིམ་བདག་གིས་གཤེ་གཤེ་གཏོང་ངེས་པས། སློབ་མས་ཀྱང་རང་ཉིད་ལ་དམའ་འབེབས་བྱེད་པའི་སེམས་ཁམས་འབྱུང་སླ།སློབ་མའི་གནོན་ཤུགས་ཚད་དང་རན་པའི་སྒོ་ནས་ཇེ་ཡང་དུ་བཏང་ནས་སློབ་མར་སློབ་སྦྱོང་ཁྲོད་ཀྱི་སྤྲོ་བ་འཚོལ་དུ་འཇུག་པ་དང་།སློབ་སྦྱོང་དང་ལུས་སྦྱོང་།གྲོགས་པོ་སྒྲིག་པ་སོགས་མངོན་སུམ་འཚོ་བའི་བྱ་འགུལ་ཁྲོད་ཀྱི་སྤྲོ་སྐྱིད་ལ་རོལ་མྱོང་གང་ལེགས་བྱེད་དུ་བཅུག་སྟེ།དྲ་རྒྱར་ཞེན་མི་ཆགས་པ་བྱེད་དགོས།
④སློབ་མའི་རང་རྟོགས་རང་བཞིན་དང་ཁེར་རྐྱང་རང་བཞིན་སྐྱེད་སྲིང་བྱེད་དགོས།ཁྱིམ་བདག་གིས་བྱིས་པར་ཁྱིམ་ཚང་གི་ལས་དོན་ནང་ཞུགས་པའི་དབང་ཆ་སྟེར་དགོས་པ་དང་།ལྷག་པར་ཁྱིམ་ལས་ནང་ཞུགས་སུ་འཇུག་དགོས་ལ། ཚད་དང་རན་པའི་སྒོ་ནས་ཁྱིམ་ཚང་ནང་གི་འགན་ཁུར་འཁུར་དུ་འཇུག་དགོས།ཁྱིམ་བདག་ལ་མཚོན་ན།བྱིས་པའི་གདམ་གསེས་ལ་བརྩི་འཇོག་བྱེད་དགོས་པར་མ་ཟད།ད་དུང་བྱིས་པའི་བྱ་སྤྱོད་ལ་མཛུབ་སྟོན་ཡང་དག་བྱེད་དགོས།བྱིས་པར་མཚོན་ན་རང་ཉིད་དང་ཁྱིམ་ཚང་།སྤྱི་ཚོགས་བཅས་ཕྱོགས་ཀྱི་འགན་འཁྲི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།བྱིས་པའི་དཀའ་སྤྱད་འབད་བརྩོན་གྱི་བསམ་བློ་སྐྱེད་སྲིང་བྱེད་དགོས་པ་དང་།བར་ཆད་དང་གནོན་ཤུགས་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་དགོས།དེ་མིན་ད་དུང་བྱིས་པའི་ཧུར་བརྩོན་གྱི་སེམས་ཁམས་སྐྱེད་སྲིང་བྱས་ཏེ་དངོས་ཡོད་ཀྱི་ཁོར་ཡུག་དང་དཀའ་ངལ།བར་ཆད་བཅས་ཐག་གཅོད་བྱེད་ཕོད་དགོས།
⑤འཆམ་མཐུན་ཅན་གྱི་ཁྱིམ་ཚང་ཁོར་ཡུག་ཅིག་བཟོ་དགོས།ཁྱིམ་ཚང་གི་ཁོར་ཡུག་ངན་པ་དེས།སློབ་མ་ཁྱིམ་ཚང་དང་ཁ་འབྲལ་འདོད་པ་དང་སློབ་གྲྭ་དང་ཁ་འབྲལ་འདོད་པའི་བསམ་པ་བྱུང་སྟེ།ཐལ་ཆེ་དྲགས་པ་དང་ཕམ་ཁ།རང་དམན།གཞན་པར་དོ་ཁུར་མི་བྱེད་པ་བཅས་ཀྱི་བསམ་བློ་འབྱུང་བ་དང་།དེས་སློབ་མ་དྲ་རྒྱར་ཞུགས་འདོད་ཀྱི་སེམས་ཁམས་ཇེ་དྲག་ཏུ་གཏོང་ངེས་ཡིན།
⑥དགོས་མཁོ་ཡོད་དུས་སེམས་ཁམས་སྨན་པ་དང་སློབ་གསོ་ཕྱོགས་ཀྱི་ཆེད་མཁས་པ་སོགས་ཆེད་ལས་མི་སྣ་ལ་བརྟེན་ནས་བྱིས་པར་མཛུབ་སྟོན་བྱེད་དགོས།སེམས་ཁམས་བློ་འདྲི་དང་སེམས་ཁམས་སྨན་བཅོས་ཀྱི་བྱེད་ཐབས་བརྒྱུད་དེ་དྲ་རྒྱའི་དབྱིངས་ཞུགས་པ་བསམ་པའི་གཏིང་ནས་གཅོད་དགོས།དེ་ལ་ཤེས་རྟོགས་གསོ་བཅོས་བྱེད་པ་སྟེ།སློབ་མར་དྲ་རྒྱའི་དབྱིངས་ཞུགས་པའི་གནོད་འཚེ་ཤེས་སུ་བཅུག་ནས།དྲ་རྒྱའི་དབྱིངས་དེ་མིད་པར་གཏོང་བའི་ཧུར་བརྩོན་རང་བཞིན་དང་འགུལ་ཤུགས་བསླང་དགོས།ཡང་ན་སྨན་བཅོས་ལག་རྩལ་བརྒྱུད་དེ་མ་ལག་ཅན་གྱི་ཁ་འབྲལ་བྱེད་དགོས།དགོས་མཁོ་ཡོད་དུས་སྨན་རྫས་ངེས་ཅན་ཞིག་ལ་བརྟེན་པ་དང་ཡང་ན་ཁོར་ཡུག་བརྗེ་བ་དང་།དམིགས་བསལ་ཅན་གྱི་སྦྱོང་བརྡར་ཚོགས་པའི་ནང་ཞུགས་སུ་འཇུག་དགོས།
དུས་མཚུངས་སུ་ཁོ་ཚོར་དངོས་ཡོད་འཚོ་བ་ནང་དུ་སྤྲོ་སྣང་དང་གྲུབ་འབྲས།བདེ་སྐྱིད་བཅས་འཚོལ་རོགས་བྱས་ཏེ།བདེ་ཐང་ཅན་གྱི་དགའ་ཞེན་དང་ངལ་གསོའི་རོལ་རྩེད་བྱེད་སྟངས་ལ་བརྟེན་ནས་དྲ་རྒྱའི་དབྱིངས་ལས་ཐར་དུ་འཇུག་དགོས་སོ།།
(རི་མོ་འདོན་སྤྲོད་བྱེད་མཁན།ཧྲའོ་རྨིན་ཀྲེན།)